༄༅། ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམས་ཐར་རྒྱས་པ་བཞུགས་སོ།།

发布时间:2018-07-06 10:00:56

༄༅། ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམས་ཐར་རྒྱས་པ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི།

རྒྱ་ཆེན་ཚོགས་གཉིས་ཆུ་གཏེར་དབྱིངས་ལས་འཁྲུངས། འཕགས་ཚོགས་རྒྱལ་སྲས་གླིང་བཞིའི་དབུས་ན་མཛེས།

དཔག་ཡས་ཡོན་ཏན་བང་རིམ་གྱིས་འཕགས་པ། ཐུབ་བསྟན་གསེར་གྱི་ལྷུན་པོ་དེ་ལ་འདུད།

ལྷ་ལས་རབ་བྱུང་ལྷ་ཡི་བླ་མ་སྟེ། མཁྱེན་བརྩེའི་ཡེ་ཤེས་གསལ་བས་ཉི་མའི་རིགས།

འཕྲིན་ལས་འོད་ཟེར་འབུམ་གྱིས་མི་འཇེད་ཁྱབས། དེ་ལྟར་རྣམ་ཐར་ཕྱོགས་བཅུར་སྤེལ་ལ་སྤྲོ། །

འདིར་བོད་ཀྱི་ལྷ་བཙན་པོ། ཀྱི་ལྡེ་ཉི་མ་མགོན་ལ་སྲས་མགོན་གསུམ་འཁྲུངས་པའི་བར་པ་ནི། བཀྲ་ཤིས་མགོན་ཡིན་ལ། དེ་ལ་སྲས་གཉིས་འཁྲུངས་པ་ནི། གཅེན་འཁོར་རེ་དང་། གཅུང་སྲོང་ངེ་གཉིས་ཡིན་ནོ། གཅེན་འཁོར་རེས་པུ་ཧྲངས་ལ་མངའ་མཛད། (1a.) གཅུང་སྲོང་ངེས་གུ་གེ་ལ་མངའ་མཛད། སླར་གཅུང་སྲོང་ངེ་རབ་ཏུ་བྱུང་བ་ནི། ལྷ་བླ་མ་ཡེ་ཤེས་འདི་ཉིད་དོ། བོད་ཁམས་ཀྱི་མཁས་པ་མང་པོས་གཅེན་འཁོར་རེ་རབ་ཏུ་བྱུང་བ་ནི། ལྷ་བླ་མ་ཡེ་ཤེས་འོད་ཡིན་ནོ་ཞེས་གསུངས་པ་ནི། ཅུང་ཟད་མཉམ་པར་མ་བཞག་པ་སྟེ། མི་ལྷའི་ཞིག་ཚེམ་དང་སྐོས་ཆེན་པོ་མཛད་པའི་དྲིལ། རང་རང་གི་ཆོས་རྟགས་ཀྱིས་མནན་པ་དུ་མ་ལས། ཅུང་རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའ་ལྷ་བླ་མ་ཡེ་ཤེས་འོད། གཅེན་མངའ་བདག་ཆེན་པོ་འཁོར་རེ་བཙན་དང་། ལྷ་སྲས་དེ་བ་རཱ་ཛཱ། ལྷ་སྲས་ནཱ་ག་རཱ་ཛཱ། ལྷ་སྲས་ལྷ་ལྡེ་བཙན། ལྷ་སྲས་ཨུ་དྷ་རཱ་ཛཱ། ལྷ་སྲས་ཧམ་ཟླས་སྐུ་མཆེད། ཁུ་དབོན་ཡབ་མཆེད་རྣམས་གདན་འཛོམས་ནས། ཅེས་དང་། བསྟོད་ཀྱི་རྒྱལ་རབས་རྣམ་གཞག་ཚད་མ་རྣམས་ལས་ཀྱང་འདི་བཞིན་དུ་འབྱུང་བའི་ཕྱིར་རོ། དེས་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་འདི་ནི། བསྟན་པ་ལ་བྱ་བ་ཆེར་མཛད་ཅིང་། རྒྱལ་བས་མདོ་རྒྱུད་དུ་མ་ལས་ལུང་བསྟན་པའི་བདག་ཉིད་ཡིན་ཏེ། དེ་སྐད་དུ་ཡང་། འཇམ་དཔལ་རྩ་རྒྱུད་ལས།

ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། (2a.) །གངས་ཅན་རི་ཡི་ནང་གནས་པ།

རྒྱལ་པོ་ལྷ་ཡི་བླ་མ་ཞེས། །ཤཱཀྱ་ཡིས་ནི་རིགས་ལས་འཁྲུངས།

དེ་ཡང་སྔགས་ཀྱི་དོན་བསྒྲུབས་སྟེ། །ཆོས་དང་ལོངས་སྤྱོད་ལྡན་པར་འགྱུར།

རིག་པ་ལོངས་སྤྱོད་ལྡན་ཞེས་པ། །མི་ཡི་བདག་པོས་དེའང་འགྲུབ།

ལོ་ནི་བརྒྱད་བཅུར་རྒྱལ་སྲིད་བྱེད། ཅེས་དང་།

སྙིང་རྗེ་པད་དཀར་ཆེ་བ་ལས། ཀུན་དགའ་བོ། ང་འདས་པའི་དུས་ན། མ་འོངས་པ་ན། བྱང་ཕྱོགས་ཀྱི་བརྒྱུད། ཁ་བ་ཅན་གྱི་ཡུལ། སྤོས་ཀྱི་ངད་ལྡན་པའི་འགྲམ་དུ། དགེ་སློང་ཡེ་ཤེས་འོད་ཞེས་བྱ་བ་བྱུང་སྟེ། དེ་ནི་མང་དུ་ཐོས་ཤིང་། འདུལ་བ་དང་། མདོ་དང་། མ་མོ་འཛིན་པ། གཞུང་འཛིན་དུ་འཇུག་པར་འགྱུར་གྱི། ངའི་བསྟན་པ་རྒྱས་པར་བྱེད་དོ། ཞེས་གསུངས་ལ། ལོ་ཆེན་གྱི་སློབ་མ། ལྕེ་ཞར། རྩ་སྐྱ་པ། འཛིམ་པ། རྗེ་བཙུན་ས་སྐྱ་པ་གོང་མ་རྣམས་ནི། རྩ་རྒྱུད་ལས། ཁ་བ་ཅན་གྱི་ལྗོངས་སུ་རྒྱལ་པོ་འོད་ཀྱི་མཐའ་ཅན་འབྱུང་ངོ་། ཞེས་ལུང་དུ་དྲངས་པ་ཡང་། ཁ་བ་ཅན་དུ་རྒྱལ་པོའི་རིགས་ཡེ་ཤེས་འོད་ཅེས་བྱ་བ་ (2b.) རབ་ཏུ་བྱུང་སྟེ། དེས་ངའི་ཆོས་རྣམས་དར་བར་འགྱུར་རོ། ཅེས་དང་།

ཞི་བ་འོད་ཀྱིས།

སྔོན་གྱི་སྨོན་ལམ་ཐུགས་རྗེའི་དབང་གིས་ན། །ལྷ་རིགས་བྱང་ཆུབ་སེམས་དཔའི་སྤྲུལ་བ་སྟེ།

ས་སྟེངས་རྒྱལ་པོའི་རྒྱལ་པོར་སྐུ་སྤྲུལ་པ། །འགྲོ་བ་སྐྱོབ་ཕྱིར་ཁྱིམས་གནས་སྤངས་པ་ཡི།

བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །མངའ་རིས་བསྟོད་འདི་འདུལ་བའི་དོན་དུ་འབྱུང་།།

ཞེས་གསུངས་པ་ལྟར། བོད་ཀྱི་ལྷ་བཙན་པོ་ཡེ་ཤེས་འོད་འདི་ནི། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་འབྱུང་བ་དང་། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱི་དཔལ་དུ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་དང་མཁྱེན་རབ་ཀྱི་སྤྲུལ་བ་ཡིན་ནོ།

བསྔགས་པས་སྨྲས་པ།

ས་ཆེན་རྒྱ་མཚོ་བཞི་ཡི་སྐེ་རགས་ཅན། རྩི་ཤིང་ལོ་འབྲས་ཇི་ཙམ་བགྲང་ཡས་ལྟར།

གང་གིས་ཡོན་ཏན་རིན་ཆེན་དཔག་ཡས་ཀྱང་། གུས་པས་ཆ་ཙམ་བརྗོད་ལ་ཀུན་དགའ་སྐྱེད། །

དེའང་སེམས་དཔའ་ཆེན་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་ནི། དོན་གསུམ་གྱིས་བསྡུས་ཏེ། གཞོན་ནུའི་དུས་ཀྱི་མཛད་པ་དང་། ཁྱིམ་པའི་ཚུལ་གྱིས་ས་ཆེན་པོ་ཆོས་བཞིན་དུ་སྐྱོང་བའི་རྒྱལ་ཐབས་སུ་མཛད་པའི་དབང་དུ་བྱས་པ་དང་། ཐར་པར་གཤེགས་ཏེ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ (3a.) དར་རྒྱས་སུ་མཛད་པའི་ཚུལ་ལོ།

སྨྲས་པ། ཁྲི་ལྡེ་སྲོང་བཙན་མེ་མོ་ལུག་ལ་འཁྲུངས། །སོ་གཅིག་ས་གླང་པ་ལ་བསྙེན་པར་རྫོགས།

ཐུབ་བསྟན་དར་རྒྱས་མཛད་ནས་གྱ་ལྔ་པ། །ས་མོ་ལུག་ལ་མཐོ་གླིང་གནས་སུ་གཤེགས།

འགའ་ཞིག་དོན་གསུམ་ལྕགས་ལུག་ལ་འདས་དང་།།ས་ལུག་ལ་ལྟམ་རེ་གཅིག་ས་ལུག་ལ།

ཞི་བར་གཤེགས་ཅེས་དབུ་སྡེའི་མཁན་པོས་གསུངས་སོ།

སྔ་མ་རྩ་རྒྱུད་ལུང་དང་མཐུན་པ་གཞན། ཤཱཀྱའི་རིགས་བཀྲ་ཤིས་མགོན་གྱི་བཙུན་མོ་ཟངས་ཁ་མ་ཁབ་ཏུ་བཞེས་པ་ལ། སྲས་གཉིས་འཁྲུངས་པའི་གཅུང་སྲོང་ངེ་འདིའི་གཞོན་ནུའི་དུས་ཀྱི་རྣམ་པར་ཐར་པ་ནི། མེ་མོ་ལུག་ལ་སྐུ་ལྟམ་སྟེ། དེའི་ཚེ་ཀླུ་ཡི་རྒྱལ་པོ་ཡིད་བཞིན་ཀྱི་ནོར་བུ་རིན་པོ་ཆེས་གཙུག་བརྒྱན་བྱས་ཤིང་། གཞན་རྒྱན་སྣ་ཚོགས་པོས་སྤྲས་པ་གཅིག་གིས། དུང་དཀར་པོ་གཡས་སུ་འཁྱིལ་བའི་ནང་དུ། ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་གྱིས་སྐུ་ཁྲུས་གསོལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དོ། ས་ཆེན་པོ་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོར་མངོན་པར་དབང་བསྐུར་བར་བྱའོ། དེ་སྐད་དུ་ཡང་དྲིལ་དཀར་ཟླ་བ་ལས། (3b.) འཛམ་གླིང་ས་སྒང་གླང་པོ་ལ་སོགས་པའི་ཁ་ནས་འབབ་པའི་ཆུ་བོ་བཞི་ཡི་མགོ མ་དྲོས་གཟི་ཆེན་མ་སྤང་བདེ་གཤེགས་རྣམས་ཀྱི་བཅགས་ཤིང་བྱོན་པའི་གནས། ཏེ་སེ་གངས་སྙན་ཤེལ་གྱི་མཆོད་རྟེན་དབང་ཕྱུག་ཆེན་པོའི་གཏི་གནས་པ། ན་སྙིལ་སྤོས་ངད་ལྡན་པའི་རི་བརྒྱུད་རྩེ་མོ་བརྒྱ་པར་གྲགས་པ་དང་། དེ་གཞན་ལ་གསེར་གྱི་འབྱུང་ཁུངས་གི་སྐོར་ཆུ་བོ་བརྒྱ་པའི་འགྲམ། བསྟོད་ཀྱི་མངའ་རིས་སྐོར་གསུམ་ཡངས་རྩེ་པུ་ཧྲངས་གུ་གེའི་ཡུལ་གྱི་དབུས། དེ་ལྟའི་གནས་སུ་ཡབ་མེས་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་ཏེ། དེའི་སྐུ་ཆེའི་ཡོན་ཏན་རྒྱ་མཚོའ་ལྟ་བུ་ལས་ནི་ཐིགས་པ་ཙམ་བརྗོད་པ།

བཀྲིས་དུང་དཀར་གཡས་སུ་འཁྱིལ་བ་ལས། །ཆུ་རྒྱུན་བྲེངས་ཏེ་ཀླུ་ཡིས་དབང་བསྐུར་བ།

བླ་མ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད། །ཐུགས་སྒམ་དཀྱིལ་ཆེ་ལྷ་རིགས་འཕྲུལ་གྱི་རྒྱུ།

སྐྱེ་བས་ཐོབ་པའི་ཤེས་རབ་མཆོག་མངའ་བ། ། ཤེས་བྱ་མཐའ་དག་ལ་ནི་རྨོངས་མི་མངའ།

བཀའ་དང་འགལ་བའི་སྔགས་ལོག་བོན་སྨྲ་དང་། །སྦྱོར་སྒྲོལ་ལ་སོགས་ཡང་དག་ལུང་གིས་བཀག

མངའ་རིས་བོད་ཁམས་དཀར་ (4a.) པོར་ཡོངས་བསྒྱུར་ནས། །འགྲོ་བ་དཔག་ཏུ་མེད་པ་ཐར་པར་བཙུད། རྒྱལ་སྲིད་ལོངས་སྤྱོད་རྣམས་ཀྱང་དཀོན་ཅོག་ལ། །བསྟབས་ཤིང་འགྲོ་རྣམས་སོ་སོའི་བདེ་ལ་བཀོད།

དམ་ཆོས་གསུངས་རབས་སྔར་བྱུང་བཞི་རྣམས་ཀྱང་། །ཅུང་ཟད་ཡན་ཆད་དོན་ཆེན་གཉེར་བས་བསགས།

མ་འགྱུར་འཆེད་ཀྱི་དམ་པར་གསར་འགྱུར་ནས། །ཐེག་གཞུང་ཚང་བར་བསྒྲུབས་ནས་ཡོངས་ལ་སྟབས།

ཅེས་གསུངས་པ་ལྟར། འདི་ནི་དཀོན་གདུང་གི་མཚོ་འུར་པུན་དྷ་རི་ཀའི་མེ་ཏོག་ལྟར་འཁྲུངས་ཤིང་། བྱིས་པ་ན། མཁྱེན་པ་ཆེ། ཐུགས་སྒམ། འཇིག་རྟེན་སྐྱོང་བའི་ཐབས་ལ་མཁས། ཐུགས་རྗེ་ཆེ་བས་གཞན་དོན་གྱི་ཐབས་འབའ་ཞིག་དགོངས་པའི་མཛད་སྤྱོད། སེམས་ཅན་གྱི་བདེ་སྐྱིད་ཁོ་ནའི་ཐབས་བརྩོན་པ། སྨན་དང་གོ་ཆ་ལ་སོགས་པ་འདིར་དཀོན་པ་རྣམས་ཕྱོགས་གཞན་ནས་ཚོལ་ བ། མངའ་རིས་མཐའ་མི་འགོང་བར་བན་སྐྱ་ཐམས་ཅད་ཀྱི་བསྲུངས་བ། སྐྱེ་བོ་མཐའ་དག་གི་འཛིང་པྲང་དང་། ཀློག་ཡིག་རྩིས་གསུམ་སློབ་པ། ལུགས་ཀྱི་བསྟན་བཅོས་རྣམས་ལ་རྩལ་སྦྱོངས་བྱེད། འབངས་ཀྱི་སྐྱེ་བོས་དགེ་བ་ཇི་ལྟར་སྤྱོད་པའི་ཚུལ་ལུགས་ཁྲིམས་སུ་བྱ་བ་དང་། བཅུ་བཞེས་དུས་སྐུ་གསུང་ཐུགས་ཀྱི (4b.) བརྟེན་བཞེངས་པའི་གཟོ་རིགས་རྣམས་ཀྱང་ལེགས་པར་སྦྱངས་ཤིང་ཕུལ་དུ་ཕྱིན་པ་ལ་བསླབས་ཅིང་། དེ་དག་གི་ཡོན་ཇི་ལྟར་བྱ་བ་ལ། རི་མོ་མཁན་གཟུགས་ལེགས་པར་བྲིས་ཅིང་བཟབས་ན། གསང་བ་རབ་གནས་རན་པའི་དུས། ཞག་བཅོ་ལྔ་ལ་སྲང་གཅིག་གི་ཐང་དུ་བཅལ་ཏེ། མ་བཟབས་ན་ཡོན་གྱི་སུམ་ཆ་དབྲི་སྟེ། དཀོན་ཅོག་གི་མངའ་མཛད། ལྷུགས་མཁན་དང་། ལྡེར་གཟོ་མཁན་གྱིས་གཟུགས་ཁྱིམ་དང་། དབྱིབས་དང་། ཕྱི་བརྡར་བཟབས་ན་བྱེད། སླ་ཆོས་སུ་བགྱིད་ན་ཡོན་གྱི་བཞི་ཆ་དཀོན་ཅོག་གི་མངའ་མཛད། བཟབས་ནས་ཡོན་དམར་སྲང་གཅིག་གི་ཐང་དུ་བཅལ་ལོ། གསེར་སྐུ་ལ་ན་བཟའ་གང་གསོལ་གྱི་སུམ་འགྱུར་དུ་བགྱིད། རྒྱན་ཅན་དང་། ཕྱག་མངས་ལ་དྲུག་འགྱུར་དང་། བཅུ་གཉིས་འགྱུར་འབུལ། མ་བཟབས་ན་བཞི་ཆ་དཀོན་ཅོག་གི་མངའ་མཛད། གསུང་རབ་བྲི་བའི་བླ་ཞུས་ནི་ཡིག་མཁན་དངོས་ཀྱིས་བགྱིད། ཡི་གེ་འབྲུ་ཚུགས་བཟབ་པར་བྲིས་ཏེ་ཕྲ་བ་རྣམས་ནི་གསར་སློབ་ཀྱང་བགྱིད་དུ་སྣང་། འབྲིང་དུ་ཆུད་པ་རྣམས་ཀྱིས་སྡེ་ཆེས་ཕྲ་རིམ་བཞིན་དུ་བྲིས། སླ་ཆོས་དང་སྐྱོ་ཡིག་བགྱིས་ན། ཅི་བྲིས་པའི་བཞི་ཆ་གཅིག་རང་རྒྱགས་དང་ཐུགས་དམ་དུ་འབྲི་འཚལ། ལྷག་པ་དང་ (5a.) ཆད་པ་མི་འཚམས་པ་བྱུང་ན་ཁོ་ན་དངོས། གླེགས་བུ་ལ་སྤོས་འཚལ། ཡོན་དམར་མདོ་ཕྱེད་མ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ། བམ་པོ་རེ་རེ་ལ་ཞོ་ཕྱེད་གཉིས་གཉིས་སུ་རྩིས་ནས། སྲང་དྲུག་ཅུ་རྩ་ཕྱེད་གསུམ། ཉི་ཁྲི་ལྔ་སྟོང་པ་ལ་སྲང་བཅོ་ལྔ་དང་ཞོ་ལྔ། ཁྲི་བརྒྱད་སྟོང་པ་ལ་སྲང་བཅུ་གཅིག་དང་ཞོ་གཉིས། ཁྲི་པ་ལ་སྲང་དྲུག་དང་ཞོ་གཉིས། བརྒྱད་སྟོང་པ་ལ་སྲང་ལྔ་། སླད་མ་མདོ་སྡེ་གཞན་ལ། བམ་པོ་གསུམ་ཡན་ཆད་པའི་སྡེ་ཆེ་བ་ལ། བམ་པོ་རེ་རེ་ལ་ཞོ་ཕྱེད་གཉིས་གཉིས། དེ་མན་ཆད་བམ་ཞོ་ཐང་དུ་བཙལ། གསུང་རབ་ཀློག་པའི་ཚེ། ཇི་ལྟ་བ་བཞིན་དུ་བྱུང་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། ཚར་གཅིག་ལ་སྲང་གཅིག ཉི་ཁྲི་ལྔ་སྟོང་ལ་ཞོ་གཉིས། ཁྲི་བརྒྱད་སྟོང་པ་ལ་ཞོ་ཕྱེད་དོ། ཁྲི་པ་ལ་ཞོ་རེ་འབུལ། དེ་ལས་ཚར་མང་དུ་ཀློག་ན། ཉེར་ཁྲི་པ་ལ་ནི་བཞི་སྲང་། ཁྲི་བརྒྱད་སྟོང་པ་ལ་ནི་ལྔ་སྲང་། ཁྲི་པ་ལ་ནི་བཅུ་སྲང་། བརྒྱད་སྟོང་པ་ལ་ནི་བཅུ་གཉིས་སྲང་། མདོ་སྡེ་གཞན་ནི་བམ་པོ་ཉི་ཤུ་པ་ལ་ཞོ་གཅིག་ཐང་དུ་བཙལ། འདི་ཀློག་པ་དང་དགེ་བའི་རྩ་བ་བརྒྱ་ཆེན་པོ་བགྱིད་ན་འབུམ་ལ་ཨན་གཡོགས་རས་ཡུག་རེ་ (5b.) གཞན་ཡང་འབངས་ཡོངས་མ་ཁྱག་པ། དུ་བ་རེ་ནས་འགྲམ་ཕྱིས་ཀྱི་རྩིས་སུ་བགྱིད། མངའ་རིས་སུ་ཀུན་ལ་སྙོམ་ཤིང་། དབྲི་སྐོལ་གྱི་ཤལ་ཅི་ཆུང་དུ་མཛད། ཉེས་བྱེད་རྣམས་བྱེ་བྲག་ཕྱེད་པས་ཆད་པ་བགྱིད། ནོངས་པ་ཕྲ་མོ་ལུས་སྲོག་ལ་མི་བཏུག མགོས་ཆེ་བ་ཆབ་སྲིད་ལ་གནོད་པ་མན་ཆད། བཀའ་ཁྲིམས་དང་འགལ་བ་ཆ་ཕྲ་བ། དམིགས་སུ་འཕེབས་པར་མཛད་ཅིང་། ཆབ་སྲིད་ཅི་དར་གྱི་ཐབས་ལ་བརྩོན་པར་མཛོད།

ཁྱོད་ཀྱི་ལུགས་གཉིས་མཛད་པ་ཡི། །ཆ་ཙམ་རིག་པའི་ས་སྐྱོང་གང་།

སེང་གེའི་ཉལ་སྟབས་དབྱིག་གི་ཤེས། །གཞོན་ནུས་བགྱི་བར་མ་ལགས་སོ།

གཉིས་པ་ནི། སླར་ཡང་སྐུ་ནར་སོན་པ་དང་། དེ་ཉིད་ཀྱིས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས། སེང་དཀར་མ་ལ་སྲས་ལྟམ་པ་ནི། ཁྲི་ལྡེ་མགོན་བཙན་དང་། ལྷ་འཁོར་བཙན་དེ། རབ་ཏུ་བྱོན་ནས་དེ་ཝ་རཱ་ཛཱ་དང་། ནཱ་ག་རཱ་ཛཱའོ། ཡབ་སྲས་འདི་གསུམ་ནི་རིམ་པ་ལྟར། འཕགས་པ་འཇམ་དཔལ་དང་། ཉི་མ་ལྟར་སྣང་བྱེད། ཟླ་བ་ལྟར་གསལ་བྱེད་གསུམ་གྱི་སྤྲུལ་བ་ཡིན་པར་གྲགས་སོ། (6a.) བཙུན་མོ་གཅིག་ཤོས་ལ་སྲས་མོ་གཅིག་ལྟམ་པའི་མཚན་ལྷའི་མེ་ཏོག་ཅེས་བྱའོ།

དབུགས་ཀྱི་དུག་ཅན་བརྒྱ་ཕྲག་གི། མཁྱུད་པར་གྱུར་ཀྱང་ཙན་དན་ནི།

རང་གི་རང་བཞིན་བདུད་རྩིའི་ཆ། དྲི་ཞིམ་གསིལ་ངད་འདོར་བ་མིན།

དེ་ལྟར་སེམས་དཔའ་ཆེན་པོ་འདི་ནི་འཇིག་རྟེན་གྱི་མཐུན་འཇུག་ལ་དགོངས་ནས། བཙུན་མོ་ཁབ་ཏུ་བཞེས་ཀྱང་། ཐུགས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ལ་གཞོལ་བས་ཕན་བདེའི་རྩ་ལག་ཏུ་མཛད་པ་ཁོ་ན་ལ་དགོངས་པ་ནི་བདག་ཐོབ་ཉིད་དུ་གྱུར་ཏོ། སྤྱིར་ཡང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་སྲོང་བཙན་འདི་ནི། དར་མའི་དུག་ཅན་ནས་བཟུང་སྟེ་རྒྱལ་རབས་ལྔའི་རིང་དང་། ལོ་བརྒྱ་བཞི་བཅུ་རྩ་དྲུག་གི་བར་དུ། བསྟན་པ་སྔ་ཕྱིའི་ལྟེང་ཞུགས། ཁྱད་པར་མངའ་རིས་ཀྱི་སའི་ཆར་གཙུག་ལག་ནི་བོན། ཤིད་ནི་ནག་པ་ཐོ་གཅིག་བོན་ཤིད་ཁྲ་བོ། གསོན་པོ་ལོག་ཆོས་སྤྱོད་ལ། ཤིན་པོ་ལ་སྡིག་ཟོངས་སྡེབས། དམ་པའི་ཆོས་ཀྱི་མ་ཁྱབ་ཅིང་། ཆ་བཞག་པའི་དུས་སུ། གཉ་ཁྲི་བཙན་པོ་ནས་བཙམས་ཏེ། གདུང་རབས་བཞི་བཅུ་རྩ་བདུན་ནས་འདི་འཁྲུངས་པ་ཡིན་དེ། ལྷ་སྲས (6b.) ཆོས་སྐྱོང་མ་འཁྲུངས་ཡན་ཆད་ཀྱི་མཐའ་ཁོབ་ཀླ་ཀློའི་བོད་རིགས་དག་གི་ཚུལ།

བླུན་རྨོངས་སྙིང་རྗེ་མེད་པ་མཚེ་བྱེད་པའི། །ཡི་དགས་གདོན་ངན་ཐལ་བ་ལྟར་མཆོད་ཅིང་།

བརྫུན་སྨ་སྒྱུ་མའི་གཙུག་ལག་བོན་ཆོས་སྤྱོད། །གཤིན་པོའི་རྗེས་སུ་ས་འོག་དུར་ཁུང་དུ།

གསོན་སྦས་བྱེད་པས་གཤིན་ལ་སྡིག་རྫོངས་འདེབས། །ལྟ་ལོག་གཡང་སའི་མྱུར་ལྟུང་ཉོན་མོངས་མྱོས།

སྡིག་ཅན་ཉམས་ངར་འཁྱམས་པའི་ཁྲོད་ཚོགས་སུ། །ཐུགས་རྗེ་སྨོན་ལམ་དབང་གིས་གང་འཁྲུངས་པའི།

ཆོས་རྒྱལ་བླ་མ་དམ་པའི་དགོངས་སླབས་ཀྱིས། །དགའ་བ་དུ་མ་འཛམ་གླིང་མཐའ་དབུས་སུ།

འབད་པས་བརྩལ་ཏེ་རྙེད་པའི་རིན་ཆེན་གཏེར། །ཀུན་མཁྱེན་སྐྱོན་བྲལ་ཡོན་ཏན་ཡོངས་རྫོགས་པ།

འགྲོ་བ་སྐྱོབ་པ་ལྷར་མཆོད་དེ་ཡི་བཀའ། །ཡང་དག་བདེན་པའི་ལམ་སྟོན་སྒྲོན་མ་ཡི།

ལམ་གོལ་ལས་བཟློག་མ་རིག་མུན་པ་བསལ། །བོད་ཁམས་ནག་པོ་དཀར་པོར་ཡོངས་སྒྱུར་ཏོ།

ལྷ་ཆོས་བདུད་རྩིའི་རང་བཞིན་ (7a.) ཚིམ་མཛད་ནས། །མིའི་ལུས་ལ་ལྷ་ཡི་ལྷར་བསྒྲུབ་པ།

ཡ་མཚན་ངོ་མཚར་ཨེ་མ་ཧོ་སྨད་རེ་ཆེ། །ལྷའི་བྱིན་རླབས་ལྷ་རྗེར་གང་འཁྲུངས་པ།

ལྷའི་རྗེས་འབྲང་ལྷའི་ཆོས་སྤྱོད་ཅིང་། །ལྷའི་མཆོག་གྱུར་ལྷའི་དབང་བསྐུར་སྟེ།

ལྷའི་ཆོས་ལུགས་དམ་པར་དར་མཛད་པར། །རྣམ་པར་དག་པའི་ལྷའི་ལུང་བསྟན་ཅིང་།

དྲི་མ་མེད་པའི་ལྷའི་བསྟན་པ་སྐྱོང་། །ལྷ་ལ་འཁྲུངས་པར་གྱུར་པ་ལྷའི་སྲས།

ལྷའི་ལྷར་གྱུར་ཐུབ་པའི་ཐུགས་ཀྱི་སྲས། །དེ་ཕྱིར་ཆོས་སྐྱོང་རྒྱལ་པོ་རང་གི་རང་།

ལྷའི་སྲས་སུ་མཚན་གསོལ་དོན་དང་འཐུན། །

ཞེས་བྱང་ཆུབ་འོད་ཀྱི་གསུངས་པ་ལྟར། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་འདིས། ཆོས་མ་ཡིན་པ་སྤྱོད་པའི་ལོག་རྟོག་ཐམས་ཅད་ཞི་དྲག་གི་སྒོ་ནས་ཚར་སྤྱོད་པར་མཛད་པ་ཡིན་ཏེ། དེའང་དང་པོ་ཞང་ཞུང་གི་ཡུལ་འདི་བོན་གྱི་བདག་བྱས་ནས་དུར་ཤིད་ལོགས་པ་སྤྱོད་ཚུལ་སྣ་ཚོགས་དང་། ཨ་རྗོའི་བན་དྷེ་བཅོ་བརྒྱད་ཅེས་བྱ་བ། ཐམས་ཅད་སྟོང་པ་ཉིད་དེ། ཅི་ཡང་མ་གྲུབ་པས་ (7b.) ར་རོག་པོའི་ཁོག་པར་ལག་པ་བརྫངས་པ་དང་། ཕད་བུ་ནག་པོའི་ཁོག་ཏུ་ལག་པ་རྫངས་པ་ལ་ཁྱད་པར་མེད་ཅེས་སོགས་ཟེར་ཞིང་སྦྱོར་སྒྲོལ་ཆོས་སུ་སྨྲ་བ་དང་། སྡིག་པ་ལ་ཆོས་ལྟར་སྤྱོད་པ་དུ་མ་བྱུང་པ་དེ་དག་སྒྱེག་པར་མཛད་པ་ཡིན་ཏེ། ཇི་སྐད་དུ་ཡང་། ཡེ་ཤེས་རྒྱས་པའི་མདོའ་དང་། དགེ་སྡིག་སྟན་པའི་མདོའ་གཉིས་ཀ་ལས། ཚེ་འདི་ལ་བོན་བྱེད་ཅིང་འདྲེ་འོངས་སོ་ཞེས་རྫུན་ཟེར་བས་ནོར་ལེན་པ་དེ་ནི། ཤལ་མ་རིའི་དམྱལ་བར་ལྟུང་ངོ་། ཚེ་འདི་ལ་བོན་བྱས་སྟེ། མིག་གཙུམ་ནས། ཁྱེད་ཀྱི་བླ་མ་འོངས་སོ་ཞེས་བསླུ་བ་ནི་སྐྱེད་པ་བཏུབས་པའི་དམྱལ་བར་སྐྱེ་འོ། ཚེ་འདི་ལ་བོན་བྱེད་ཅིང་། སེམས་ཅན་གྱི་སྲོག་གཅོད་དུ་བཅུག་ཏེ། ལྷ་སྲིན་མཆོད་དུ་བཅུག་པ་དེ་ནི། སྟ་རེས་བསྟུབས་པའི་དམྱལ་བར་སྐྱེའོ། ཚེ་འདི་ལ་བོན་བྱེད་ཅིང་། གཤིན་ངོགས་བསྐུར་བ་དང་། ཁམས་བདེ་མི་བདེ་ལྟ་ཞིང་། གླེན་པ་བསླུས་དེ་ནོར་ལེན་པ་དེ་ནི། ལྕགས་ཀྱི་དྲ་བར་བཅུག་པའི་དམྱལ་བ་ཆེན་པོར་སྐྱེའོ། ཞེས་གསུངས་སོ། དོན་གྱི་དབང་འདི་དག་གཟིགས་ (8a.) ནས་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས་བརླན་དེ། འཇམ་བུས་ལས་ངན་པ་ལ་བཟློག་པ་དང་། སྐལ་བ་དང་ལྡན་པ་རྣམས་རབ་ཏུ་བྱུང་བ་ལ་ཅི་རིགས་སུ་སྦྱོར་བ་མཛད་ཅིང་། ཤིན་ཏུ་མི་ཟད་པའི་གདུག་པ་ཅན། ལོག་པར་སྤྱོད་པ་རྣམས་ནི་དྲག་པོས་ཚར་སྤྱོད་པར་མཛད་པ་ཡིན་དེ། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་གཅིག་ཏུ་བཅུག་དེ་ཧོཾ་ལ་གཤེགས་སུ་གསོལ་ལོ། བོན་དཔེ་འགའ་ཞིག་ནི་ཆབ་ལ་སྦྱངས། འགའ་ཞིག་ཞུགས་པར་གསོལ་ལོ། འགའ་ཞིག་དྲི་བཞོན་ལ་སྤྱན་དྲང་བར་བྱའོ།

ཁྱོད་ཀྱི་ཤེས་རབ་འབར་བའི་འོད་ཟེར་དང་། །ཕྱི་རོལ་ཤིང་ལས་བྱུང་བ་བསྲེག་ཟའི་མེས།

བོད་ཡུལ་རྨོངས་པའི་མུན་ནག་སྟུག་པོ་དང་། །བོན་སོགས་ལོག་ལྟའི་ཚང་ཚིང་མཐའ་དག་བསྲེག།

གཤིན་པོའི་དོན་དུ་ནོར་དུར་དུ་སྦེད་པའི་ལུགས་ཡོད་པ་བཀག་ནས། དགེ་བ་བྱེད་དུ་བཅུག བོན་ཉི་ཚེ་ཙམ་གཅིག་མཛད་དུ་བརྩལ་བ་ལ། བོན་པོས་ཀྱང་། སྔོན་གྱི་བོན་གཞུང་རྙིང་པ་བཞག་པ་དེ་ཉིད་ལས། བསར་ཆོས་སུ་ཆོས་བོན་བསྲེས་པ་ལྟར་མི་བགྱིད། བགྱིས་ (8b.) ན་བོན་ཡིག་བསྲེག་པའི་འོག་ཏུ་འཆད་པ་རྟ་རེ་སྤྱད། ཡོན་བདག་ལ་ནི་ལ་སྲང་གཉིས་ཀྱི་སྤྱད། ལྡམ་པོ་ལ་སྲང་གཅིག་སྤྱད། མངའ་རིས་སུ་བོན་ཤིད་ནག་ཆོས་སུ་བགྱིད་ན་མི་གནང་། བགྱིས་པ་བྱུང་ན་བོན་པོ་དུ་ཡོད་ཀྱང་སྲང་ཕྱེད་ཕྱེད། དོན་བདག་ལ་སྲང་གཉིས་ཀྱི་སྤྱད། ལྡམ་པ་ལ་སྲང་གཅིག་སྩལ། བོན་པོ་དངོས་གུམ་པ་ལ་ནི་ཤིད་ནག་ཆོས་སུ་བགྱིད་དུ་མི་གནང་། བསོན་བོན་གྱི་ཕྱུགས་བསོད་པ་སྐྱུང་། བསད་ན་ཉ་ཚས་བཞུ། རྫོགས་ཆེན་ཨ་ཏིའི་ཆོས་དགག་ཏེ། སློབ་མ་བསྡུད་ཅིང་བསོན་གཤིན་གྱི་ཆོ་ག་བགྱིད་དུ་ཡང་མི་གནང་། བགྱིད་པ་བྱུང་ན། དཔོན་སློབ་གཉིས་ལ་རྟ་གཅིག ཡོན་བདག་ལ་སྲང་རེ་བཅད། ལྡམ་པོ་བ་ལ་སྲང་གཅིག་བསྩལ། མངའ་རིས་ན་ལུང་དང་མན་ངག་གསོལ་བའི་ཕྱིན་ཅི་ལོག་སྤྱོད་ཅིང་། སློབ་མ་བསྡུད་པ་རྣམས་དགག བགྱིད་པ་བྱུང་ན། སློབ་དཔོན་ལ་རྟ་གཅིག སློབ་མ་ལ་སྲང་རེ། ལྡམ་པོ་བ་ལ་སྲང་གཅིག་བསྩལ་ལོ། དེ་ཡང་།

མེ་ཏོག་འདབ་ལྡན་ཀེ་ཏ་ཀ་ནི་སོ་ཅན་ཕལ་བས་ཟས་སུ་བྱས།

བསྐྱེས་ཉིད་ཡིན་སྤོས་ཀྱིས་གླང་པོས་ཟོས་ཏེ་དྲི་བཟང་འགྱུར།

དྲང་སྲོང་ཆེན་པོའི་ཚུལ་ (9a.) ལས་ངེས་ཤེས་ཆེར་ཐོབ་རིང་ལུགས་འཛིན།

ཁྱོད་ནི་ལོག་པར་འཁུ་བའི་དགྲ་སྟེ་སྐལ་བཟང་རྣམས་ཀྱི་གཉེན། །

ཁྲི་ལྡེ་སྲོང་གཙུག་བཙན་འདིས། པུ་ཧྲངས་སུ་ལོ་བཅུ་གཅིག་པ་མེ་མོ་ཕག་གི་ལོ་ལ། མངའ་རིས་སྐྱོང་བའི་མོལ་དུ་འགྲོས་མཛད་ནས་སྐྱ་རུའི་ཁར་ལྟག་ཏུ་གཙུག་ལག་ཁང་བཞེངས། གཡུང་དྲུང་ཁྲ་འབྲུག་ལྟར་རྡོ་ཆེན་པོ་ལ་ཐེ་སྐོས་བྱས་པ། རྗེ་བཙུན་བྱམས་པ། འཇམ་དབྱངས། སྤྱན་རས་གཟིགས་གསུམ་གྱི་སྐུ་བཞེངས། དེས་བར་ཀྱང་ཆོས་སྐོར་ནི་མ་ཚུགས། ལྷ་ཁང་གཅིག་དང་རྡོ་སྐུ་ཆེ་བ་གཅིག་བཞེངས་སོ། སླར་ཡང་། མེ་མོ་ཁྱིའི་ལོ་ལ་གཙང་གི་ཀ་པེ་ཧྲག་ཏུ། གཅེན་འཁོར་རེ། ཁྲི་ལྡེ་སྲོང་གཙུག་ཡབ་ཆེད་ཁུ་དབོན་རྣམས་གདན་འཛོམས། པུ་གུག་གི་འབངས་དྲ་མ་ཐམས་ཅད་ཚོགས། མངའ་རིས་སུ་དམ་པའི་ཆོས་ཅི་རྒྱས་ཀྱི་བཀའ་སྒྲོས་བཅད། སྲོང་ངེ་རབ་ཏུ་བཤེགས་པར་བཞེད་པས་གཅེན་གྱི་མངའ་སྐྱོང་བར་ཞུ་ཕུལ། སོ་སོར་ཁྲིམས་གཉིས་ཀྱི་བཅའ་ཡིག་ཀྱང་བསྩལ་ལོ།

གསུམ་པ ་རབ་ཏུ་བྱུང་བའི་རྣམ་པར་ཐར་བ་ནི། ཀླུའི་རྒྱལ་པོ་མ་ (9b.) དྲོས་པའི་ཞུས་པའི་མདོ་ལས། ཆེས་ཆེར་སྐྱེས་ན་རིགས་དང་ལོངས་སྤྱོད་ཀྱི་ཁེངས་པ་མེད། ལྷག་པའི་ང་རྒྱལ་མེད། ལོག་པའི་གཡོ་མི་མཛད། ཆོས་འདོད། ཆོས་དོན་དུ་གཉེར། ཆོས་ཡོངས་སུ་ཚོལ། ཆོས་དམ་པོར་རྟོག ཆོས་སྟོན། ཆོས་ལ་ནན་ཏན་བྱེད། ཆོས་བསྒྲུབ་པ་ལ་གནས་ཤིང་འཁོད་དེ། བཅུ་པོ་འདི་དག་ལྡན་པས་ནི། ངའི་བསྟན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པའོ། ཞེས་གསུངས་པ་ལྟར་དགོངས་སྟེ། རབ་ཏུ་བྱུང་བ་བཞེད་པ་ན། འགའ་ཞིག་གི་ཞུ་ཕུལ་ཡང་མ་གསན། དེ་ཡང་ཚངས་པ་དབྱིག་སེམས་ཀྱི་ཞུས་པར། གང་རྒྱ་མཚོའ་ཆེན་པོ་ནང་ན། རིན་ཆེན་ཀུན་འདུས་རྡོ་རྗེ་ཚོགས་ཞེས་བྱ་བའི་ནོར་བུ་ཆེན་པོ་ཡོད། དེ་ནི་གང་དུ་ཡང་བསྒྱུར་བར་མི་ནུས། སུས་ཀྱང་བཞིག་པར་མི་ནུས། ཉི་མ་བདུན་ཤར་ཡང་བསྲེགས་སམ་གནོད་པར་འགྱུར་བ་གང་ཡང་མེད། ངའི་སྟན་པ་ལ་བསླབ་པར་བྱ་བའི་གང་ཟག་དང་འཛིན་པ་ནི་དེ་ལྟ་བུའོ། ཞེས་གསུངས། དོན་གྱི་དབང་འདི་གཟིགས་ནས་ས་འཛིན་གྱི་དབང་ཕྱུག རང་གི་གཅེན་འཁོར་རེ་པུ་ཧྲངས་ནས། (10a.) གུ་གེར་ཕྱག་ཕེབས། གཅེན་དང་སྔ་སོར་མོལ་དུ་བསྒྲོས་པ་ལྟར། རྒྱལ་སྲིད་ཐམས་ཅད་མངའ་མཛད་པར་རྩོལ་ཏེ་ཕྱག་ཏུ་ཕུལ་། མངའ་རིས་དང་འབངས་ཀྱི་སྐྱོང་རན། འཇིག་རྟེན་གྱི་མཛད་འཕྲིན་བཅེན་པོས་མཛད་པ་ཞལ་གྱིས་བཞེས། ཡབ་སྲས་ཐམས་ཅད་ཀྱི་རབ་ཏུ་གཤེགས་པར་ཐུགས་ཐག་གཅད། སླར་ཡང་གཅུང་སྲོང་ངེ་དེ་ཉིད་རབ་ཏུ་གཤེགས་པའི་མཁན་པོ་ནི།

ལྷག་པའི་ཚུལ་ཁྲིམས་ངུར་མིག་གོས་ཀྱིས་སླུབས།

ལུང་རྟོགས་ཡིད་བཞིན་རིན་ཆེན་ནོར་བུས་བརྒྱན།

ཐུབ་དབང་བསྟན་པའི་རྒྱལ་མཚན་དཔལ་འབར་བའི།

གནས་བརྟན་འདུལ་འཛིན་གཞོན་ནུ་འོད་དེ་མཆོད།།

དེ་ལྟར་ས་མོ་གླང་གི་ལོ་ལ། འདུལ་བ་འཛིན་པ་རྣམས་ཀྱི་མཆོག མཁན་པོ་ཆེན་པོ་ཞེས་གནས་བརྟན་ཀུ་མ་ར་བྷ་ཊའི་དྲུང་དུ། རབ་ཏུ་བྱུང་བ་དང་། སྙེན་པར་རྫོགས་པ་གཅིག་ཅར་དུ་མཛད་དེ། ཡེ་ཤེས་འོད་དུ་མཚན་གསོལ།

རྟག་ཏུ་མཉམ་པར་མ་བཞག་སྤྲོས་པས་དབེན། །གཞན་དོན་ལྷུན་གྲུབ་འགྲོ་བའི་བླ་མ་དེ།

རྣམ་དག་དྲུང་གཤེགས་གཞོན་ནུ་དོན་གྲུབ་བཞིན། །སྲིད་པའི་ཉེས་པ་ལྗི་བའི་ (10b.) གོ་སྐབས་ཅི། །

དེའང་སྔོན་ཐུབ་པའི་དབང་པོས་ཉན་ཐོས་རྣམས་ལ་ཚུར་ཤོག་གི་སྙེན་པར་རྫོགས་པ་ལྟར། ལུས་ངག་དང་དབང་པོ་དུལ་ཞིང་མཛེས་པ། ངུར་མིག་དང་། འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏེ།

ཁྱོད་ཐུགས་དྲི་བྲལ་དག་པའི་ཤེལ། །སྤོང་སེམས་ཆབ་ཀྱི་ཉེས་སྐྱོན་བཀྲུས།

མི་བསྲུན་ཡིད་ཀྱི་གླང་པོ་ཆེ། །དྲན་ཤེས་ལྕགས་ཀྱུས་དུལ་བར་བྱས།།

རྣམ་ཐར་འགའ་ཞིག་ཏུ། ཁྲིམས་འཇགས་མ་འཇགས་གཟིགས་པའི་ཕྱིར་དུ། གཅིག་པུར་རོང་ཕྱོགས་སུ་ཕེབས་པས། ལ་གཅིག་གི་རྩེ་མོར་རྐུན་པོས། ཕྱུགས་བསད་མ་ཁད་ཀྱི་མགོ་དང་། ཤ་ཁྲག་ཁྱེར་འོང་བ་དང་འཇལ། ཅི་ཡིན་དྲིས་པས། ཁོ་ན་རེ། རྒྱལ་པོ་སྡིག་ཅན་གྱི་ཁྲལ་མ་འཁོར་བས། སྐུར་ཕྱིན་པ་ཡིན་ཟེར། མོད་ལ་འཁོར་བ་ལ་ཅིར་ངེས་འབྱུང་རྟག་པོ་དང་། སེམས་ཅན་ལ་སྙིང་རྗེ་ཆེན་པོ་འཁྲུངས། དེ་ནས་འཁོར་སྟེ། སངས་རྒྱས་ཀྱི་བརྟེན་གྱི་དྲུང་དུ། རང་བྱུང་གི་སྙེན་པར་རྫོགས་པ་མད་དོ། ཞེས་འབྱུང་ཡང་། སྟོད་འདུལ་འཛིན་གྱི་བླ་རབས་རྣམས (11a.) ལས། གོང་ལྟར་བྲིས་པས། དག་ཅིང་ལེགས་པར་བཤད་པ་ཡིན་ནོ། དེའི་ཚེ་ལོ་ཆེན་གྱི་དགུང་ལོ་བཅུ་གསུམ་པ་ལ་གནས་བརྟན་ལེགས་པ་བཟང་པོའི་དྲུང་དུ་དགེ་ཚུལ་མཛད། རིན་ཆེན་བཟང་པོར་མཚན་གསོལ། བཅུ་བདུན་པ་ལ་འཁོར་མཁའ་འགྲོ་མས་ལུང་བསྟན་པ་བཞིན། དཔོན་གཡོག་གཉིས་ཀྱི་ཁ་ཆེར་བྱོན་བྲམ་ཟེའི་གོང་དུ་ཟླ་བ་གཅིག་འཕྲལ་སྐད་སླབས། དེ་ནས་གྲོང་ཁྱེར་ཏ་མ་ལར་བྱོན་དེ། ཤྲཱ་དྷ་ཀ་ར་ཝརྨ་དང་འཇལ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཡོ་ག་རྡོ་རྗེ་དབྱིངས་ཀྱི་དལ་དུ་དབང་བསྐུར་བ་ཞུས། མེ་ཏོག་རྡོ་རྗེ་རྣོན་པོ་ལ་ཕོག དེ་རྗེས་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དབང་དཀྱིལ་འཁོར་གྱི་ཆོ་ག འཇམ་དབྱངས་ཀྱི་དངོས་སློབ་མར་མེ་མཛད་ཆེན་པོས་མཛད་པ། འཇིག་རྟེན་སྣང་བྱེད་ཀྱི་སྟེངས་ནས་རྐང་ཚུགས་བསན། སྔགས་སྡོམ་རྣམ་པར་དག་པ་དང་ལྡན་པར་མཛད། གཞན་དབང་ལུང་དུ་མ་དང་། རྒྱུད། མན་ངག མདོ་དང་། འབྲེལ་བ་ལ་སོགས་པའི་བཤད་སྲོལ་མང་དུ་གསན། དེ་ནས་རྗེ་བཙུན་ན་ར་ཏོ་པ་ལས། བདེ་མཆོག་ལ་སོགས་པའི་བླ་མེད་ཀྱི་དལ་རྣམས་སུ་དབང་བསྐུར་དང་། རྒྱུད་དང་། ༤ མན་ངག་ལ་སོགས་པ་མང་དུ་གསན། རྒྱ་གར་ཤར་ནུབ་ཆུ་བཞིན་དུ་བྱུགས་སྟེ། པཎྜི་ཏ་དུ་མའི་ཞབས་ལ་བཏུགས། (11b.) འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པའི་ཆོས་ཚུལ་དུ་མ་བསན་ཅིང་། ལེགས་པར་ཐུགས་སུ་ཆུད། བསྟན་པ་མཐའ་དག་གི་བདག་པོར་གྱུར་ཏེ། བོད་ཡུལ་དུ་ཆགས་ཕེབས། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྦྱིན་བདག་དུ་མཛད་ནས། སྔགས་མཚན་ཉིད་ཐམས་ཅད་ལ་བཤད་བསྒྲུབ་ཀྱི་གྲྭ་ཆེན་པོ་ བརྩུགས། ལོ་ཆེན་དགུང་ལོ་སུམ་བཅུ་སོ་བགྲངས་ཀྱི་དུས་སུ། འགྲོ་བ་མ་འདུལ་བ་ལ་དགོངས་ནས། ཡོ་གའི་དབྱངས་མང་དུ་བརྩམས། མྱང་བསྟོད་ཀྱི་རྐྱང་བུ་ཆོས་ཀྱི་བློ་གྲོས། མྱང་སྨད་ཀྱི་སྤྲེའུ་ཆུང་བ། ལྕེ་ཞར། རྩེ་སྐྱ་པ། བསོད་ནམས། གནུར་བ། འཇིམ་པ་ལ་སོགས་དབུས་གཙང་གི་སློབ་མ་ཤིན་དུ་མང་བར་བྱུང་། སྐུ་ཚེའི་སྟོད་ཀྱི་ཕྱག་ལེན་རྣམས་ཤིན་དུ་རྒྱས་ཤིང་། མཁས་པ་དེ་རྣམས་སོགས་ཐམས་ཅད་ཀྱིས་ས་ཆ་སྨད་ཕྱོགས་སུ་དར་བར་བྱས་པས་ན། ཡོ་ག་སྨད་ལུགས་སུ་གྲགས་སོ། མྱང་སྟོད་རྐྱང་ངུར་ན། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞུགས་པའི་ལྷ་ཁང་ཆེན་པོ་ན། དབུས་ན་ལོ་ཆེན་གྱི་ནང་བརྟེན་ཤཱཀྱ་ཐུབ་པའི་གསེར་སྐུ་རྒྱབ་མཐོ་བཅོ་བརྒྱད། ཁྲི་རྒྱབ་ཡོལ་དང་བཅས་པ། ལོ་ཆེན་གྱི་དབུ་སྐྲ། རྣམ་ཆར། ན་བཟའ་རྒྱ་གར་ཤར་ནུབ་ཀྱི (12a.) མཁས་གྲུབ་དུ་མའི་ཐུགས་དམ་བྱིན་རླབས་དང་བཅས་པ། རྟེན་རྫོངས་སུ་བཞུགས་ཤིང་། ལོ་ཆེན་གྱི་ནང་བརྟེན་ཆེ་བ་ནི། བོད་ན་འདི་ཁོ་ན་ཡིན་ལ། བསྟོད་འདུལ་གྱི་སྡེ་དང་། ཡོ་གའི་གྲྭ་ཆེན་པོ་བཙུགས། ད་དུང་ཡང་ཅུང་ཟད་མ་ཉམས་པ་ཡོད། སླར་ཡང་པཎྜི་ཏ་ཤྲཱདྷ་ཀ་ར་ཝརྨ་དང་། པཎྜི་ཏ་པདྨ་ཀ་ར་གུ་ཏ། བུདྷ་ཤྲཱི་ཤནྟི། བུད་དྷ་བཱ་ལ། ཀ་མ་ལ་གུ་ཏ་ལ་སོགས་པ་མཁས་པ་མང་དུ་སྤྱན་དྲངས། སྔགས་མཚན་ཉིད་ཀྱི་བཤད་གྲ་ཆེས་ཆེར་བཙུགས། ལུགས་ཀྱི་བསྟན་ཆོས་དང་། སྨན་སྤྱད་ཀྱི་གཞུང་། སྔགས་དང་། མཚན་ཉིད་ཀྱི་ཐེག་པའི་ཆོས་སྐོར་མང་དུ་བཙུགས་ཤིང་། བཤད་ཉན་གྱི་གཏན་ལ་ཕབ། ཁྱད་པར་དེ་ཁོ་ན་ཉིད་འདུས་པ་ལ་སོགས་ཡོ་གའི་ཆོས་སྐོར། གསང་བ་འདུས་པའི་བརྒྱུད་སོགས་འཕགས་ཡུལ་གྱི་བཤད་སྲོལ་རྣམས་དག་དང་། ཡེ་ཤེས་ཞབས་ལུགས་ཀྱི་ཆོས་སྐོར། བདེ་མཆོག་རྩ་རྒྱུད་ལ་སོགས་མ་རྒྱུད་ཀྱི་ཆོས་སྐོར། འཇམ་དཔལ་གཤིན་རྗེ་དང་། འཇམ་དཔལ་གྲགས་པའི་འགྲེལ་ཆེན་སོགས་མཚན་བརྗོད་ཀྱི་ཆོས་སྐོར་རྣམས་ལ་བརྩལ་དུ་བསྟོན་དེ། འཆད་ཉན་གྱིས་གཏན་ལ་ཕབ་པོ། ཤིང་མོ་ལུག་གི་དབྱར་ཟླ་འབྲིང་པོ་ལ་ (12b.) ལྷ་བླ་མ་ཡེ་ཤེས་འོད་འདི་ཉིད། ཡུལ་པུ་ཧྲངས་སུ་ཕྱགས་ཕེབས། ཝི་ཕུག་མོར་བསྟོད་སྨད་ཀྱི་མཆེད་ཁུ་དབོན་བྱིན་གདན་འཛོམ། མངའ་རིས་སྐོར་གསུམ་གྱི་འབངས། བོད་ཞང་དྲན་ཤེས་པ་ཡོ་ཚོགས། བསྟོད་ཕྱོགས་འདི་ཇི་ལྟར་བགྱིས་ན་བདེ་བ་འགྱུར། བདེ་བར་གྱུར་བའི་ཡན་ལག ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་མངའ་ནས། སྐྱེ་བོ་རྗེ་འབངས་ཡོངས་ལ་བཀའ་བསྩལ། མཆིད་གོང་དུའང་གསོལ། འབངས་སོ་སོར་ཡང་མཆིད་གྲོས་བསྩལ་དེ། སྤྱིར་བཏུན་དེ་བསྟུས་ནས། མོལ་ཆད་དཀར་ཆག་ཏུ་བགྱིས་པའི་གཞི་བོད་ཀྱི་མངའ་རིས་རྒྱ་ཁྱོན་མི་ཆེ་བ་ཞིག་ལ། བློ་བུར་བའི་རྒྱལ་པོ་གཅིག་གི་མངའ་མཛད་ནས། བོད་སྤྱི་མཐུན་གྱི་བསོད་ནམས་འཕེལ་བའི་དུས་ལ་བབ་པས། འགྲེང་མོའི་ཆོག་གི་ཆོས་ལུགས་མ་ནོར་བ་སྤྱོད། ཡུལ་དབུས་བདེ་ཞིང་ཐར་སྐྱེས། བཙན་པོ་ཞལ་གཅིག་གིས་མངའ་མཛད་པས་ནི་མངའ་རིས་ལ་ཕྱོགས་མེད། འབངས་ཡོང་རྗེ་གཅིག་ཉིད་ལ་བརྟེན་པས་ནི། ཚན་དང་རིས་སུ་མི་བྱེད་པ་ཞིག་ལས། (13a.) བར་ཞིག་ཚུན་ཆད་བོད་སྤྱི་མཐུན་གྱི་ལས་དགེ་བ་ཟད་པས། མངའ་མཛད། དབུ་གྲངས་མང་། མངའ་རིས་ཕྱོགས་བཟུང་ཞིང་། འབངས་སྐོལ་ཚན་ཆེས་པས། དབུས་རུ་གཡོན་རུའི་འཁྲུག་པ་དང་། ངག་ལོག་གི་ཁེངས་ཡན་ཆད་ཀྱིས། བཀའ་ཁྲིམས་རྣམས་ཉམས་དམས་སྟེ། རང་དབང་སིལ་བུར་གྱུར་པ་འདྲ། ཡབ་སྐུ་མཆེད་གསུམ་གྱིས་བསྟོད་ཕྱོགས་འདི་མངའ་མཛད་ན་ཡང་། ཐུན་པའི་བཀའ་གྲོས་མ་སྙེས་པ་དང་། འབངས་ཉུང་ཤས་ཙམ་གནས་པ་འདི་ཡང་། ཞིག་རླག་ཆེ་བར་སོང་། དབོན་སྲས་ཡབ་མཆེད་ཞག་མཆེད་ཞལ་གྲངས་མང་དུ་སྐུ་འཁྲུངས། མ་བྲལ་མ་ཞིག་པའི་ཐུགས་དགོངས་ཀྱང་སོ་སོ་ན་མངའ་ན། རྗེ་ཉིད་ཀྱི་ཐུགས་རྒྱ་ཆུངས་པ་དང་། འབངས་སྤུ་ཕྲས་པས་དེ་ལྟར་ཡང་མ་བཏུབ། སྔོན་གྱི་རྒྱལ་ཁྲིམས་ལྟ་བུ་མངའ་མཛད་བསྐྱུང་བའི་ཐབས་ནི་ད་བགྱིར་ཡང་མི་འཚལ། འོན་ཀྱང་། གདུང་རྒྱུད་ལས་ཐར་པར་བཤེགས་པའི་མོ་ལ་འདི་ལོ་གྲངས་དུ་མའི་སྒོ་ནས་བསམ་པ་ལས་འདས། འཐད་མི་མཐད་ཀྱི་ཀ་གྲོས་ཐོག་ཏུ་མ་བབ་ (13b.) འདི་རེས་ཀྱང་རྗེ་འབངས་ལས་དགོས་ཚད་མི་མཐུན་པ་ནི་ཡོད་ན། མངའ་རིས་སྐོར་གསུམ་གྱི་མགོ་ནག་འབུམ་ཕྲག་གཅིག་གནས་པ་རེ་ཞིག་བདེ་བར་འགྱུར་བའི་ཆེད་དུ། བཙན་པོ་དབུ་གྲངས་བསྐྱུང་སྟེ། ཐར་པར་གཤེགས་པ་ནི་འབངས་ལ་ཕྱོགས་རིས་མི་འབྱུང་མངའ་རིས་ཆོས་འཁོར་དུ་བྱས་ཤིང་། ལྷ་འབངས་སུ་བཅད་པས་ནི། ཡུལ་ལ་ང་ཁྱོད་མི་མངའ། ཐབས་འདི་འདྲ་སྦྱར་བ་ལས་གཞན་བཀའ་དྲོས་ཀྱི་དམིགས་གཞན་ཡང་མ་བརྙེད་དེ་ད་ཕྱིས་སླན་ཆད་མིའི་ཚོགས་ལ་ཕན་པ་དང་། བདེ་བར་བྱ་བའི་ཐབས་བགྱིའོ། ཚལ་གྱི་རྣམ་གྲངས་འདོར་བདུས་པ་ཡིན་གྱིས། ཀུན་གྱིས་ཀྱང་ཁྲིམས་དང་མི་མགལ་ཞིང་། གཞུང་འདི་སྲོངས་པར་གྱིས་ཤིག བཙན་པོས་ཇི་ལྟར་མཛད་པའི་ཁྲིམས་ལ། ད་ལྟའི་མོལ་བའི་བཙན་པོ་མཆེད་ཁུ་དབོན་བཞི་སྐྱེ་བོ་བཞུགས་པ་ལས། ཕྱི་མ་ཀུན་ཐར་པར་གཤེགས། མངའ་ཕུལ་བ་རྣམས་ཀྱི་སྐུ་ལས་སྲས་སུ་འཁྲུངས་ཀྱང་། རེ་རེ་གདུང་ཚབ་ཏུ་བཞག གདུང་ཆད་ན། མར་ཡུལ་དང་། པུ་ཧྲངས (14a.) གཉིས་ཡུལ་ནད་ཆེ་བས། བརྩན་པོ་དགེ་འདུན་གྱི་ནང་ནས་རེ་རེས་གདུང་བསབ། བརྩན་པོ་སྐྱེ་བོ་རྣམས་ཀྱིས་རྩིགས་ལས་འབྱུང་བ་བཞིན་དཀོན་ཆོག་མཉན་པར་བསྐུར་ཞིང་། བསྟན་པ་ཅི་དར་དུ་བགྱིས་ཁྲིམས་ཡིག་གསར་པ་ལས་འབྱུང་བ་བཞིན་རྗེ་ཉིད་བཀའ་དྲོས་མ་བྲལ་ཞིང་། འབངས་ཆོས་ཀྱི་སྐྱོང་བ་གཅིག་མཛད། ཁྲལ་ཡུན་གྱི་དགྲ་ཐབས་ལས་འབྱུང་བ་བཞིན་མངའ་རིས་མཐའ་མིས་གོང་བར་བསྲུང་བཞིན། ཕྱོགས་རིས་དགྲ་ངོ་མོན་པ་གཅིག་བཤམ། བཙན་པོ་སྐྱེ་བོ་ལས་ཆོར་འཇིག་པ་བྱུང་ན། བཀའ་ཁྲིམས་ཆེན་པོ་དང་སྦྱར། མངའ་མཛད་གཞན་ལ་རྒལ་ན་རྒྱལ་ཁམས་མི་ཅིག་པར་སྤྱུག་མངའ་མཛད་མ་མཁྱེན་ན་ཇོ་བདེན་པས་བཆོ་སྐྱེད་མ་བྱུང་ན། དགེ་འདུན་ལས་དགོངས་མཁྱེན་པ་དང་བརྗེ། བཙན་པོ་རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་ལ་འབྱུང་བ་ལྟར། དམ་པའི་ཆོས་གཞུང་བཞིན་དུ་སྦྱར་ཞིང་། བསྟན་པ་དར་བར་བགྱིས། ཞེས་སོགས་འབྱུང་སྟེ། ཡི་གེ་མངས་པས་ (14b.) མ་བྲིས། དེས་ན་མེ་ཕོ་སྤྲེ་ལོ་ལ་མཐོ་གླིང་གི་ལྷ་ཁང་ཆེན་མོའི་སྨངས་བྲིས་སོ། མེ་མོ་བྱའི་ལོ་དཔྱིད་ཟླ་ཐ་ཆུང་གི་ངོ་ལ། ལྷ་བླ་མ་ཡེ་ཤེས་འོད། དེ་བ་རཱ་ཛཱ། ན་ག་རཱ་ཛཱ་རྣམས་དབེན་གནས་ས་རྒམ་ན་བཞུགས། སྲས་གཉིས་རབ་ཏུ་བྱུང་བའི་ཚེ། མངའ་རིས་སྐོར་གསུམ་ནས་གཞོན་ནུ་ཤེས་རབ་ཆེ་ཤིང་བློ་རྣོ་བ། ཡིད་གཞུངས་ཤིང་སྙིང་སྟོབས་ཆེ་བ། ཉིས་བརྒྱ་ཐམ་པ་བཏུས་ནས་ཐར་པར་བཏང་། དེའང་གུ་གེ་ནས་བརྒྱ་ཐམ་པ། པུ་ཧྲངས་ནས་བཞི་བཅུ། སིལ་ཆོག་ནས་སུམ་ཅུ། མང་ཡུལ་ནས་སུམ་བཅུ་རྣམས་བསྡུས་པ་ཡིན་ནོ། དེ་རྣམས་དང་ཞབས་དྲུང་གི་ཉེ་གནས་དང་། དགེ་འདུན་དྲག་ཞན། དགེ་སྙེན་ས་ཡ་ཚོགས། སླན་ཆད་ཆོས་འཁོར་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ། དགེ་འདུན་གྱི་བགྱི་བོ་ཚལ་གྱི་ཡན་ལག་ཆོས་ཀྱི་ཡི་གེ་འདུལ་བའི་གཞུང་དང་། སྔ་རབས་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པའི་ཆོས་ཁྲིམས་ཀྱི་གཞི་དག་ལས་ཀྱང་ཞིབ་ཏུ་ (15a.) འབྱུང་མོད་ཀྱི། ད་ལྟར་འཕྲལ་གྱི་བགྱིའོ། ཆ་ཕྲ་བ་ལ། བསྟན་པའི་བཞི་འདུལ་བ་འདི་ཉིད་ཡིན་དེ། རྒྱལ་བ་སྟོན་པ་དེའི་དམ་ཆོས་ནི། མདོ་དང་ཆོས་སྔོན་ཡིན་གསུང་འདུལ་བ་ཡིན། བསྟན་དང་བསྟོན་པ་དངོས་གཅིག་དེའི་ཕྱིར། གཅིག་གྱུར་ནན་ཏན་ཉིད་ཀྱང་ཕྱག་བྱའོ། ཅེས་གསུངས་པས། ད་ལྟ་སངས་རྒྱས་ཉིད་དངོས་སུ་མི་བཞུགས་ཀྱང་། འདུལ་བ་ནི་སངས་རྒྱས་ཉིད་ཀྱིས་དངོས་ལྟར་གསུངས་པས། བླ་ནས་ཀྱང་རྣམ་གྲངས་ཕྱེ་ཏེ་བཀའ་བགྲོས། འོག་ཏུ་གནས་བརྟན་ལ་སོགས་དགེ་འདུན་ལས་མཆིད་གྲོས་གཅིག་ཏུ་བྱས། རྗེ་འབངས་སྤྱིར་མོལ་དུ་བཅད་ནས། ནང་ཁྲིམས་ཀྱི་ཡི་གེ་གཞུང་དུ་བྲིས་པ། གང་ཟག་གཅིག་གི་ཚེ་གང་ལ་འདུལ་བའི་ཉམས་ལེན་ཇི་ལྟར་དུ་བྱ་བ། ལོ་ཁྱུད་འཁོར། ཉིན་ཞག་ཁྲུགས་གཅིག་གི་ཉམས་ལེན་རྣམས་དགོངས་ཤིང་། དེའི་ཕྱིར་འདུལ་བ་ལ་ཆེར་མཁས་པ། པཎྜི་ཏ་དྷརྨ་པ་ལ་བརྒྱ་གར་ནས་སྤྱན་འདྲེན་པ་ལ་གསེར་མང་པོ་སྐུར་ནས་རྫངས་ཀྱང་། དེ་རེས་ལ་གདན་མ་ཕེབས་སོ། ལྷ་ཁང་དེ་ཉིད་དུ་ཤིང་ཕོ་འབྲུག་གི་ (15b.) ལོ་ཆོ་འཕྲུལ་ཆེན་པོའི་བཅོ་ལྔ་རབ་ཏུ་གནས་པ་མཛད། དེའི་ཚེ་མི་གཅིག་གི་ལ་ཕུག་བསར་པ་ལོ་མ་སྔོ་ཞིང་གཞོན་པ་གསུམ་ཁྱེར་ཡོངས་ཏེ། ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ། ལྷ་ཁང་འདི་པའི་དམིགས་ལ་ཐེབས་པས། མངའ་རིས་སོ་སོར་ལྷ་ཁང་དང་ཆོས་འཁོར། དགེ་འདུན་གྱི་བསྡེ། བསྟན་པའི་དར་རྒྱས། ཆེས་ཆེ་ཞིང་། རྒྱུན་རིང་བ་ཡོང་བ་བདའ་ལགས། ཞེས་ཟེར་ཞིང་དེའི་ཞག་ཐུགས་ཁྲེལ་གྱི་དབྱེངས། ཕྱིར་ཉིན་མོ་དེ་ཚོལ་དུ་བཏང་བས་མ་བརྙེད། དེ་ཚོགས་ཀྱི་བདག་པོ་ཡིན་པར་འདུག་གསུངས། དེ་ནས་ཞག་ཉེར་གཅིག་གི་བར་དུ་ཞལ་གྲོའི་དགའ་སྟོན་ཆེན་པོ་མཛད་ (16a.) ཐོ་གླིང་ཁང་དམར་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་བསྟགས། དབུས་སུ་བསྟན་པའི་གཙོ་བོའི་སྐུ་བཞེངས། གླིང་སོ་སོར་ཡོ་ག་རྡོར་དབྱིངས་ཀྱི་ལྷ་ཚོགས་དང་། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་ལྷ་ཚོགས་རྣམས་སྨན་སྤོས་ཀྱི་སྐུ་དང་། ལོགས་རིས་སུ་བགྱིས། མེ་སྤྲེ་ནས། ཤིང་པོ་འབྲུག་གི་བར། ལོ་སྲིལ་པོ། བརྒྱད་སོང་། མཆོད་པའི་རྐྱེན་དང་། ཞབས་ཏོག་གི་རྐྱེན་ཡང་།མང་དུ། བཙུགས་སོ། (16b.) གཞན་ཡང་པུ་ཧྲངས་ཀྱི་ཁྭ་ཆར་དུ་། ཡིད་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། ཀ་བ་བརྒྱ་ཐམ་གླིང་ཕྲན་དང་བཅས་པ། དབུས་སུ་བྱམས་པ་མགོན་པོའི་སྐུ་བཞེངས། པོ་ཏི་ཏ་པོ་ལྕོག་ལ་རྒྱན་གྱི་ལྷ་ཁང་། མར་ཡུལ་དུ་ཉར་མའི་ལྷ་ཁང་། དབུས་སུ་སངས་རྒྱས་མར་མེ་མཛད་ཀྱི་སྐུ་བཞུགས་པ། མཐའ་འདུལ་གྱི་གཙུག་ལག་ཁང་ལ། ང་རའི་ཀ་ནམ་གྱི་ལྷ་ཁང་། དྲུག་པག་གི་མོ་ནའི་ལྷ་ཁང་། རོང་ཆུང་གི་སྤུའི་ལྷ་ཁང་། གཞན་ཡང་པུ་ཧྲངས་སུ་ཚ་བ་སྒང་ལ་སོགས་པ་ལྷ་ཁང་བརྒྱ་རྩ་དང་། མཆོད་བརྟེན་དང་། གསེར་སྐུ། དངུལ་སྐུ། ལི་མ་ལ་སོགས་པ་དཔག་ཏུ་མེད་པ་བཞེངས། མཐོ་གླིང་དགེ་འདུན་བཀའ་སྐྱོང་ཆེན་མོ་བཞིས་གཙོ་བྱས་དགེ་འདུན་བརྒྱད་བཅུའི་བླས་མཚོ་ཚང་བར་བཙུགས། གཞན་ཡང་ཁོ་ཆར་དུ་སུམ་བཅུ། པོ་ཏི་ཏ་སོར་བཞི་བཅུ། མར་ཡུལ་དུ་ཉི་ཤུ། སྤུ་རུ་བཅུ། དཀར་དཔག་ཏུ་ཉི་ཤུ། སླད་མ་ཆོས་འཁོར་དུ་བརྒྱད་བཅུ་བཙུགས་པ་ལ། དགེ་འདུན་བཅོ་ལྔ་བཅྭོ་ལྔ་རབ་ཏུ་བཏོན་དེ། (17a.) ཏེ། ཡུལ་སོ་སོར་བླ་མཚོ་ཆ་རྐྱེན། གཙུག་ལག་ཁོང་སོ་སོ་ལ་མཆེད་རྐྱེན་ཞིང་བཞིས་དང་། མི་སྡེ་རྣམས་ཞབས་སུ་ཐོགས་ངོས་ཤེས་པ་བཙུགས། དབུས་གཙང་དང་། མདོ་ཁམས་ནས་དགེ་བའི་གཤེས་གཉེན་མང་དུ་སྤྱན་དྲངས་ཏེ། ཆོས་མངོན་པ་མཛོད་ལ་སོགས་པའི་བཤད་གྲྭ་མང་དུ་བཙུགས་སོ། གསུང་གི་རྟེན་གསེར་རྐྱང་གི་བཀའ་འགྱུར་རོ་ཅོག་ཚར་གསུམ། དཀར་པོ་ཚར་བཞི། གཞན་ཡང་མདོ་རྒྱུད་བསྟན་བཅོས་མང་དུ་བཞེངས་སོ། གོང་གི་བླ་མཚོའི་དགེ་འདུན་རྣམས་ཀྱིས་ཕྱག་ཚ་རྐྱེན་གྱི་ཆས་མཐོ་གླིང་གིས་མགོ་བྱས། གཞིས་སོ་སོ་ནས། ཁལ་སྟོང་ཉག་མ་བཅུའི་ས་བོན་འགྲོ་བའི་ཞིང་། བཅའ་ཐང་གང་ཡོད། ཚ་ཁྭའི་བཅའ། ཡུལ་འབྲོག་ནང་གི་སྐོར་ནོར། ཕྱི་འབྲོག ནང་འབྲོག་རྣམས་ཕུལ་ནས། བསྟན་པ་དང་ཉི་ཟླ་ནམ་གནས་ཀྱི་བར་དུ་འཇོག་པར་མཛད་པ་འདི་རྣམས་ལས་འབྲིང་འགལ་བྱེད་རེ་ཞེས། ཧ་སེ་འཕགས་པ་དབང་དུ་བཞག་ནས། ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་ཆོས་སྐྱོང་ནེ་དབོན་གཟུ་དང་དཔང་དུ་ (17b.) བཞུགས་སུ་གསོལ་དོ། ཐམས་ཅད་ཀྱི་དབུ་སྙུང་མཛད་དེ། ཕྱིས་ཀྱང་སྲས་མཆེད་བཙུན་མོ། བློན་པོ། རིང་རས་ཀུན་ལ། ཆོས་ཚིགས་དང་མི་འགལ་བའི་དབུས་སྣ་མི་ལེན་རེ། རིང་ཆོས་ཕྱི་མ་རྣམས་ལའང་དེ་ལྟར་མི་ལེན་ཟེར་རེ། རིང་ཆོས་ཕྱི་མ་རྣམས་ཞི་བ་འོད་ཀྱིས།

གསང་སྔགས་སྤྱོད་པའི་ལུགས་ཀུན་ཉམས་པ་དང་། །དཀྱིལ་འཁོར་སྦྱིན་བསྲེག་ཆོ་ག་ཉམས་པ་དང་།

ཆོ་ག་དཀྱིལ་འཁོར་ཆོ་ག་པདྨ་སྟོང་ལྡན་དེ། །དེ་བཞིན་སྦྱིན་སྲེག་ཤན་ཏི་ཤུག་ཏི་བྱེད། (17a-2)

གཞན་ཡང་གསང་སྔགས་སྦས་དོན་ཀུན་ནུབ་ཅིང་། །སྦྱོར་སྦྲོལ་དང་ནི་ཚོགས་ལ་སོགས་པས་སླད།

འདི་ཡི་དོན་རྣམས་བརྩལ་ཕྱིར་བཀའ་གཉེར་དེ། །ལོ་ཆེན་གྱི་ཕྱག་རྗེ་ལ་ཁ་ཆེར་བརྫངས་པ་ལས།

ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེར་བརྫངས། །

ཅེས་པ་ལྟར་སླར་ཡང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས། མངའ་རིས་ནས་ཤེས་རབ་ཆེ་བའི་བྱིས་པ་ཉི་ཤུ་ཐམ་པ་གསེར་གྱི་བླུས་ནས། ལོ་ཆེན་གྱི་ཕྱག་རྗེ་ལ་ཁ་ཆེར་བརྫངས་པ་ལས། ལོ་ཆེན་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་བོད་དུ་ཕེབས། (17b-2.) སྔ་སོར་ཡབ་ཀྱི་དོན་དུ། ཁ་རྩེའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་སྤྱན་དྲངས། འདི་ལ་པཎྜི་ཏ་བརྒྱ་ཐམ་པའི་ཕྱག་གནས་ཡོད། ཞེས་ཟེར། ཕྱིས་སྟིང་ཡུམ་གྱི་དོན་དུ། འཇམས་དབྱངས་ཀྱི་སྐུ་བཞེངས་པ་བྲག་སྟེངས་པ་ནས་བརྒྱུད་པ་ས་སྐྱར་ཕེབས་དབུ་རྩེ་རྙིང་མ་ན་བཞུགས་སོ། ཏིང་རེས་པཎྜི་ཏ་དྷརྨ་པ་ལ་སྤྱན་དྲངས་ཤིང་ན་ལེན་དྲའི་རྟེན་གཙོ་ཐུབ་པ་ལྷ་ཡུལ་མ་སྤྱན་དྲངས་མཐོ་གླིང་གི་རྟེན་གཙོ་མཛད། མཐོ་གླིང་དུ་ཕྱག་ཕེབས། བསྟོད་འདུལ་གྱི་གྲ་ས་ཆེན་པོ་དང་། སྔགས་སྐོར་གྱི་བཤད་གྲ་རྣམས་བཙུགས་པ་ཡིན་ནོ། འདུལ་བ་འཛིན་པ་བྱང་ཆུབ་སེང་གེས། །ལྷ་རྒྱལ་བླ་མ་ཡེ་ཤེས་འོད། །འཇམ་དཔལ་སྤྲུལ་པར་རབ་གྲགས་པ། །དེ་ནི་རྩ་རྒྱུད་ཆེན་པོ་ལས། །ལུང་བསྟན་ཐོབ་ཅིང་མཐོ་གླིང་གི །དཔེ་མེད་ལྷུན་གྲུབ་གཙུག་ལག་ཁང་། །བཞེངས་ནས་བརྒྱ་གར་ཤར་ཕྱོགས་ནས། །མཁས་བཙུན་སྙན་པའི་འབྲུག་སྒྲ་ཅན། །གྲགས་པའི་རྒྱལ་མཚན་མཐོན་པོ་ཡིས། །ཀུན་ལ་གསལ་བར་གྱུར་བ་ཡི། །དྷརྨ་པ་ལ་ཞེས་བྱ་བ། །ཡེ་ཤེས་འོད་ཀྱི་སྤྱན་དྲངས་ནས། །ཐུགས་རྗེ་ཉི་མས་བརྒྱུད་སྐུལ་ཏེ། །བསྟན་པ་རིན་ཆེན་གནས་བྱའི་ཕྱིར། (18a.) །མཁན་པོ་མཛད་ནས་བསྒྲུབ་བརྒྱུད་སྤེལ། །དེའི་མཁན་པོའི་གཙོ་བོ་གསུམ། །དགེ་སློང་ས་དྷུ་པ་ལ་དང་། །ཇོ་བོ་གུ་ན་པ་ལ་དང་། །དགེ་སློང་པྲདྫ་པ་ལའོ། །པྲཛྙ་པ་ལའི་མཁན་པོ་ནི།

ཞང་ཞུང་ཡུལ་གྱི་འདུལ་བ་འཛིན། །ཚུལ་ཁྲིམས་གཡག་རྔའི་རྩེ་མོ་འམ།

མིག་གི་འབྲས་བུ་བཞིན་བསྲུང་བ། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི།

བརྒྱུད་གྱུར་འདུལ་བའི་བསྡེ་སྣོད་ལ། །མང་དུ་ཐོས་ཤིང་ངེས་སྦྱངས་པ།

སྙན་པ་ནམ་མཁས་ས་སྟེངས་ཁྱབ། །ཐུགས་རྗེའི་འཕྲིན་ལས་ཆོས་ཆར་འབབ།

བཤད་པའི་བརྒྱུད་པ་འདི་ལྟ་སྟེ། །འཛམ་གླིང་གྲགས་པས་ཁྱབ་གྱུར་པ།

མཁས་པ་མང་ལ་བརྒྱུད་པ་ཅན། །ཛྙཱ་ན་ཤྲཱི་ཞེས་གྲགས་པ་ལ།

སོ་སོ་ཐར་དང་དེའི་འགྲེལ། །འདུལ་བ་བསྡུས་པ་ཞེས་བྱ་བ།

དགེ་སློང་རྒྱལ་བ་ཤེས་རབ་ཀྱིས། །དེ་ལ་ཞུས་ནས་འགྱུར་ཡང་བཅོས།

གཞན་ཡང་དགེ་སློང་དེ་ཡིས་ནི། །སུམ་བརྒྱ་པ་དང་དེའི་འགྲེལ།

འོད་ལྡན་དེའི་གཞུང་དེ་ནི། ཁྭ་ཆེའི་མཁས་པ་པཎྜི་ཏ།

ཤྲཱི་པུཾབྷུཏི་ཤིནྟི་ལ། །དགེ་སློང་དགེ (18b.) བློས་བསྒྱུར་ནས་ནི།

མ་དག་ཆད་པ་ཐམས་ཆད་བཅོས། །ཡུལ་དབུས་དཔེ་དང་བཏུན་བྱས་ནས།

ཐུགས་རྗེའི་རྒྱུད་སླན་ལྷ་ཡི་སྲས། །བྱང་ཆུབ་འོད་ཀྱིས་ངོར་བཤད་མཛད།

སློབ་མ་ལ་ཕན་ཞེས་བྱ་ཡི། །འགྲེལ་པའང་དེས་བསྒྱུར་དེ་ཡི་བསན།

དེ་མིང་ཁ་ཆེ་པཎ་ཆེན་གྲགས། །དགེ་ཚུལ་རྣམས་ཀྱི་ཀ་རི་ཀ

རྒྱ་གར་གྱིས་ནི་པཎྜི་ཏ། །ས་མནྟ་ཤྲཱི་ཛྙཱ་ན་ལ།

ཞུས་ཤིང་འགྱུར་ཡང་ལེགས་བཅོས་ནས། །རྒྱ་གར་ཁ་ཆེ་བལ་པོ་ཡི།

རྒྱ་དཔེའ་གསུམ་དང་བསྟུགས་བྱས་ནས། །དགེ་སློང་རྒྱལ་ཤེས་བཤད་པ་མཛད།

དགེ་ཚུལ་གྱི་ནི་ལོ་ཏྲི་ཡང་། །རྒྱ་དཔེ་བལ་པོའི་ཡུལ་ནུས་ནི།

སྤྱན་དྲངས་མཐོ་གླིང་བྱོན་པ་ཡི། །དྷརྨ་ཕ་ལའི་རྒྱ་དཔེ་གཟིགས།

ཁ་ཆེའི་མཁན་པོ་ན་ར་ཡ། །དེ་བ་ལ་ནི་དེ་ཞུས་ནས།

བསྒྱུར་ཞིང་བཤད་པ་དག་ཀྱང་མཛད། །དགེ་སློང་གིས་ནི་ལོ་ཏྲི་བ།

དགེ་སློང་བྱང་ཆུབ་འབྱུང་གནས་ཀྱིས། །ཞུས་ནས་རྒྱ་གར་ཤར་ཕྱོགས་ཀྱི།

མཁས་བཙུན་གྲུབ་ཐོབ་གྲགས་ཁྱབ་པ། །མཚན་ནས་ཤིན (19a.) དུ་བརྗོད་དཀའ་བའི།

དྷི་པཾ་ཀ་ར་ཤྲཱི་ཛྙཱ་ན། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར།

དེ་དག་རྣམས་ལ་ཞང་ཞུང་གི །འདུལ་འཛིན་ཆེན་པོས་ཞུས་པ་ཡིན། །

ཞེས་གསུངས་པ་ལྟར། པཎྜི་ཏ་དྷརྨ་པཱ་ལ་གུ་གེར་ཕེབས། ལེགས་སྐྱོང་ལ་སོགས་བསྙེན་པར་རྫོགས་པ་དང་། རབ་བྱུང་བསྒྲུབ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་འབྱུང་། དེ་དག་ལ་བརྟེན་དེ་དབུས་གཙང་ཕྱོགས་སུ་ཡང་བསྟོད་འདུལ་གྱི་གྲྭ་ས་རྒྱ་ཆེ་བ་བཙུགས། གཙང་ཆུ་མིག་ཏུ། ཆོས་རྗེ་ས་པཎ་གྱི་གསུང་དང་། ལུང་བསྟན་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བསྟོད་འདུལ་གྱི་ བཤད་གྲ་ཆེས་ཆེ་བ་བཏབ། དེ་རྣམས་ལ་གཞི་རྐྱེན་ཆེ་བ་བཙུགས། ཁྱད་པར་ཞང་ཞུང་བ་རྒྱལ་བ་ཤེས་རབ་ཀྱིས་མངའ་རིས་སྐོར་གསུམ་དུ་འདུལ་བ་འཛིན་པ་དུ་མ་རྗེས་སུ་བཟུང་། དབུས་གཙང་ཁམས་གསུམ་ནས་སྙེན་པར་རྫོགས་པ་དང་རབ་བྱུང་ཞུ་བ་དང་། འདུལ་བའི་སློབ་གཉེར་བྱེད་མཁན་གྲངས་མེད་པ་ཡོང་ངོ་། དུས་གཅིག་གི་ཚེ། རྒྱལ་བ་ཤེས་རབ་ཀྱི་གཎྜེ་གློ་བོ་སྟེངས་ཆེན་དུ་ཕེབས། (19b) དེར་བསྟོད་འདུལ་གྱི་གྲྭ་ས་རྣམ་པར་དག་པ་བཙུགས། ཉིང་རི་མངའ་བདག་བརྩེ་ལྡེས་བཟུང་བས། འདུལ་འཛིན་རྣམས་ལ་མཆོད་པའི་བཞིསདང་། རྐྱེན་མང་དུ་བཙུགས་སོ། ཡང་གཎྜེ་དེ་ནས་ནམ་མཁའ་ལ་འཕུར། འཛིམ་གྱིས་བྲག་གདོང་དུ་སླེབ། དེ་ཡང་སྟོད་འདུལ་དང་། ཡོ་གའི་གྲྭ་ས་ཆེན་པོ་བཙུགས། གཎྜེ་དེ་ད་དུང་ཡང་ཡོད་དོ། འདི་རྣམས་བསྟན་པ་ཕྱི་དར་གྱི་དང་པོ་ཡིན་ནོ། སླར་ཡང་། གྱད་ཀྱི་ཡུལ་དུ་རྡོ་འཕངས་བའི་མདོ་ལས། འོག་ཏུ་འདུལ་བའི་གསེར་གྱི་དལ་བཟུང་། ངོས་སུ་མདོ་སྡེའི་འཁོར་ཡུག་མཛེས་པས་སྐོར། སྟེང་ནས་མངོན་པའི་ཀླུ་ཆེན་ཆར་རྒྱུན་འབེབས། བསྒོམ་པའི་ཆུས་གང་ང་ཡིས་བསྟན་པ་རྒྱས། ཞེས་གསུངས་པ་ལྟར། ཡེ་ཤེས་འོད་ཀྱིས། རྩང་ནས་གནས་བརྟན་ཡོན་ཏན་རིན་ཆེན་དར་དང་། །བྱང་ཆུབ་སེང་གེ་གཉིས་སྤྱན་དྲངས། །བསྡེ་སྣོད་གསུམ་གྱི་གྲྭ་ས་མང་དུ་བཙུགས་སོ། ཡང་། །འགྲོ་ཀུན་རང་བཞིན་གཅིག་དེ་ལས་ཀྱི་ཁྱད། །བདེ་བསྡུག་སྣ་ཚོགས་མྱོང་ཡང་ལས་དེ་ནི། །སེམས་ཀྱི་ཆོས་ཉིད་མི་ཤེས་སེམས་དབྱིངས་དེ། །ལས་མི་ཤེས་ཏེ་བརྟེན་འབྲེལ་གྱིས་ཀུན་འགྲུབ། །ཅེས་མདོ་ལས་གསུངས་པ་ལྟར། བརྟེན་ཅིང་འབྲེལ་འབྱུང་རྒྱུ་འབྲས་མི་བསླུ་ཞིང་བདེན་པའི་དབང་གིས། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ཀུན་ནས་སླངས་ཏེ། རང་སྲིད་ཐམས་ཅད་ཕན་བདེའི་དཔལ་ལ་བཀོད། སྡིག་པར་སྤྱོད་ཅིང་ལོག་པར་སྨྲ་བ་རྣམས། དེ་དག་ལས་བཟློག་པའི་ཕྱིར། སྔགས་ལོག་སུ་འབྱིན་གྱི་བསྟན་བཅོས་རྩམས། གཞན་ཡང་རྣམ་སྣང་མངོན་བྱང་གི་རྒྱུད་ཀྱི་སྤྱི་དོན། བསྟན་པ་སྤྱིའི་ཁོག་ཕུབས། མཆོད་སྦྱིན་ཆེན་མོའི་ཡིག་ཆ། དཀོན་ཅོག་མཆོད་པའི་གཞུང་རྟེན་ཐིག་རྩ་ལ་སོགས་རྣམས་མཛད། དེའི་ཚེ་རིན་ཆེན་བཟང་པོས་ཀྱང་།

དུས་དེར་ཉིད་ཀྱི་ཚོགས་བསག་སྨོན་ལམ་མཐུས། །རྗེ་རྒྱལ་རིན་ཆེན་མཆོག་ལྟར་རྙེད་དཀའ་འཁྲུངས།

མཁྱེན་རབ་ཡེ་ཤེས་འོད་ཀྱི་རྨོངས་མུན་གསལ། །ལམ་ལོག་ལས་བཟློག་ཕན་བདེའི་ཚོགས་རྒྱས་མཛད།

བདག་ཀྱང་སྔོན་སྤྱད་ལེགས་སྤྱད་འགའ་ཡིས་རྒྱུས། །སྐྱེས་མཆོག་དེའི་འཁོར་གྱུར་ལམ་མཆོག་བརྙེད། (21a)

བསོད་ནམས་མཐུས་བཏངས་དོན་ཆེན་སྐྱེན་རྐྱེན་གྱིས་བསྐུལ། །དེ་ཕྱིར་བདག་ལ་གཞན་ཕན་སྤྲོ་བ་སྐྱེས།།

ཅེས་སོགས་སྔོན་དུ་སོང་བས། སྔགས་ལོག་སུན་འབྱིན་གྱི་བསྟན་ཆོས་ཆེན་པོ་མཛད་ཅིང་། འདི་ནི་མདོ་དབུས་ཁམས་རྣམས་ཀྱི་མཁས་ཤིང་གྲུབ་པ་བརྙེས་པ་མཐའ་དག་གི་ཡིད་ཀྱི་ཤིང་རྟ་གང་བར་བྱེད་པ། བཅོམ་ལྡན་འདས་ཀྱི་བཀའ་ལྟར་ཚད་མར་གྱུར་ཏོ། གཞན་ཡང་རབ་གནས་ཀྱི་སྡོམ་དང་། དཔལ་མངོན་པར་རྟོགས་པའི་ཊི་ཀ་ལ་སོགས་པ་གཞུང་མང་དུ་མཛད། དྷརྨ་པ་ལ་ནས་དྲག་ཞན་མང་པོས་ཆོས་ཞུས། སྔགས་སྐོར་བསྒོམ་བསྒྲུབ་གཙོ་བོར་མཛད། ལོ་ཆེན་གྱིས་ཕྱིས་རྟིང་མན་ཆད་གྱི་ཕྱག་ལེན་ཐམས་ཅད་སྤྲོས་པ་ཆུང་། ཡོ་ག་ལ་ཀུན་དགའ་སྙིང་པོའི་ཕྱག་ལེན་དང་ཡིག་ཆ་ལ་ཉན་བཤད་གཙོ་བོར་མཛད་ཅིང་། ལོ་ཙྪ་བའི་སྐུ་ཚེའི་སྨད་ཀྱིས་ཕྱག་སྲོལ་ཐམས་ཅད་ས་ཆ་སྟོད་དུ་ལུས་པས། ཡོ་ག་སྟོད་ལུགས་སུ་གྲགས། བླ་མ་ས་སྐྱ་པ་ཡབ་སྲས་ཁུ་དབོན་ཐམས་ཅད་ (21b.) ལུགས་འདི་ལ་རྩིགས་སུ་ཆེ་ཞིང་དར་རྒྱས་སུ་མཛད་པ་ཡིན་ནོ། ད་ལྟ་ས་ཞལ་གཉིས་ཀྱི་ཡོ་ག་སོགས་ལོ་ཆེན་གྱི་ཕྱག་ལེན་སྐུ་ཚེ་སྟོད་སྨད་ཀྱི་ཆོས་ལུགས་ཐམས་ཅད་གཙོ་བོར་སྟོན་དེ་དར་བར་མཛད་པས། ད་དུང་ཡང་ལེགས་པར་ཡོད་དོ། ཡེ་ཤེས་འོད་འདིས་ཞི་བ་སྙིང་པོའི་མཆོད་རྟེན་བསྒྲུབ་པ་ལྟར། དྲག་ཞན་འབྲིང་གསུམ་མོན་བུ་ཆུ་ཆུན་ཡན་ཆད་ཤི་བའི་རུས་པ་ཚ་ཚར་བཏབ། ངན་སོང་སྦྱོང་བ་ཀུན་རིག་གམ་གཙུག་དགུའི་དལ་བཞེངས་ནས། ཚ་ཚ་དེ་རྣམས་ལྷ་རྣམས་ལ་བཀོད་ལ། དགེ་སློང་འགའ་ཞིག་བསྒྲུབ་པ་ལ་བཞག གཤིན་པོ་ངན་སོང་གསུམ་དུ་སྐྱེས་པ་མཐོ་རིས་སུ་ཐོན་པའམ། ཡང་ན་མ་སྐྱེས་པའི་རྟགས་རྒྱུད་དང་བསྟན་ཆོས་ལས་ཇི་ལྟར་གསུངས་པ་བཞིན། དངོས་སམ་རྨི་ལམ་དུ་མ་བྱུང་གི་བར་དུ་བསྒྲུབ། དེ་ནས་མཆོད་རྟེན་བཞེངས་སྟེ་བཞུགས་སུ་གསོལ་བའི་སྲོལ་ཚུགས། ཚུལ་འདི་བཞིན་གསོན་པའི་སྐྲ་སེན་ལ་ཡང་བྱ་བར་བཤད་པ་བཞིན་མཛད་དོ། ལུགས་འདི་ཕྱོགས་ཀུན་ཏུ་ཡང་གྲགས་པས། གཤིན་བསོན་ཐམས་ཅད་ལ་ཡང་ཡེ་ཤེས་འོད་བཀའ་དྲིན (22a.) ཆེ་བ་ཡིན་ནོ། ལོ་རེ་བཞིན་སེམས་ཅན་གྱི་རུས་པ་མང་པོ་བསྡུས། བསྲེགས་ཏེ་སྦྱང་དཀྲུས་བྱས་ནས། དགེ་བའི་ཚ་ཚ་བཏབ་པ་དང་། རྩ་བརྒྱད་མང་པོ་བཞེངས་པ་དང་། འཐོན་པོའི་ཕུག་རྣམས་སུ་བཞུགས་པའི་ཕྱག་ལེན་གཙུགས། ཡུལ་སོ་སོར་ཡང་བཀའ་བརྩལ་ཏེ་བསྒྲུབ་པ་ཡིན་ནོ། དེ་ནས་སྐུ་ཚེའི་བཞུག་རིལ་པོ་མཐོ་གླིང་དུ་བཞུགས། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པས། ཐུགས་དམ་མཐར་ཕྱིན་པ་མཛད་ལ། རྣམས་ཐར་གཅིག་ཏུ་སྐྱེ་བོ་མཐའ་དག་འཇིག་རྟེན་ལུགས་ཀྱི་བཀའ་ལུང་། ཁྱད་པར་ཡུལ་དུས་དང་འཚམས་ཞིང་བསྒྲུབ་པར་ནུས་པའི་དགེ་སྡིག་བླང་དོར་གྱི་རྣམ་གཞག ལུགས་ཀྱི་བསྟན་བཅོས་མང་དུ་མཛད་པས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལས་ལྷག་པ་ཡིན་ནོ། ཞེས་འབྱུང་། ཡང་། ལྷ་རྒྱལ་བླ་མ་ཡེ་ཤེས་འོད། སངས་རྒྱས་མཛད་པ་བྱེད་པར་འགྱུར། ཞེས་དང་། རྒྱལ་པོ་འོད་ཀྱི་མཐའ་ཅན་དང་། དགེ་སློང་བྱའི་གདོང་ཅན་གྱི། ངའི་སྟན་པ་རྒྱས་པར་བྱེད། ཅེས་པ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། རིན་ཆེན་བཟང་པོ་ལུང་བསྟན་པ་ཡིན་ནོ། འགའ་ཞིག་ཏུ། བླ་མ་ཡེ་ཤེས་འོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས (22a) ཐུབ་པ་ཆེན་པོའི་ཞལ་མཐོང་། ཆོས་ཐོབ། མཐའ་འཁོབ་ཀྱི་སའི་ཆར་བསྟན་པ་དར་རྒྱས་སུ་བྱེད་པར་སྨོན་ལམ་བཏབ། མོས་པ་སྤྱོད་པའི་ས་ལ་གནས་པ་ཡིན་ནོ། སྐུ་གསུམ་བསྟན་པའི་མདོའ་ལས། མཆོག་གི་སྤྲུལ་བའི་སྐུ་ནི་མོས་སྤྱོད་ས་ལ་གནས་པ་རྣམས་ལ་སྣང་ཞིང་ཆོས་སྟོན། དེ་དག་གིས་ཀྱང་ངའི་ཆོས་འཛིན། ཅེས་པའི་དོན་ཐམས་ཅད་འདི་ལ་ལྡན་པས་མདོའ་ལུང་དང་མཐུན་ཟེར། ཐུགས་དམ་གྱི་བར་སྐབས་སུ། ལོ་ཆེན་ལ་སོགས་པའི་ཆེན་པོ་རྣམས་དང་། རྒྱལ་པོ་བློན་པོ་ལ་སོགས་པའི་འབངས་གྲྭ་མ་རྣམས་དང་། དམན་པ་ཡན་ཆད་ལ་རང་རང་གི་བསམ་པ་དང་འཐུན་པར་གང་ལ་གང་འདུལ་གྱི་ཆོས་བསྟན་ནས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ནོ། སྔ་ཕྱི་ཐམས་ཅད་དུ་ཡང་། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་། ཞིག་གསོས་དང་། དར་རྒྱས་ལ་སོགས་པའི་ཐུགས་ཁུར་བསྣམས་དེ་རྒྱ་གར་རྡོ་རྗེ་གདན་དང་། ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་དང་། རྒྱ་གར་ཁ་ཆེའི་དགོན་གནས། གཙུག་ལག་ཁང་། མཆོད་རྟེན་རྣམས་མཆོད་རྐྱེན་གྱི་གསེར་མང་པོ་སྐུར། དགེ་འདུན་རྣམས (22b.) ལ་བཀའ་ལུང་མྱུར་བར་མཛད་ཅིང་། དབོན་རྣམས་ལ་ཡང་དེ་ལྟར་གྱི་བཀའ་ལུང་ནན་ཏན་མཛད་དོ། སྐུ་ནས་ཤིན་དུ་སྒྲེས་པའི་ཚེ་ན་ཡང་། མཐོ་གླིང་ལ་ཕྱག་མཁར་བསྣམས་ནས་སྐོར་བ་མང་དུ་མཛད་ཅིང་། གཞན་ཡང་མཆོད་པའི་ལས་ལ་མི་ཐམས་ཅད་ཀྱང་སྐུལ་ཞིང་། རང་གཞན་ཀུན་གྱིས་བསྒྲུབ་པ་ཡིན་ནོ། དེའི་ཚེ་མཐོ་གླིང་དུ་ཉེ་གནས་གཅིག་མ་རྟོགས་པ་སུ་དང་ཡང་མི་འཇལ་བར་བཀའ་བརྩལ་ཏེ་ལོ་གསུམ་གྱི་བར་དུ་སྐུ་འཚམས་བཅད་ནས་ཐུགས་དམ་དུ་མཛད། འཚམས་ལ་འཐོན་པ་དང་རེས་གཅིག་བདུལ་བྱ་རྣམས་ལ་ཞལ་བསྟན་པ་དང་། ཆོས་རྩིགས་ཀྱི་བཀའ་ལུང་མཐའ་མ་རྩལ་བའི་ཕྱིར། མང་རྒྱུང་དུ་བཤེགས་པ་ལ་འབངས་ཐམས་ཅད་ཀྱིས་ཀྱང་། སྤྱི་དགོས་སོ་སོ་ནས། རང་རང་གི་དད་གུས་དང་། སྤྲོ་བས་ཕྱག་འཚལ་བ་དང་། ཞལ་ལྟ་ཞུ་ཞིང་བཀའ་ལུང་ཉན་པའི་ཕྱིར་བསུ་བ་བརྒྱ་ཆེན་པོ་བྱས་སྟེ། དེ་ཡང་ཐོག་མར་རང་ཏུ་བྱུང་བ་རྣམས་ཀྱིས། རང་རང་གི་ཆ་ལུགས་ཚང་བའི་སེར་ཕྲེང་དང་། རོལ་མོའི་ཚོགས་དང་མཐའ་དག་དང་ [23a.] ཤིས་བརྗོད་དཔག་ཏུ་མེད་པའི་བསུ་བ་དང་། མཐའ་ན་རྒན་པོ་དང་། རྒན་མོ་རྣམས་ཀྱི་ཡང་དད་གུས་བྱེད་པ་དེ་དག་དང་འཐུན་པའི་སྐྱེ་བོའི་ཚོགས་བཅས་པས་ཞག་ལྔའི་བར་སྒྲེངས་མ་ཆད་པའི་བསུ་བ་བྱས་སོ། སོ་སོ་ནས་ཕྱག་དང་མཆོད་པ་དང་། བསྐོར་བ་དང་། སྨོན་ལམ་འདེབས་པ་ལ་སོགས་པ་སྐྱེ་བོའི་ཚོགས་དང་བཅས་པས་གཟིགས་ནས། ལྷ་ལ་ཞབས་སུ་ཐོགས་པའི་ཆ་རྐྱེན་མང་དུ་རྫས་དེ། སྨོན་ལམ་འདེབས་པ་མཛད། དབུས་གཙང་གི་གཙུག་ལག་ཁང་དང་། དགོན་གནས་སོ་སོར་མཆོད་རྐྱེན་དང་། འབུལ་བ་ཞབས་ཏོག་ཡང་ཡང་དུ་བསྒྲུབ་པ་མཛད། གཞན་ཡང་ལྷ་བླ་མའི་ཞལ་ནས་མངའ་རིས་དར་ཞིང་ཆོས་རྩིགས་ཀྱང་བཙུན་པ་ལེགས་གསུང་། ཐུགས་དགེས་པ་ཡིན་ནོ། དེ་ལྟར་ལྷ་སྲས་ཁྲི་སྡེ་བསྲོང་བཙུག་བཙན་གྱིས་མེ་ཕོ་ཁྱི་ལོ་ལ་གཙང་གི་ཀམ་པེ་དྲག་དུ་པུ་གུག་གི་འབངས་གྲྭ་མ་རྣམས་ཚོགས། བསྟོད་མངའ་རིས་འདིར་དམ་པའི་ཆོས་ཅི་དར་དུ་བྱས་པའི་ཚུལ་བཀའ་གྲོས་སུ་འབད་དེ། ལུགས་གཉིས་ཀྱི་ཡི་གེར་མཛད། ས་མོ་གླང་གི་ལོ་ལ་རབ་ཏུ་བཤེགས་ཏེ་ཡེ་ཤེས་འོད་དུ་མཚན་གསོལ། མེ་ཕོ་སྤྲེའུའི་ལོ་ལ་མཐོ་གླིང་ལྷ་ཁང་ཆེན་མོའི་རྨངས་བྲེལ། མེ་ཕོ་འབྲུག་གི་ལ་རབ་གནས་དང་། ཞལ་སྤྲོ་བསྒྲུབས། དེ་ལྟར་ (23b.) རབ་ཏུ་བྱུང་ཞིང་སྙེན་པར་རྫོགས་ནས་ལོ་སུམ་ཅུ་སོ་གཅིག་གི་བར་དུ་སངས་རྒྱས་ཀྱི་བསྟན་པའི་བདག་པོར་གྱུར་ནས། དར་རྒྱས་མཛད་པ་དང་། སྟོན་པ་ཤཱཀྱ་སེང་གེ་ཉིད་ཁོ་ན་ལྟར་གྱུར་ཏོ། དེ་ནས་ས་མོ་ལུག་གི་ལ་མཐོ་གླིང་གཟིམ་ཁང་དུ་ཞི་བར་གཤེགས་པའི་ཚུལ་བསྟན་མོད། ཐུབ་བསྟན་དར་རྒྱས་སུ་བྱེད་པའི་ཕྲིན་ལས་ནི། ནམ་མཁའི་ཁྱོན་དུ་ལྟས་པ་དེ། འཁོར་བའི་མཐའ་དང་ལྷན་གཅིག་ཏུ། འབྲོགས་པ་ཡིན་ནོ།

ལྷ་ལས་ཕུལ་བྱུང་ལྷ་སྲས་སྲོང་བཙུག་ལྡེ། རབ་བྱུང་ལྷ་རྒྱལ་བླ་མ་ཡི་ཤེས་འོད།

མདོ་རྒྱུད་རྣམ་ནས་རྒྱལ་བས་ལུང་བསྟན་བརྙེས། ས་གནས་སེམས་དཔའ་དེའི་རྣམས་ཐར་ནི།

མངའ་རིས་བསྟོད་དང་དབུས་གཙང་ཁམས་རྣམས་སུ། ཆ་རྩམ་གསུངས་པ་མང་ཡང་ནོར་འཁྲུལ་མང་།

རྣམ་དག་ཚུལ་བཞིན་བརྗོད་ལ་མཁས་པ་ཅན། ས་སྐྱ་པར་གྲགས་མངའ་རིག་པཎ་ཆེན་ཡིན།།

ཁྲི་སྲོང་ལྡེ་གཙན་འདི་ལ་སྲས་ཞི་ཁྲོ་གཉིས། སྲས་མོ་ལྷའི་མེ་ཏོག་དང་གསུམ་འཁྲུངས་པའི་ཅེན [24a.] སྐུ་འཁྲུངས་པའི་གཅེན་ལྷ་ལྡེ་མགོན་མེ་ཕོ་སྤྲེའུའི་ལོ་ལ་ཀ་རུ་རྒམ་དུ། པཎྜི་ཏ་དྷརྨ་ཕ་ལ་དང་། ལོ་ཚ་བ་རིན་ཆེན་བཟང་པོ་རྣམས་ལ་རབ་ཏུ་བཤེགས། དེ་བ་རཱ་ཛཱར་མཚན་གསོལ། དེ་དུས་འབངས་བསྟན་པ་ལ་དད་པ་ཡང་བརྒྱ་དང་བདུན་རབ་ཏུ་བྱུང་ནས་རྗེས་འབངས་བརྒྱ་དང་བརྒྱད་ཆོས་ལ་ཞུགས་སོ། དེ་ལྟར་རབ་ཏུ་བཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་བ། ཆུ་མོ་ཕག་གི་ལོ་ལ། ཡབ་ལྷ་བླ་མ་ཡེ་ཤེས་འོད་གྲོངས། དེ་ནས་ཀྱང་ལོ་ལྔའི་བར་དུ་ཡང་ཡབ་ཀྱི་སྲོལ་ལྟར་བསྟན་པ་སྐྱངས་ནས། ཡོས་ཀྱི་ལོ་ལ་གྲོངས་པ་ཡིན་ནོ། དེའི་གཅུང་པོ་ལྷ་སྲས་ལྷ་འཁོར་བཙན། བྱི་བའི་ལོ་ལ་འཁྲུངས། བཅུ་གཅིག་པ་ས་ཕོ་ཁྱིའི་ལོ་ལ་དགེ་སྙེན་མཛད། ནཱ་ག་རཱ་ཛཱར་མཚན་གསོལ་ལོ། ཉི་ཤུ་རྩ་དགུ་པ་འབྲུག་གི་ལོ་སྙེན་པར་རྫོགས་ནས། ལོ་ངོ་བོ་བཅུ་གཅིག དེ་ནས་གཅེན་གྲོངས་ནས་ལོ་ངོ་བཞིར་བསྟན་བ་སྐྱངས། ང་ལྔ་པ་ལ་རིའི་གནས་སུ་ཞི་བར་གཤེགས་སོ། ཡབ་སྲས་གསུམ་གྱི་མཛད་ཚུལ་གྱི་དྲིལ་ལས། བྱི་ལོ་དཔྱིད་ (24b.) ཟླ་ཐ་ཆུང་གིས་ངོ་ལ། དཔལ་ལྷ་བཙན་པོ་ཡི་ཤེས་འོད་ཡབ་སྲས་ཀྱི་ཕོ་བྲང་དབེན་གནས་བྱམ་སྙོམ་གླིང་ན་བཞུགས། ཞབས་དྲུང་དུ་ཉེར་གནས་ཀྱི་དགེ་འདུན་དང་། དགེ་སྙེན་པ་ཡོ་ཚོགས། ད་སླན་ཆད་ཆོས་འཁོར་འདིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་ནི་སེམས་ཅན་ཐམས་ཅད་བདག་གིར་བླངས་པ་ཡིན་པས། བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་གཙོ་བོར་བྱས་སྟེ། སྐྱེ་བོ་ཕལ་པོ་ཆེའི་དོན་ལ་བསམ་ནས། ཡུལ་ཁམས་འདིའི་འགྲོ་བ་དག་གི་ཕན་པ་དང་། བདེ་བ་བླ་ན་མེད་པ་བསྒྲུབ་པའི་སླད་དུ། དཀོན་ཅོག་གསུམ་གྱི་བརྟེན་བཙུག་ལག་ཁང་ཁ་ཁྱེར་མི་ཆུང་བ་ནི། གྲངས་ཀྱིས་བསིས་ཆགས་འོག་གི་འབངས་ནས། མཐོ་གླིང་དུ་སྡེ་གཉིས་ཀྱིས་དགེ་འདུན་མི་ཉུང་བ་ཞིག་ནི་ཐར་པར་སྐྱེ། མངའ་རིས་རྙིང་ཚེམས་བསྲེ་གསུམ་ལྷ་རིགས་སུ་བསྔོས་ཏེ། དེ་ལྟར་ཆེས་ཆེ་བར་བསྒྲུབས་པ་འདི། ཇི་སྲིད་གནས་ཀྱི་བར་དུ་ནི་ཕྱོགས་འདི་པའི་མི་གཡོ། མཆོག་ཀྱང་བདེ་བར་འགྱུར་ཞིང་། གསུང་རབ་རིན་པོ་ཆེ་ཡང་ (25a.) དེ་སྲིད་མི་ནུབ་པར་འགྱུར་བའི་རིགས་པས། དེ་ལྟ་བས་ན་བསྟན་པ་འཛིན་པ་ད་ལྟར་དང་། རིམས་ཀྱིས་འབྱུང་བའི་གང་ཟག་རབ་ཏུ་འབྱུང་བ་རྣམས་ཀྱིས། ཆོས་ཀྱི་ཡི་གེ་དང་། བོད་ཁམས་སུ་མངའ་ཕྱིར་མཛད་པའི། བཀའ་ཁྲིམས་རྙིང་པ་དང་། གསར་དུ་བྱུང་བའི་ཁྲིམས་བུ་ཆུང་འདི་དག་མི་འགལ་ཞིང་། དེ་དག་མཐུན་པར་གཙོ་བོར་བྱོས་ཤིག མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་གཞི་དང་། བསླབ་པ་གསུམ་གྱི་དང་པོ་ནི་ཚུལ་ཁྲིམས་ཡིན་པས། འདུལ་བའི་བསླབ་པ་རྣམས་གཙོ་བོར་བགྱི་བ་དམིགས་ལས། ལྟུང་བའི་རིམ་པའི་བཅས་པ་དང་། བཀག་པ་དང་རྗེས་སུ་གནང་བ་ལ་སོགས་པ་གང་གང་བསྲུང་བའི་ཐབས་དང་། རྩ་བ་ལྟ་བུ་ལས་ཞིག་ན་འཚམས་ལས་འདོན་པ་དང་། དགེ་འདུན་གྱི་ལྷག་མ་མན་ཆད། ལྟུང་བ་ཆེ་ཕྲ་བྱུང་ན། ཆད་པ་དང་། བཤགས་པའི་རིམ་པ་ཇི་ལྟར་བྱ་བ་ནི། འདུལ་བ་བསྡེ་བཞི། འདུལ་བ་སྤྱི་མདོ་ལས་ཇི་ལྟར་བཤད་པ་དང་། མཐུན་པར་བསྒྲུབ་བོ། སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང་། ཆོས (25b.) དང་། མཐུན་པར་རྒྱལ་ཁམས་སྐྱོང་བར་རྒྱལ་པོ་ལ་རག་ལས་པས། མངའ་མཛད་རྣམས་ཀྱི་བཅོ་བ་མཆོག་ཏུ་བཅེས་ཏེ། དཀོན་ཅོག་གསུམ་གཉན་པར་བསྐུར་ཞིང་། ཡོ་བྱད་ཅི་འབྱོར་བ་ལ་བརྟེན་པའི་འབངས་དང་། ཞིང་དང་། སྐོར་དང་། རྐང་འགྲོས་ལ་སོགས་པ། སྔར་བསྔོས་པ་རྣམས་དབྲི། མི་སྐྱུང་བ་དང་། དམ་པའི་ཆོས་ནམ་དུ་ཡང་མི་བཞིག་ཅིང་། ཆེད་དུ་བསྒྲུབས་ཏེ་དར་བར་སྤེལ་བ་དང་། མངའ་རིས་བདེ་བར་བྱ་ཞིང་། མཐའ་དག་སྙོམ་པར་མཆིས་ཀྱི་རྐྱང་བ་དང་། མངའ་མཛད་ཀྱི་མ་མཁྱེན་ན། རྒྱལ་ཁྲིམས་དང་སྦྱར་བ་ལ་སོགས་པ་ནི། འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། ཆར་བྱེད་ཀྱི་གདན་ས་དང་། མེས་ཁྲི་སྲོང་ལྡེ་རྩན་ལ་སོགས་གདུང་རབས་རིམ་པར་མཛད་པའི་ཆོས་རྩིགས་ཀྱི་མདོ་རྣམས་དང་། ངའི་རིང་ལ་མཛད་པ། ཝི་ཕུག་གསར་ཁྲིམས་ལས་འབྱུང་བ་བཞིན་བྱའོ། ཆོས་འཁོར་གྱི་དགེ་འདུན་རྣམས་ནི། བདག་དང་གཞན་གྱི་དོན། དེ་བཞིན་བཤེགས་པའི་བསྟན་པ་འཛིན་ཅིང་། སྤེལ་བ་ [26a.] ལགས་པས། ཕྲལ་བགྱིའོ་ཚལ་ལུགས་སུ་འཆད་པ་འཆིས་ཏེ། དགེ་འདུན་བགྱི་བོ་ཚལ་གྱི་ཡན་ལག ཆོས་ཀྱི་ཡི་གེ་འདུལ་བའི་གཞུང་དང་། སྔ་རབས་ཀྱི་ཡབ་མེས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པའི། ཆོས་ཁྲིམས་ཀྱི་གཞི་དག་ལས་ཀྱང་། ཞིབ་ཏུ་འབྱུང་མོད་ཀྱི། ད་ལྟར་འཕྲལ་དུ་བགྱི་བར་འོས་པ་ཆ་ཕྲ་བ་རྣམས། བླ་ནས་ཀྱང་རྣམ་གྲངས་སུ་ཕྱེ་སྟེ་བཀའ་སྨོས། འོག་ཏུ་གནས་བརྟན་ལ་སོགས་པ་དགེ་འདུན་སྡེ་མཐུན་པར་ཕྱི་གྲོས་སུ་བསྡུས་དེ། གཉེར་འགུམས་ཀྱང་གསོལ་ག ོ ། རྗེ་འབངས་སྤྱི་མོལ་གྱི་བཅད་ནས། ནང་ཁྲིམས་ཀྱི་ཡི་གེ་གཞུང་དུ་བྲིས་པའི་གཞི། དེ་པ་དགྲོནས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་འདས་པའི་དུས་སྐལ་པ་གྲངས་མེད་པ་གང་གི་རླུང་གི་བྱེ་མ་བརྙེད་འདས་ནས། སངས་རྒྱས་ཀྱི་ཞིང་འདིར་སྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ། འཁོར་ལོ་བསྒྱུར་བའི་རྒྱལ་པོ། རྩིབས་ཀྱི་མུ་ཁྱུད་ཀྱི་མདུན་ན་འདོན་བྲམ་ཟེའི་བརྡུལ་ཅེས་བྱ་བར (26b.) གྱུར་པའི་ཚེ། དེ་པ་རིན་ཆེན་སྙིང་པོའི་སྤྱན་སྔར་སྨོན་ལམ་ལྔ་བརྒྱ་བཏབ་པ་དང་། རྗེས་སུ་མཐུན་པར་བསྐལ་པ་བཟང་པོ་མི་འཇེད་འཇིག་རྟེན་གྱི་ཁམས། གླིང་བཞི་པ་བཅོམ་པ་དང་ལྡན་པ། རབ་ཏུ་སྙིགས་མ་ལྔ་དང་བཅས་པའི་གནས། བརྩོད་པའི་དུས་སུ་སེམས་ཅན་ཉོན་མོངས་པའི་སྙོག་པས་སླང་བ། འདིར་མངོན་པར་རྫོགས་པར་སངས་རྒྱས་ཏེ། འགྲོ་བ་རྣམས་གདུལ་བྱའི་རྐྱེན་དང་འཐུན་པར། རྣམ་པར་ཐར་པའི་སྒོ་མང་པོ་སྐྱེ་སྟེ། སེམས་ཅན་གྲངས་མེད་པ་ཞིག་ཐར་པ་མྱ་ངན་ལས་འདས་པ་དང་། བླ་ན་མེད་པའི་གོ་འཕང་ལ་བཀོད་པར་མཛད་དོ། དེ་ལྟ་བུའི་འཕགས་པའི་ལམ་ཕན་པ་དང་། བདེ་བའི་དོན་དུ་གསུངས་པས་བླ་ན་མེད་པའི་ཆོས་བདུད་རྩི་དང་མཚུངས་པ། མདོ་སྡེ་བཅུ་གཉིས་སྡེ་སྣོད་གསུམ་གྱིས་བསྡུས་པ་དག བསྡུད་པ་པོའི་འཕགས་པ་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་ཡོངས་སུ་བསྟད་ནས། དེ་དག་གིས་ཀྱང་ཡང་པར་བཟུང་བ་འདི། ད་ལྟར་ལྔ་བརྒྱ་པ་ཐ་མ་དང་ཉེ་ཏེ། གཟུགས་བརྙན་ཙམ་དུ་གནས་པའི་དུས་ལ་བབ་པས། ཡོངས་མིས་ [27b.] མཆོག་གཞུང་ལུགས་དམ་པ་དང་ནི་བྲལ། ཡོན་པའི་ལམ་འབའ་ཞིག་ནི་རྟེན། ཡོངས་སུ་ཕན་པའི་ཆེད་ནི་མི་བསྒྲུབ། བདག་ཕྱོགས་ཉི་ཚེ་ནི་བྱེད། འདི་ལ་ཕན་པའི་ཐབས་ནི་སྤངས། ཕྱི་མལ་བདེ་བའི་ལམ་ནི་མི་ཚོལ། སངས་རྒྱས་ཀྱི་ཆོས་ནི་སྐོལ། ཕྱིན་ཅི་ལོག་གི་དུད་འགྲོ་ནི་ལྟུང་། འགྲོ་བ་ཐར་བའི་གནས་དང་ནི་བྲལ། ངན་འགྲོའི་ཕྱོགས་སུ་ནི་འབབ་པ་ནི་ཤས་དྲག་སྟེ། དེ་པའི་བཀའ་ཚུལ་བཞིན་དུ་བསྒྲུབ་པ་དབུས་ཐ་གང་ནའང་ཉུང་ལ། ཁྱད་པར་དུ། ས་ཕྱོགས་འདི་ཐང་ཁོབ་ལྟ་བུར་འདུག་སྟེ། གསུང་རབ་སྙིང་པོའི་སྣོད་དུ་གྱུར་བ་དཀོན་ཞིང་། བདག་བཅག་ལྟ་བུ་བསོད་ནམས་ཆུང་ངུ་རྣམས་ཀྱིས་འདུལ་བར་དཀའ་བས་ཀྱང་ཐེག་པ་ཆེན་པོ་ལ་བཞོལ་བའི་གང་ཟག་དགེ་སློང་བསམ་སྟན་པ་དང་། ཆོས་སྨྲ་བ་དང་། ཀློག་པ་དང་། གནས་རྟན་པ། དགེ་སྐོས་དང་། ལག་གིས་བླ་དང་དམ་བཅའ་ལ་སོགས་པ་དང་། ལས་ཀྱི་རིམ་པ་ནི། འཕགས་པ་རིན་པོ་ཆེའི་ཅུང་པོ་མདོ་དང་། བལ་ (27b.) འདུལ་བའི་ཡི་གེ་དང་། ཀྲི་ཡ་ཀ་ར་ལ་སོགས་དང་། གདུང་སྔ་མ་ལ་སོགས་པས་མཛད་པའི་གཞུང་དག་ལས་སྨོས་པ་ལྟར་གྱིས་ཤིག དགེ་འདུན་གྱི་ཆོས་ལོག་རྣམས་མི་སྤྱད། པའི་ཁྲིམས་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བསྟན་པ་དང་། སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བའི་ལམ། དམ་པ་འདི་བསྒྲུབ་པ་ལས། གཞན་དམ་པའི་ཆོས་ལྟར་བཅོས་པ་ཕྱིན་ཅི་ལོག་གི་སྤྱོད་པ་དག་ནི་སྤང་བར་འོས་པ་ཡིན་པས། སྔགས་ལོག་པ་དང་། ལུང་དང་མན་ངག་ཏུ་གསོལ་བའི་ཆོས་ནོར་པ་དང་། ཕྱི་རོལ་བའི་ལྟ་བ་དང་། གཞུང་དང་། ཨ་ཏི་པ་དང་། བོན་དང་། མོ་དང་། ཞང་ཞུང་གི་གཙུག་ལག སྐར་སྟད་ཀྱི་རྩིས་ལོག་པ། ལུང་དང་མི་མཐུན་ཞིང་། ཚད་མ་དང་འགལ་བའི་མ་དག་པ་རྣམས་ཀྱང་མི་སློབ། གཞན་ལ་ཡང་མི་སྙད། ཡི་གེ་ཡང་མི་བཅང་། གལ་ཏེ་སློབ་པའམ། འཆང་བ་བྱུང་ན། ཆོས་བཞིན་དུ་ཆད་པས་བཏབ་པ། ཆུང་བ་ལ། ལྷ་ཕྱག་རྒྱ་ཡན་ཆད་བགྱིད་དུ་འཚལ། མ་འཆིས་ན། གལ་ཏེ་སློབ (28a.) པའམ། འཆང་བ་བྱུང་བ་བྱུང་ན། ཆོས་བཞིན་དུ་ཆད་པས་བཏབ་པས། ཆུང་བ་ལ་ལྷ་ཕྱག་རྒྱ་ཡན་ཆད་བགྱིད་དུ་འཚལ། མ་འཆིས་ན། ཕྲལ་མེར་བསྲེག་ཕྱིས་འདི་ལྟ་བུ་མ་སྤྱོད་ཅེས་ལན་གསུམ་བཀའ་བསྒོ། སྐྱེད་མི་མཆིས་ཞིང་། བློ་ངན་ལ་ཞེན་ན། ལོག་པར་སྤྱོད་པ་འདི་ལྟ་བུ་ལགས། ཅེས་པའི་ཡི་གེར་བྲིས་ཏེ་རྒྱལ་ཁམས་གཞན་དུ་དབྱུག་གོ དགེ་འདུན་གྱི་ཁྲིམས། འཕགས་པའི་ལམ་བདུལ་བྱའི་རྐྱེན་དུ་གསུངས་པ་འདི་ཡང་དབང་པོའི་རིམ་པ་དང་སྦྱར་ནས། བདག་དང་གཞན་ཆུད་མི་ཟ་བར་བསྒྲུབས་པ་ལས། མུན་སྤྲུལ་དང་། རང་དབང་དུ་ཕྱིན་ཅི་ལོག་གི་ཐེག་པ་གཞན་སྤྱོད་པ་ནི། དོན་དུ་མི་འགྱུར་བར་ངེས་པས། ཐོག་མར་སླབ་པ་ཚུལ་ཁྲིམས་ཀྱི་ཕྱོགས་འདུལ་བ་ལས་འབྱུང་བ་ལྟར། རིམས་ཀྱིས་མནོས་ནས་དམ་དུ་བསྲུང་། གསུང་རབ་མདོ་སྡེ། བསྟན་བཅོས་དག་མཁས་པ་ལ། རྟག་ཏུ་ཉན་ཅིང་། ཤེས་པའི་རྒྱུད་གྲོལ་བར་བྱ། ཐོས་པ་སྤེལ (28b.) ནས་དྲོད་སྒོམ་པ་ཅེས་ཏེ་བསམ་གཏན་ལ་འཇུག་གོ། གང་བྱང་ཆུབ་སེམས་དཔའི་རིགས་དང་ལྡན་པ་བྱུང་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་དུ་བཞུག་ཅིང་། བསླབ་པར་བྱ་བ་རྣམས་སློབ་པ་དང་། ཉམས་ལེན་ལ་འབོད། ཡང་ལ་ལ་དག་ཐེག་པ་ཆེན་པོའི་ཚུལ་ཟབ་ཅིང་། གསང་སྔགས་ཀྱི་སྣོད་དུ་གྱུར་པ། རྒྱུད་སྡེ་ནས་གནང་བའི་ཡོན་ཏན་རྣམས་དང་ལྡན་ལ། བློ་ཆོས་མཆོག་ཏུ་བཞོལ་བ་དག་ཡོད་ན། སློབ་དཔོན་གྱིས་ལེགས་པར་རྟགས་དེ། ཅི་སྐད་བཤད་ལ་ཚུལ་བཞིན་དུ་ཆོ་ག་དག་པས་དཀྱིལ་འཁོར་དུ་བཞུག་ཅིང་། སྔགས་ཀྱི་སྒོ་གསུམ་གྱི་དམ་ཚིག་འབོགས་པ་དང་། ཐེག་པ་ལ་རིམས་ཀྱིས་གཞོལ་བ། སྔགས་གཞུང་ཚད་མ་རྣམས་གཙོ་བོར་བྱས་སྟེ་ཁྲིད་ཅིང་གཞུག་གོ ཆོས་འཆད་ཀྱི་སློབ་དཔོན་སོ་སོ་དང་། རང་རང་བཀའ་དང་གཞུང་ལས་བྱུང་བའི་ཡོན་ཏན་དག་དང་ཡང་ཆ་ཤས་ཀྱིས་ལྡན་ལ། ཆོས་སྟོན་པ་རྣམས་བདག་གིས་ཀྱང་། ཁོང་དུ་རྟོགས་ཅིང་ཆུད་ལ་ (29a.) གཞན་དུ་ཡང་ཚིག་དང་ཡི་གེའི་སྒོ་ནས་མ་ནོར་བར་སྟོན་ཐུབ་པ། དེ་ནི་མཁས་པ་བཞན་གྱིས་ཀྱང་། མཁྱེན་ཅིང་ཡིད་བསྲེག་པར་བྱེད་པ། ལམ་ཕྲང་མ་ནོར་བར་ཁྲིད་པ་དག་བསྐོས་ཏེ། རང་དགར་གང་ཐད་གྱིས་ཐུགས་ཐུགས་དམས་སུ་མི་བསྐོ། ཆོས་འཆད་ཉན་ཡང་ལུང་དང་མཐུན་པའི་སློབ་མ་སྣོད་དུ་རུང་བ་བྱུང་ན། ཆོས་ལ་སེར་སྣ་དང་དཔེ་འཁྱུད་ཀྱང་མི་བྱ། དབང་པོ་དང་མི་འཚམ་ན། མཛའ་སྡེ་དང་། གྲོགས་ནོར་གྱི་ངོ་དགར་ཡང་མི་བཏང་། ཆོས་ལོག་པར་བཤད་པ་བྱེད་ན། ཤས་ཆེ་ཕྲ་དང་སྦྱར་ཏེ། འགྱོད་ཚངས་སུ་བགྱིད་འཚལ། དཔེ་ཆ་སྤྱིར་བཞེས། ཕྱིན་ཆད་དེ་ལྟར་མ་སྤྱོད་ཅེས་ལན་གསུམ་བསྒོ། སྐྱེད་མ་འཆེས་ནི། རྒྱལ་བའི་བཀའ་ཁྱད་དུ་བསོད་པ་པོ་ལགས་ཅེས་དཔྲལ་བར་ཡི་གེ་བྲིས་ཏེ་ཕྱོགས་གཞན་དུ་དབྱུང་ངོ་། ཡང་། དགེ་འདུན་རྣམས་ཐར་པའི་ལམ་དུ་བཞུག་ཅིང་། ཐམས་ཅད་ཀྱང་འཇུག་པ་དོན་གཅིག་པས། དམ་པའི་ཆོས་ཁོ་ནར་གཙོ་བོར་བསྒྲུབ་ཅིང་། ཕན་ཚུན་གཅིག་ལ་གཅིག (29b.) དད་ཅིང་། ཐུགས་མཐུན་པ། སྙིང་བརྩེ་བ་དང་། ཕན་པར་བསྒྲུབ་པ་ནི། བྱ་བའི་ཆ་ཁོ་ན་ཡིན་ཞིང་། ཁྱད་པར་འཚམས་གཅིག་ན་གནས་པའི་རབ་བྱུང་དང་། དགེ་བསྙེན་ཡན་ཆད་དང་། ཁྱིམ་སྤངས་གང་ཡང་རུང་། ཐམས་ཅད་ཡིད་འཐུན་ཞིང་། ཞེ་འབྲས་པ་དང་། ངན་དུ་བྱ་བ། འཁོན་དང་རྩོད་ཀླེང་མེད་དེ། ཕན་ཚུན་ཕྱོགས་སུ་ཆད་པ་དང་ཉེ་རིང་མེད་དེ། མཉམ་སྙོམས་པར་བྱས། ཆོས་འཁོར་དང་དགེ་འདུན་གྱི་ཕྱེད་དུ་གྱུར་པ་འབའ་ཞིག་བྱེད་པ་ལས། དྲང་ཐད་དང་དགོས་དོན་ཉི་ཚེ་མི་བགྱི། འཇིག་རྟེན་ཕྱི་མའི་ཕྱེད་ཆེར་བྱ་བ་ལས། ཚེ་འདིའི་སྙེད་པ་དང་གྲགས་པས་བཀུར་ཏི་མི་རྩལ། ཉེ་དུ་དང་མཛའ་གྲོགས་ཁྱིམ་པར་གྱུར་པ་ལ་སླག་པར་ཆགས་པ་དང་། ཞེན་དུ་མི་བགྱི། སླབ་པ་ལ་གནས་པ་རྣམས་ཉོན་མོངས་པས་མི་གཡེང་ཞིང་། དགེ་བའི་བྱ་བ་ཁོ་ནར་འགྱུར་དགོས་ཏེ། སྒོ་གསུམ་དམ་པའི་ཆོས་དང་འཐུན་ཞིང་། ལམ་མ་ནོར་བ་སྟོན་པ་རྣམས་ལས། ཆོས་ཉན་པ་དང་། བསམ་པ་དང་། སྒོམ་པ་དང་། བྲི་བ་དང་། ཀློག་པ་དང (30a.) འདོན་པ་དང་། དཀོན་མཆོག་འཆོད་པ་ལ་སོགས་པས་དུས་མདའ་བར་བགྱིད་འཚལ་སྟེ། ཞེས་སོགས་བཅའ་ཁྲིམ་ཀྱི་ཡི་གེ་མང་དུ་མཛད་དེ། བྲི་བར་མ་ལ། ཚུལ་ཁྲིམ་དཔག་བསམ་རྩ་བ་རབ་བརྟན་ཞིང་། མིག་འབྲས་གཡག་རྔ་སྲོག་ལྟར་འཕང་སེམས་ཀྱིས། གཅེས་སྤྲས་མ་འདྲེས་མ་ཉམས་བསྲུང་བསྡོམ་བརྩོན། དེ་སླད་སྟན་དད་བསྟན་འཛིན་ཁྱོད་གཅིག་ལགས།། དེ་ལྟར་ཡབ་སྲས་གསུམ་ཅར་རབ་ཏུ་བྱུང་བ་མཛད། རྒྱལ་སྲིད་ཐམས་ཅད་ཆོས་ལ་བསྟིམས་ནས། ཕྲལ་ཕུགས་སུ་ཇི་ལྟར་བྱུང་བའི་ཚུལ་བཀའ་རྟགས་སུ་མཛད་པ་ནི། སྔ་སོར་རྩང་གི་ཀ་སེ་ཧྲག་ཏུ་འཇིག་རྟེན་ཁྲིམས་ལུགས་རྩོ་ཆེར་མཛད་པ། པུ་ཧྲངས་ཀྱི་ཝི་ཕུག་མོར་མཛད་པ། ཆོས་ཁྲིམས་ཀྱི་གཞི་ཆེ་བ་དེ་བ་རཱ་ཛཱ། རྗེ་འབངས་བརྒྱ་རྩ་བརྒྱད་རབ་ཏུ་བྱུང་། དེ་དུས་ལྷ་རིས་སུ་ཆད། གུ་གེའི་ཡུལ་ཀ་རུ་ཧྲོགས། ནང་དུ་སྐོས་ཆེན་པོ་མཛད་པ་བྱམས་སྙོམས་གླིང་དུ་བཀའ་ཁྲིམས་ཀྱི་གཞི་བཏིང་པ། སོ་སོའི་མཛད་པ་བསྟན་པའི་སྐབས་ཡིན (30b.) ལྡབས་པ་མ་ཡིན་ནོ། དེ་རྗེས་ནཱ་ག་རཱ་ཛཱ་རབ་ཏུ་བྱུང་ནས། གུ་གེ མར་ཡུལ། པུ་ཧྲངས། པི་ཏི་རྣམས་ནས་གཞོན་ནུ་བློ་གསལ་ཞིང་ཡིད་གཞུངས་པ་ཉིས་བརྒྱ་ཐམ་པ་རབ་ཏུ་བྱུང་བར་མཛད་པ་ནི། ལྷ་འབངས་ཉིས་བརྒྱ་ཐམ་པ་རབ་ཏུ་བྱུང་བ་ནི་ལྷབས་འདུག་གོ དྲིལ་སྔོན་ནམ་མཁའ་ལས། ཆོས་འཁོར་བསྟན་པར་བཟུང་བའི་ཁྲིམས་ལ། མངའ་རིས་ནས་སྙིང་ཚོམ་སྡེ་གསུམ། ཆོས་འཁོར་བཟང་བར་ཕྱུང་སྟེ། སྐྱེ་བོ་རྗེ་འབངས་ཀྱི་དམག་ཁྲལ་བླ་འཐབ་མི་དབབ། སྤྱིས་བགྱི་ཚལ་ཞིང་དབབ་པའི་དམག་ཁྲལ་བགྱིད། རྗེ་བླས་ཐང་མ་ཡོ་ལྷ་རིས་སུ་ཕུལ་བ་ལས་གཞན་གྱི་དཀའ་མི་སྨྲ། ཆོས་འཁོར་གྱི་རྟེན་ཏུམ་ཡུལ་གྱི་གཞིས་བཟུང་བའི་ཞིང་ནས་ཁལ་སྟོང་གི་ས། དགེ་འདུན་གང་འཐད་པ་ལ་ཕྱེ་ནས་ལྷ་རིས་ཀྱི་ཞིང་ལས་ཀྱི་ཁྲིམས་མངའ་བརྒྱ་ཞིག་བཀོའ། ཕྱུགས་ཉེར་བའི་གྲོང་ཁྱིམ་བརྒྱ་འབྲོག་པ་ཕྱུགས་དང་བཅས་པ་འབྱུང་། གསེར་པ་གྲོང་ཁྱིམ་བརྒྱའི (31a.) ཁང་སོ་གཟུགས། གཙུག་ལག་ཁང་གུ་གེ་ཡུལ་ནང་དུ། ཁག་ཁྱེད་ཆེ་བ་ཞིག་དང་། གཉི་གོང་རྒྱབ་དུ་ཚམ་པ་ཞིག་སྤྱི་དགོས་རྩིག་དགེ་འདུན་གྱི་གྲངས་དང་། དབེན་པའི་ཕུག་གང་གི་མཁར་ཀྱང་ཚན་ཆེ་བ་ཅིག་བགྱི། སྔ་ཐབས་ལ་མཆེད་ཁུ་དབོན་རབ་ཏུ་གཤེགས་པའི་སྐུ་རྐྱེན། འབངས་ལས་དད་པ་ཅན་དང་། ཆུ་གང་གི་རྫོང་པ་དང་། འཕྲལ་དུ་བགྱིས་པ་དང་། པུ་ཧྲངས་ལས་གཞི་བཅུ། གུ་གེ་བོད་གཞུང་ལས་བརྒྱ་ཐམ་པ། པི་ལྕོག་སྡེ་གཉིས་ལས་སུམ་བཅུ། མར་ཡུལ་བ་ལས་སུམ་བཅུ་སྟེ། སྡོམ་པས་ཉིས་བརྒྱ་པོ་འདི་རྣམས་ཀྱང་། ཤེས་རབ་གསལ་བ། རང་བཞིན་བཟང་བ་བཏུས་ཏེ་ཐར་པར་བཏང་། དབུས་མཁམས་ནས་དགེ་བའི་བཤེས་གཉེན་མཁས་པ་གསུམ་ཞིག་སྤྱན་དྲངས། བསྟོད་རིས་འདི་ན་མི་བཞུགས་པའི་གསུང་རབ་མཐའ་དག་ཕྱོགས་ཀུན་དུ་བརྩལ། གཙུག་ལག་ཁང་གི་རྐྱེན། མཆོད་བྱ་ལ་སོགས་པ་དང་། དགེ་འདུན་གྱིས་ཡོ་བྱད་རྣམས་ཆོས་འབྱོར་བ་བཤམ། སྐྱེ་བོ་མངའ་མཛད་པའི་མངའ་རིས་ཀྱི་ (31b.) ནང་ནས། དགེ་འདུན་གྱི་མཚོ་བའི་རྐྱེན་བཅས་འཕྲལ་གྱི་ནས་མང་དུ་བཏང་། ཇོ་མོ་དང་ལྕམ་ལ་སོགས་པ་ལ་དགེ་སློང་མའི་བཞི་འཛིན་སྔོ་ཐོག་གཅིག་བྱུང་ན་མི་དགའ་ཅིང་། བུད་མེད་ལས་གཞན་ཡང་ཐར་པར་བཏང་། གནས་དང་གཙུག་ལག་ཁང་བསྟན་པ་ཞིག་ཀྱང་། དུས་དེའི་ཚེ་ན་རྩིགས་དེ་ཁོལ་བུར་བཞག མངའ་རིས་ཀྱི་འབངས་ན་གཞོན་པ་ཤེས་རབ་བཟང་བ། མཚན་ཉིད་བཟང་བ་ཁྱིམ་མེད་པ་ཉི་ཤུ་ཞིག་བཏུས་ཏེ། ལོ་ཉི་ཤུ་གསུམ་སོགས་སྨན་སློབ་དུ་རྩལ། སྨན་གྱི་ངོ་བོ་བསྟོད་རིས་སུ་ནུབ་པ། སྨན་དཀོན་པ་རྣམས་ཁ་ཆེ་དང་། ཁ་ཆེ་དང་། བལ་ཡུལ་ཉི་འོག་སོགས་སུ་ཚོལ་བའི་མི་ཚོང་དང་བཅས་པ་རྫོང་། གཙུག་ལག་ཁང་གིས་མཆོད་རྐྱེན། རོལ་མོའི་བྱེ་བྲག་རྒྱུད་འབུད་ལ་སོགས་ཆོས་འཁོར་ན་གནས་པས་སླབ་བོ། མངའ་མཐ་མི་འཁོང་བ་བསྲུང་བའི་ཕྱིར་ལྡོང་། སྟོང་། རོང་ཆུང་པ་རྣམས་མངའ་རིས་སྐོར་གསུམ་གྱི་བན་སྐྱ་ཕྱིས་ལྡོག སྟོད་རིས་ནས་ཆོས་འཁོར་ལ་བརློམ་ཤིང་། (32a.) ཕྱོགས་རིས་སྤྱད་པ་བྱུང་ན། མངའ་རིས་ཀྱི་བན་སྐྱ་རྒན་ནོངས་མ་མཆིས་པར། གཞན་གྱི་ཡུལ་དུ་དམག་མི་དྲང་། བཀས་མ་ཡོངས་ན་མངའ་རིས་སྐོར་གསུམ་སྐོར་གཉིས་ཀྱི་དམག་གིས་གདབ། བྱད་པ་ཆེན་པོ་བྱུང་སྟེ་སྐད་ཐོས་ན་ཡུ་གུའི་སྐྱེ་འོ་སྤྱིས་རྒལ་བྱག་པ་ཕྲ་མོ་གང་བྱུང་ནའང་། མངའ་རིས་ས་སར་སྣ་ལྟབ། ཁྲལ་འབབ་བྱག་པ་ཀུན་ལ་ཁོག་ཏུ་ཆུད་པའི་བཙོན་མི་རྐུམ་དམག་ཁྲལ་དཔོན་དང་། ས་མཁན་དུ་ཟིན་ཀྱང་སྦས་ཡུལ་ཤར་པ་འོག་གི་མི་དུ་གུམ་ཡང་མི་གཅིག་ལ་སྲང་བཞི་བཅུ་སྤྱིར་བཀྲལ་དེ། དགེ་འདུན་གྱི་སྡིག་སྦྱོང་དང་དགེ་བ་བགྱི། ལ་ཁོག་དུ་ཆུད་པ་ལས་མི་ཤ་བ་བསོད་པ་བྱུང་ན་མི་བཟང་ངན་གང་རྐུམ་ཡང་འདྲ་སྟེ། རྟ་རབ་འབྲིང་ཐ་གསུམ་གསུམ་རེ་རེ་འབབ། མི་ཤ་བ་ནི་འདེམས་ཤིང་། བླུད་འབབས་སུ་གནས། མངའ་རིས་ཀྱི་འབངས་སྐྱ་བོ་རྣམས་ཀྱིས་གསོ་རྟ་སྟར་ཤིང་དཔའ་རྩལ་སྦྱངས་དབྱར་ལོ་ལོར་དཔའ་སྟར་གྱི་ངཽའ་བྲལ་དུ་བྱེད་ཅིང་མི་བགྱིད། ས་ལ་ཁྱད་པར་དམིགས་སུ་བགྱི། གཡར (32b.) ལོ་ལོར་བྱང་ཁྲུས་བགྱི་ཞིང་རྣམས་གླན། དགུན་པུ་གུག་གི་ཕྱུག་མའི་ཁད་བསྲུངས་ཞིབ་ཅན་སྟོང་ཞིག་ཁྱུང་ལུང་དུ་བཞག་ལ། ཡ་ཡོད་ཀྱི་མཁར་རྣམས་སྦྱངས། ཉེ་འཁོར་གྱི་འབྲོག་ཡོངས་པར་བསྲུངས། པུ་ཧྲངས་པས་བྱུ་དཀར་པ་མན་ཆད་ཁ་བསྟོད་ཀྱི་ཡུལ་བརྙན་པོ་བཟུང་། གུ་གེ་བོད་གཞུང་གིས་གཉི་གོང་དང་ཝན་ལེ་བཟུང་། རུ་ཐོག་མར་ཡུལ་བས་བཟུང་། མིས་ཆོས་ལུགས་མ་ནོར་བར་སྤྱད་པ་ལ། རྣལ་འབྱོར་ཆེན་པོའི་ལམ་སྔར་ཐོས་ཤིང་ཡིད་ཆེས་སྟེ་དེ་ལ་མོས་པ་རྣམས་ཀྱིས་ཕྱིས་དཔང་དུ་ག་ལ་རུང་། གཞུང་དང་མཐུན་པར་བསྒོམ་པ་ལ་ནན་ཏན་བགྱིད་འཚལ། སློབ་དཔོན་ཡོན་ཏན་ཚད་ལྡན་དང་། སློབ་མ་ཡོན་ཏན་ལྡན་པས་སྤྱིར་བཤེར་ཞིང་། བཏགས་ནས་ཆོས་ཉན་པའམ། ཚོགས་ནས་བསྒྲུབ་པ་བགྱིད་དུ་གནང་། གང་རུང་རུང་བགྱིད་དུ་མི་གནང་། རུང་རུང་དུ་བགྱིས་ན་སློབ་དཔོན་ལ་ལྟ་ཞིང་སློབ་མ་ལ་དུ་བགྱིས་ཀྱང་སྲང་རེ་རེ། ཚོགས་དཔོན་བབ་ཆོལ་དུ་བགྱིས་ན་སྲང་གཉིས། སློབ་མ་དང་ཚོགས་སུ་མཆིས་པ་ལ་སྲང་ཕྱེད་ཕྱེད་སྤྱད (33a.) ཡུལ་དང་ཕྱོགས་གཞན་གྱི་ལྡམ་པ་བོ་ལ་ལྡམ་རྩན་སྲང་རེ་བརྩལ། ཀློག་མཁན་དང་སྔགས་སྒོ་གསུམ་གྱི་ཆོ་ག་དག་ཅིང་ཕན་བསོད་དུ་བགྱི་བ་ལས་ལྟར་སྣང་གི་འདྲེ་མཆོག་ལྟ་བུ་བགྱིད་དུ་མི་གནང་། བགྱིད་པ་བྱུང་ན་སློབ་དཔོན་ལ་སྲང་གཅིག་ཡོན་བདག་ལ་སྲང་གཅིག་བཅད། ལྡམ་ཟན་སྲང་ཕྱེད་རྩལ། འབངས་ཕ་མ་ལ་སྲིད་ཞུ་ཆུང་སྟེ་བརྡེག་པ་ལ་སོགས་མི་འོས་པ་བགྱིད་པ་དང་། ཡུལ་ཞིང་དང་ཕྱོགས་ནས་མི་ཆོས་བླ་མའི་རྫུན་ཡོན་ཏན་ཆེན་པོ་དང་རྫུ་འཕྲུལ་མེད་བཞིན་དུ་ཐོབ་བོ་ཞེས་བླེང་བ་དང་། བྱ་བ་དང་བྱི་བ་མན་ཆད་བསོད་པ་ལྷག་པར་རི་དགས་ཀྱི་ཤས་ཆེད་སྲོག་བཅོད་པ་རྣམས་ནི། འཕྲལ་དུ་སྤྱད་ཅིང་ཆད་པ་དབབ་ལ་གན་བཅུག་ཕྱུག ཡུལ་སོ་སོ་ནས་ལྷ་ཁང་དང་མཆོད་རྟེན་ཞིག་རལ་དུ་སོང་ན་བསོའ། ཡུལ་གྱི་དགེ་འདུན་དུ་མཆིས་པ་རྣམས་ཀྱི་མ་ཞིག་བར་བསྲུང་། བཙན་པོ་མངའ་མཛད་རིམ་པས་ཀྱང་གཙོ་བོར་མཛད་དེ་བཀའ་ལུང་ཆེར་གནང་བཙན་པོ་རྣམས་ཀྱི་ཆོས་རྩིགས་སུ་བགྱི་བ་ལ་རབ་ཏུ་བཤེགས་པ་དང་། སྐྱ་བོར་བཞུགས་ཀྱང་རུང་སྟེ། དཀོན་མཆོག་གསུམ་གྱི་སངས་རྒྱས་དང་ [33b.] ཆོས་དང་དགེ་འདུན་དང་རེང་གཟུགས་བརྙན་གྱི་སྐུ་རྣམས་དང་། དེ་པའི་བསྟན་པ་ཞིག་རེ་བཙུག་ལག་ཁང་དང་། མཆོད་རྟེན་གླེགས་བམ། དགེ་འདུན་དགེ་བ་རྣམས་རྙན་པར་རྩི་ཞིང་བཙུན་པ་མི་བཀུར་རེ། འབངས་ལ་དཀོན་མཆོག་གསུམ་ལ་གནོད་ཅིང་བཞིག་ཅེས་གསོལ་ཞིང་མཆིས་ནའང་། བསན་རེ་མཛད་རེ། བཙན་པོ་མངའ་མཛད་མན་ཆད་དབོན་སྲས་ཆུང་ངུར་བཞུགས་པ་ཡན་ཆད་ཀྱིས་ཆོས་ཐུགས་སུ་ཅི་ཆུད་མི་མཛད་རེ། འབངས་སོ་སོས་ཀྱང་ཆོས་སློབ་ཅིང་སྤྱོད་པའི་སྒོ་དགག་རེ། དུས་དེ་རིང་མན་ཆད་འབངས་ཆོས་ལ་དད་པའི་མི་རྣམས་མི་དགག་པར་ཐར་པར་མི་མཛད་རེ། དངོ་ཐོགས་པ་ལ་དགེ་འདུན་གྱི་ལས་རིམ་བཞིན་དུ་བཀོས་ཏེ། དམ་པའི་ཆོས་དར་ཞིང་རྒྱས་པ་ཞིག་མི་མཛད་རེ། རབ་ཏུ་བྱུང་བ་རྣམས་ནན་གྱི་དབབ་རེ། ཁྱིམ་པའི་རྙན་ཕྲིན་ལ་བཏགས་ནས་གྱོད་སྨྲ་རེ། ཆོས་འཁོར་ལ་རྟོགས་པ་དང་ལྷ་རིས་ཀྱི་མིའི་བན་གསུམ་སྤྱི་སྔོ་ཞིང་ཕུལ་བ་རྣམས་ནམ་ནམ་ཞར་དུ་དཀྲི་ཞིང་ཀྱུང་རེ། ད་ལྟ་འདིར་སྤྲོལ་ཇི་ལྟར་བསྟོད་པ་ལས་གཞན་དུ་མ་ལེགས (34a.) པ་བཅོས་རེ། དགེ་འདུན་ལས་དང་བཙན་པོའམ་འབངས་དཀོན་ཅོག་གསུམ་བཞིག་ཅིང་ཁུ་བའི་བསམ་པ་ཅན་ཞིག་བྱུང་ན་ཕྱོགས་རིས་གཞན་དུ་མི་བཅུག་རེ། སྐྱེ་བོ་མངའ་མཛད་རྣམས་ལས་དབོན་སྲས་མང་དུ་འཕེལ་ན་གདུང་མི་འཆད་པའི་ཕྱིར་རེ་རེ་ཞིག་བཞག་པ་ལས་སླད་མ་ཡོ་རབ་ཏུ་མི་བྱུང་རེ། ཡུལ་གྱི་སྣད་ཀྱི་མི་བཞུགས་སུ་མི་རུང་བའི་སྐྱ་བོ་གཉིས་གསུམ་བཀོའ་བ་ལས་མངའ་མཛད་པའི་གྲངས་ཅི་ཉུང་གི་ཐབས་སུ་མི་མཛད་རེ། བཙན་པོའམ། འབངས་སྐྱ་བོ་ནས་ཆོས་འཁོར་འཇིག་པའི་ལས་མངའ་རིས་སུ་བཤོམ་པ་བྱུང་ན། ཁྲིམས་ཆེན་པོ་ལ་སྦྱར་ཞིང་བཅུག་པ་མན་ཆད་ཉེ་རིང་ལ་ཐུག་ཀྱང་ཕོད་མི་བགྱིད་རེ། མངའ་རིས་སྐོར་གསུམ་གྱི་འབངས་ཆོགས་རིས་མེད་པར་ཅེས་ཀྱི་རྐྱང་ཞིང་ཅི་བདེར་འགྱུར་བའི་ཐབས་མི་མཛད་རེ། སྤྱིས་ཀྱི་བླ་དང་ཡ་རབས་ཀྱི་ཁོག་པ་ཉི་ཚེ་ལ་དགོངས་པ་ལས། རྐྱེན་ཕྲ་མོས་འབངས་སྤྱི་སྒེར་གནོད་པ་ཆེན་པོ་མཛད་རེ། བློ་བ་ཉེ་རིང་དང་། འཛངས་ངན་དང་། དཔའ་དྷར། ཁྲིམས (34b.) འགལ་དང་། མི་འགལ་བ་སོགས་ཀྱི་བྱེ་བྲག་ཡང་དག་པར་བརྟགས་ཤིང་དཔྱད་དེ་བྱེད་པར་བྱས་ནས། བྱ་དགའ་དང་འཆད་པ་དམིགས་སུ་འབེབས་པ་མི་མཛད་རེ། ཅི་འགྲུབ་ཀྱིས་རང་གི་འབངས་ཡོངས་དགེ་བ་ལ་འཛུད་ཅིང་། མི་དགེ་བ་ལས་བཟློག་ནས་དགའ་པའི་ཐབས་སུ་མི་མཛད་རེ། བཙན་པོ་མངའ་མཛད་རྣམས་བཀའ་བྲོས་མི་བྲལ་ཞིང་ཆབ་སྲིད་གཅིག་པ་ཅིག་མི་མཛད་རེ། མདོར་ན། བསྟོད་མངའ་རིས་འདིར་ལེགས་ཤིང་མ་ནོར་བ་ནི་སྤེལ། ཉེས་ཤིང་ནོར་པ་སྤོང་བའི་ཐབས་ཁྲིམས་ཡིག་ཆེན་མོ་ལས་ཇི་ལྟར་འབྱུང་བ་བཞིན་མི་མཛད་རེའི། བློན་སྲས་ཇོ་མོ་བློན་པོ་ཡུལ་གྱི་དབང་བགྱིད་པ་རྣམས་ཀྱང་གདུང་རབ་རེ་རེ་ལ་ཆོས་ཁྲིམས་འདི་བཙན་པ་བགྱི་བའི་བྲོས་མི་འཚལ་རེ། ཁྱུང་ལུང་དང་ཤེ་བེ་བ་ལ་སོགས་ཡུལ་གཞན་ན་བཞུགས་པའི་གཙུག་ལག་ཁང་མི་བཞིག་ཅིང་གནོད་པ་ཙམ་དུ་ཡང་མི་བྱེད་ལ། ལྷ་རིས་ཀྱི་མི་ཞིང་ཆེ་ཕྲ་ཅི་མཆིས་ཀྱང་ཞལ་མི་བཟུར་རེ། དེ་རྣམས་སུ་འབྲི་ཀློག་ཡན་ཆད (35a.) དགེ་བའི་ཕྱོགས་སུ་ཅི་དར་དུ་མི་བགྱིད་རེ། རྗེ་འབངས་དབང་ཆེ་བ་དག་ལས་འདིར་གྲོ་མ་ཚལ་བ་རྣམས་ལ་ཕྱིས་གྲོ་མི་དགག་རེ། འདི་ལྟར་དམ་བཅས་པ་ལ་འགལ་བ་བགྱིས་ན། ཞེས་སོགས་མང་དུ་འབྱུང་སྟེ། ཤིན་དུ་འཇིགས་པས་མ་བྲིས་སོ། ཡང་ཡེ་ཤེས་འོད་ཀྱི་འབངས་ཁྱིམ་པ་དང་བན་སྐྱའི་ཚོགས་ལ་གྲོ་འཚལ་བའི་མདོ། དཀོན་ཅོག་གསུམ་བཞིག་ཅིང་སྤོང་ཏེ། དེ་ལྟར་སྨྲ་བ་ཞིག་བྱུང་ན་མཐུའ་ཅི་མཆིས་པས་དབང་དུ་བཏང་དེ། བཙན་པོ་འབངས་དགེ་བ་ལ་དད་ཅིང་བསྒྲུབ་པ་ཞིག་མཆིས་ན་དགག་རེ། ཆོས་འཁོར་དང་ལྷའི་རིས་སུ་སྔོས་པ་ཐབས་ཀྱིས་དབྲི་སྟེ། རབ་ཏུ་བྱུང་བ་རྣམས་ཁ་བྲང་བའམ། སེམས་བསྒྱུར་དེ་དབབ་པའི་ཐབས་བགྱིད་རེ། མངའ་འབངས་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་དཀོན་ཅོག་གསུམ་རྟནཞིང་བཙུན་པར་མི་སྐུར་རེ། དཀོན་ཅོག་གསུམ་གྱི་རྐྱེན་རིས་འབྲོག་ཕྱུགས་དང་རྐང་འགྲོས་ལ་སོགས་ཀོར་དུ་ཚལ་ཐམས་ཅད་རྩོལ་བ་ཕོད་དུ་ཏང་རེ། མཆོད་བརྟེན་དང་བཅོ་ཁྲི་དང (35b.) སྐུ་གཟུགས་བཀའ་ནན་གྱི་ཆུམས་ཤིང་གང་ལ་འོས་པའི་ཆད་པ་གཅོད་པ་མི་མཛད་རེའི་ཞེས་སོགས་ཀྱང་འབྱུང་།

རྡོ་རྗེའི་གདུང་ལས་མཐུ་ཆེན་ཁྲོ་བོར་སྤྲུལ། །ཀླུ་དབྱིངས་འཇམ་དབྱངས་ཆོས་དབྱིངས་གསུང་གི་དབང་།

འཛམ་གླིང་འདིར་ནི་ཤཱཀ་རིགས་མིའི་རྗེ། །ནཱ་ག་རཱ་ཛཱ་ཐུབ་དབང་བསྟན་པའི་བདག

འཁོར་ལོ་བསྒྱུར་རྒྱལ་དེའི་མཛད་ཚུལ་ནི། །ཆོས་རྒྱལ་ཨ་ཤོ་ཀ་ཡི་རྗེས་འཛིན་ཅིང་།

དཔལ་ལྡན་ཀླུའི་སྲིད་བསྒྲུབ་དང་མཚུངས་པས། །གང་གི་རྣམ་ཐར་བདུད་རྩིའི་ཐིགས་པ་བྱ།

དེ་ཡང་ལྷ་ནཱ་ག་རཱ་ཛཱས། ཁ་ཆེའི་ཡུལ་པ་དག་ཤ་དུང་གི་སྒོ་མོ་ནས་བཟོ་རིགས་པ་མཁས་པ་མང་པོ་བོས་སྟེ། ཐུབ་པ་དག་ཤ་ནས་ཐོག་དྲངས་ལི་སྐུ་ཆེ་བ་རྣམས་དང་། མདོ་བརྒྱད་བརྒྱ་པ་ལས་གསུངས་པའི་བདེ་བཤེགས་བརྒྱད་ཆ་ལྔ་དང་། ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཚང་མ་དངུལ་ག་ར་ལུགས་རྐྱང་པ་ལས་བཞེངས་པ། གཞན་དངུལ་སྐུ་དང་། འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་ཚང་མ། ཆོས་དབྱིངས་གསུང་དབང་གི (36a.) དཀྱིལ་འཁོར་ལྷ་ཚོགས་ལ་སོགས་པ་སྔགས་སྐུ་མང་དུ་བཞེངས་པ་ནི་གྲངས་ཀྱིས་མི་ལང་བ་ཡིན་ལ། ཁྱད་མཚར་པ་པར་དབུ་སྡེ་ཆེན་པོ་འཛུགས་པ་མཛད་དེ། ལྷ་ཁང་གི་དཀར་ཆག་ལས་ལྷ་ནཱ་ག་རཱ་ཛཱས་བཞེངས་པ་རི་ཆོ་འཕྲུལ་རྨད་བྱུང་གི་གཙུག་ལག་ཁང་གི་གཙོ་བོ། འཇམ་པའི་དབྱངས་དངུལ་ག་ར་ལུགས་ཀྱི་སྐུ་རྐྱང་པ་ལ་ཁྲུ་ཚད་བཞི་པའི་རྒྱན་གང་ཡོད་གསེར་ཀྱང་གི་བསྒྲུབས་པ། དབུ་རྒྱན་སྲོག་གསུམ་ཟླ་ཚེས་གསུམ་སེང་མགོ་བཞི་ཀ་ལ་གསེར་གྱི་ལན་ཀན་གཡུའི་མེ་ཏོག་འཕྱང་བ་ལ་གཡུ་ཕྲ་ཚད་ཆེ་འབྲིང་ལྔ་བཅུ་བརྒྱ་རྩ་བཅུ་གསུམ། སྲོག་ཤིང་གི་དབུས་སུ་གཟི་རིངས་གསུམ། རིན་པོ་ཆེའི་ཀོད་ཀོ་ན་བཞི་བཅུ་རྩ་གསུམ། དབུའ་ཐོད་ལ་གཡུ་གྲུ་བཞི་པ་འཐེབ་ཆེན་ཚད་བཞི། གཟི་ཐོང་དྲུག་སྤེལ་ཏེ། གསེར་གྱི་སེང་མགོ་ལྔ་ལ་མུ་ཏིག་ཕྲེང་གཉིས་གཉིས་ཀྱི་དོ་ཤལ་འཕྱང་བ། སྟེང་དུ་གན་ཆའི་མུ་ཏིག་སྲན་ཚད་ཙམ་ཕྲེང་གཅིག་ལ་བདུན་བཅུ་རྩ་བརྒྱད། སྙན་གོང་གཡས་གཡོན་ན་གསེར་གྱི་པདྨ་ཁ་ཆེས་ཆེ་བ། གཡུའི་ཕྲ་དགུ་དགུ་པ་རེ། གསེར་གྱི་སྙན་ཆ་གོང་མ་གཉི ས་ལ་གཡུའི་ཕྲགཉིས་གཉིས། རྡོ་རྗེ་ཕ་ལམ (36b.) གཉིས་གཉིས། གསེར་གྱི་སྙན་ཆ་གཡས་གཡོན་ལ་བཻ་དུར་རྱ་སྔོན་པོ་ལོང་མོའི་ཚད་རེ། རྡོ་རྗེ་ཕ་ལམ་བཅུ་གསུམ། པུག་ལེགས་པ་འཐེབ་ཆེན་གཅིག གཡུ་ཕྲ་བཅུ་དྲུག ཀེརྐ་ན་བཞིའི་ཁྲ་བཙལ་བ། ཨིནྡྲ་ནི་ལ་གཉིས། རྡོ་རྗེ་ཕ་ལམ་བཅུ་གསུམ། གཡུ་ཕྲ་ཆེ་འབྲིང་བཅུ་གཅིག། པདྨ་རེ་ག་ལྔའི་ཕྲ་བརྩལ་བ། གསེར་གྱི་དབུ་ཆིངས་གཡས་གཡོན་དུ། རེ་རེ་ལ་མན་ཤེལ་དང་། ནོར་བུ་སྔོ་དམར་བཞི་བཅུ་རྩ་གསུམ་གྱི་ཕྲ་བཙལ། མུ་ཏིག་སྲན་ཚད་ཕྲེང་གཉིས་ལ་གསེར་གྱི་ཕྲ་སྒྱུར། མ་ཧཱ་ནི་ལ་ཌི་ལོང་མོ་ཚར་གཅིག ཨིནྡྲ་ནི་ལ་བཞི། རྡོ་རྗེ་ཕ་ལམ་བཅུ་བཞི་རྩལ་བའི་མགུ་ར་ཆུང་གཅིག ཡང་གསེར་གྱི་མགུར་མཆུ་ལ་གཡུ་དཀར་ལེབ་ལུག་ལོང་ཚད་གཅིག གཡུ་ཕྲ་ལྔ་བཅུ། ཀརྐེ་ན་སུམ་བཅུའི་ཕྲ་བཙལ། གསེར་གྱི་པུ་ཏྲི་ཕྲེང་གཅིག བར་དུ་བམ་ཤ་མུ་ཏིག་སྲན་མ་ཆེ་ཚད་ཕྲེང་གཉིས་ལ། དགུ་བཅུ་རྩ་བདུན། ཡང་གསེར་གྱི་པུ་དྷི་དང་། མུ་ཏིག་ཕྲེང་གཉིས་སེ་མ་དོ་འཐོ་ཚད་ལྔ་ལྔ་པ་ལ་བར་བར་དུ་གསེར་གྱི་བུང་ཚང་གཡུའི་ཕྲ་ཅན་བཞི་བཏང་པ། གསེར་གྱི (37a.) དཔུང་བརྒྱན་སེང་གེའི་ཁ་ནས་པུ་ཏྲི་ལ་གཡུའི་མེ་ཏོག་འཕྱང་བ། སྟེང་འོག་ནས་གཡུའི་ཕྲ་བཅོ་བརྒྱད། གཡུ་ཆེ་བ་གྲུ་བཞི་པ་རེ། ཀརྐེ་ན་བཅུ་བཅུའི་ཕྲ་བཙལ་བ་རེ་རེའ། གསེར་གྱི་གདུབ་བུ་ལ་གཡུ་ཆེ་བ་བཅུ་བཞི་བཅུ་བཞི། ནོར་བུ་དམར་པོ་བཅུ་གཉིས་བཅུ་གཉིས་ཀྱི་ཕྲ་བརྩལ་བ། གཡས་གཡོན་ན་རེ་རེ། གསེར་གྱི་སོར་མདུབ་ལ་གཡུ་ཕྲ་གཉིས་གཉིས། རྡོ་རྗེ་ཕ་ལམ་གཉིས་གཉིས། པདྨ་རེ་ག་དྲུག་དྲུག་གི་ཕྲ་བརྩིལ་བ་གཡོན་པ་གཅིག གཡས་པ་ལ་གཉིས། གསེར་གྱི་སྐུ་རགས་སྟེང་འོག་དུ་པུ་ཏྲི་མཐོ་དོ། སོར་མོ་བཞི་པ་གཉིས་གཉིས་བཏང་བ་ལ། གསེར་གྱི་ལན་ཀན་ལས་གསེར་གྱི་དབྱེར་ཁ་འཕྱང་བ། དབུས་སུ་གཡུ་བཟླུམས་པ། ལོང་མོ་ཆེ་བ་ཚད་གཅིག གཡས་གཡོན་དུ་གཡུ་གྲུ་བཞི་པ་གཉིས། ནར་མོ་གསུམ། གཟི་ཐོང་བཞི་དང་སྤེལ་བ། གཡུ་ཆུང་བ་བཞིས་ཕྲ་ཙལ་བ་གཅིག གསེར་གྱི་སོར་གདུབ། གཡས་པ་གཡུ་ཕྲ་ལྔ། གཡོན་པ་ལ་བཞི། པདྨ་རེ་ག་ཉི་ཤུ་རྩ་བཞི་རྩ་བཞི། གཡེར་ཁ་བཞི་བཞི་འཕྱང (37b.) འཕྱང་བ། གཡས་གཡོན་རེ་རེ། མུ་ཏིག་ཕལ་ཆེན་སྲན་མའི་ཆེ་ཚད་སྒྲིགས་པའི་དོ་ཤལ་ཕྲེང་བརྒྱད། ཁྲུ་བདུན་པ་ལ་བར་བར་དུ་གསེར་གྱི་རྡོ་རྗེ་གཡུའི་ཕྲ་རེ་རེ་བཞི་དང་། གཡུའི་མེ་ཏོག་གསེར་གྱི་ཕྲ་སྐུད་རྩལ་བ་བདུན་ལ། གཡུ་ཆེ་ཕྲ་བཞི་བཅུ་རྩ་བརྒྱད། ཀརྐེ་ཏ་དང་ཨིནྡྲ་ནི་ལ་དྲུག་ཅུ་རྩ་གསུམ་གྱིས་རྩལ་བ་ཟུངས་སུ་བཏང་པ་གཅིག གཡས་གཡོན་དུ་དངུལ་གྱི་པུ་ཏྲི་བཞི། འབྲོང་མིག་དང་བཅས་པ། བརྒྱན་གྱི་སྤྱི་སྡོམ་རགས་པ་བརྩམ། བཻ་དུར་ཡ་གཉིས། ཨིནྡྲ་ནི་ལ་ཉེར་གསུམ། པདྨ་རེ་ག་ཆེ་འབྲིང་སུམ་བཅུ། རྡོ་རྗེ་ཕ་ལམ་ཆེ་འབྲིང་བཞི་བཅུ་རྩ་ལྔ། གཡུ་ཆེ་བ་བཅུ་བཞི། གཡུ་འབྲིང་རྩལ་བ་སུམ་བརྒྱ་བདུན་བཅུ་རྩ་ལྔ། གཟི་རིངས་གསུམ། གཟི་ཐོང་བཅུ། ཝང་ཤའི་མུ་ཏིག་ཕྲེང་གསུམ། མུ་ཏིག་སྦོམ་ཕྲ་ཆེ་འབྲིང་གསུམ་གྱིས་མ་ཚང་བའི། ཕྲེང་ཉི་ཤུ་རྩ་གཉིས། ཀརྐེ་ན་ཉིས་བརྒྱ། རྩ་བཅུ་གསུམ་ནོར་བུ་སྔོན་དམར་མན་ཤེལ་འདྲེས་པ་བརྒྱ་བཅུ་རྩ་དྲུག གསེར་གྱི་པུ་ཏྲི་བཞི། གཡེར་ཁ་བཅུ། སེང་མགོ་དང་། ཟླ་ཚེས་ལ་སོགས་པ་གསེར (38a.) སྟོལ་ལོ་ཉིས་བརྒྱ་ལྔ་བཅུ་ལས་གདུངས་པས་བརྒྱན་པའི་བྱང་ཆུབ་སེམས་དཔའ་ཕྱག་ཡས་ན་རལ་གྲི། གསེར་གྱི་ཡུ་བ་ཕྲ་ཅན་ལ་གསེར་གྱི་རྡོ་རྗེའི་རྩེ་མོ་ཅན། གཡོན་ན་གསེར་གྱི་ཨུཏྤལ་བསྣམས་ལ། ར་གན་གྱི་འོད་འཁོར་རྡོར་ར་དང་གདན་ཁྲི་དང་བཅས་པ་བཞེངས་པ་དང་ཁྲུ་གང་པ་གཅིག ཡང་དངུལ་གྱི་འཇམ་དཔལ་གསེར་གྱི་བཅོད་དཔན་གཡུའི་ཁྲ་ཅན། ར་གན་གྱི་འོད་གདན་ཁྲི་དང་བཅས་པ། ཡང་དངུལ་གྱི་འཇལ་དཔལ་ཐོ་གང་པ། དངུལ་གྱི་སྤྱན་རས་གཟིགས་ཐོ་གང་བ། གསེར་གྱི་བཅོད་དཔན་དང་རྒྱན་ཅན། ར་གན་གྱི་འོད་གདན་ཁྲི་དང་བཅས་པ་རིགས་ལྔ། རྡོར་དབྱིངས་ཀྱི་དཀྱིལ་འཁོར་གཙོ་བོ་དངུལ་གྱི་རིགས་ལྔ། གསེར་གྱི་བཅོད་དཔན་དང་རྒྱན་ཅན་འཛུབ་གང་བ་ར་གན་གྱི་གདན་ཁྲི་དང་བཅས་པ་ལྔ། ཡུམ་བཞི་ནི་སྐུར་བཞེངས་ཏེ། ག དངུལ་གསེར་གྱི་བརྒྱན་ཅན་ཁྱུད་གང་བ་བཞི། དངུལ་གྱི་སེམས་དཔའ་ཁྱུད་གང་བ་བཅུ་དྲུག དངུལ་གྱི་མཆོད་པའི་ལྷ་མོ་བརྒྱད། དངུལ་གྱི་སྒོ་བ་བཞི། སྡོམ་པས་སོ་བདུན (38b.) པོ་ཐམས་ཅད་ལ་གསེར་གྱི་བཅོད་དཔན་དང་། བརྒྱན། ར་གན་གྱི་གསེར་ཁྲི་དང་བཅས་པའི་དངུལ་གྱི་མཆོད་རྟེན་གསེར་གྱི་རྒྱན་ཅན་འཐོ་གང་པ་གཅིག དངུལ་སྐུ་ཕྲན་བཞི་བཅུ་རྩ་དྲུག གསེར་གྱི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲའི་སྤྲས་པ་འཛུབ་གང་བ་གཅིག་གི་མགོ་དྲངས་གསེར་ག་ར་ལུགས་ཀྱི་སྐུ་ཕྲན། ར་གན་གྱི་ཤཱཀྱ་ཐུབ་པ། སྤྱན་རས་གཟིགས། ཕྱག་རྡོར། གཞན་དེ་པ་བརྒྱད་རྩེ་ཁྲུ་དོ་ཡོད་པ། འཕགས་པ་ཞལ་བཅུ་གཅིག་པ་དང་དངུལ་གྱི་རྒྱན་ཅན་ཤིན་ཏུ་ལེགས་པ་རྩེ་འཁྲུ་གསུམ་པ་གཅིག ཡང་སྤྱན་རས་གཟིགས་ཕྱག་གཉིས་པ་ཤཱཀྱ་ཐུབ་པ་རིགས་གསུམ་མགོན་པོ་ཁྲུ་ཕྱེད་དང་དོ་པ། འབྲིང་ཚད་ཞལ་བཅུ་གཅིག་པ་གཅིག་གི་ཐོག་དྲངས་ཤིན་ཏུ་ལེགས་པ་དམིགས་སུ་བསྡུས་ནས་བཞུགས་སོ་གསོལ་བ་བརྒྱད་བཅུ་རྩ་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ར་གན་ལ་བཞེངས་པ། འཛུབ་གང་བ་བཞི་བཅུ་ཞེ་བདུན་སྐལ་བཟང་གིས་སེམས་དཔའ་བཅུ་དྲུག་ཡུམ་བཞིའི་ཕྱག་མཚན་དུ་བྱས་པ། ཙན་དན་ལ་ཁྲོ་བོ་གཤིན་རྗེའི་དེ་རྟ་མགྲིན་རྣམས་རྒྱལ་གསུམ། འཛུབ (39a.) རེ་པ་ཁྲི་བརྒྱབ་དང་བཅས་པ། བ་སོའི་སྤྱན་རས་གཟིགས། སྒྲོལ་མ་སོགས་ཤིན་དུ་འཚར་བ་བདུན། གཞན་ཕྲན་ཚེགས་རྣམས་མང་དུ་ཡོད། གསུང་རབ་དང་རྒྱ་དཔེའི། བླ་རྒྱན་ཟ་འོག་གསེར་གྱི་ཤིང་ལོ་རིས་ཤམ་བུ་ཉིས་བརྩེགས་ཅན་ཆེན་པོའི་ཐོག་དྲངས་ཆེ་བ་བཟང་བ་བླ་རེ་བཅུ་གཅིག འབྲིང་བ་བརྒྱད་རྙིང་པ་གསུམ་ཟ་འོག་དང་གོས་ཆེན་གྱི་རྒྱན་ཅན། གསེར་གྱི་རྟོག་ཅན་བཅོ་བརྒྱད་ཟ་འོག་སྔོ་ཕྲའི་གདུངས་གསེར་གྱི་རྟོག་དང་ཤམ་བུ་ཚེམས་ཅན་སུམ་བཅུ། ཐང་བ་སྣ་ཚོགས་ཀྱི་འཕན་རིངས་དབུས་སུ་དང་དངུལ་གྱི་རིགས་གསུམ་མགོན་པོ་བཞུགས་པ་ཁྲུ་བཞི་བཅུ་རྩ་ལྔ་པ་གཅིག ཡང་འཕན་རིངས་གཉིས། ཡང་ཟ་འོག་གསེར་མའི་འཕན། དངུལ་གྱི་གསེར་ཀ་དང་། མུ་ཏིག་གི་སྤྲས་པ་འདོམ་དོ་པ། བརྒྱ་ལྔ་བཅུ་རྩ་བདུན། ཟ་འོག་སྔོ་ཕྲའི་ཁ་ཚོན་བཅུ་དྲུག་པའི་ཡོལ་བ་བཅུ་གཅིག མོན་ཕྲ་བོ་ཡུག་དགུ རྨ་བྱའི་ཟླ་གམ་གཉིས། འོག་བརྒྱན་ལ་དངུལ་གྱི་འཁྲུལ་ཞལ་བཟླུམ་པ་དང་ལྡང་མོ་གཉིས། དངུལ་གྱི་ཏིང་ཕོར་ཁྲུ་ཚད་མ (39b.) བདུན་ཚར་གཅིག དངུལ་སྐོང་གཟི་ཕོར་ཆེ་བ་ལྔ། མན་ཤེལ་གྱི་ཕོར་པ་བཅུ་གཅིག ཉ་ཕྱིས་ལེགས་པ་བཅུ། བརྒྱ་ཕོར་གསུམ། དུང་ཆོས་བརྩེག་མ་མ་ཅན་བཅུ། དུང་ཆོས་རྐྱང་པ་བཞི་བཅུ་རྩ་དྲུག བོ་ཏི་ཙེ་སྡོམ་པ་ལྔ་བརྒྱ་ཉག་མ་གཉིས། ར་གན་གྱི་གཏིང་སྐྱོང་རྒྱ་གར་མ་བཞི། མཚན་ཐུབ་ལྔ་བཅུ། ཆེ་བ་ཉི་ཤུ རག་བུམ་སྐོས་མ་ལེགས་པ་ལྔ། ཟངས་བུམ་སུམ་བཅུ་སྤྱི་བླུགས་ཆེ་བ་དྲུག ར་གན་གྱིས་སྤོས་རྐང་ལྔ། ངང་པ་གཉིས། ལྗོན་དམར་གྱི་བྱ་བཞི། ར་གན་གྱི་སྐུ་ཁྲུས་ཀྱི་སྣོད་བཟའ་ཆེན་ཆེན་བརྒྱད་ཀྱི་སྟེག་པ་གཅིག རྐང་ཁྲུས་ཀྱི་སྣོད་གཉིས། ཐོར་ཚིག་སྣོད་གཅིག མཁར་སྐྱོགས་ཉི་ཤུ། རུ་དུང་ཆ་བརྒྱད། ཆ་ལང་བཟང་བ་ཆ་བདུན། མཁར་རྔ་ལྔ། དྲིལ་ཆེན་གསུམ། རྫ་རྔ་གཅིག རྔ་བོ་ཆེ་གཉིས། ཅོང་གཉིས། དུང་དཀར་ཆེ་བ་བཟང་བ་བདུན། བཀོར་དབྱིག་ལ་གཡུ་ཆེ་ཞིང་ལེགས་པ་སྣ་འདྲ་བ་གཉིས། གསེར་སྐྱོ་ཤས་ལྔ། དངུལ་ཕོར་དགུ གཡུ་ཁ་ལྔ། དངུལ་ག་གསེར་ཀྱི་ཚར (40a.) ཚར་ཅན་བདུན། གཞན་གསུང་རབ་གསེར་གྱི་བྲིས་པ་པོ་ཏི་བ་སུམ་བཅུ། གཞན་བཀའ་དང་བསྟན་ཆོས་ཀྱི་པོ་ཏི་བརྒྱ་དཔེ་རྣམས་མང་དུ་འདུག་སྟེ། ཡི་གེ་མངས་པས་མ་བྲིས། རྒྱས་པར་སྤྲོ་ན། དྲིལ་ཉིད་དུ་ཤེས་པར་བྱའོ། དེ་ལྟར་བླ་མ་ཡེ་ཤེས་འོད་ཡབ་སྲས་གསུམ་གྱིས་རྟོགས་པ་བརྗོད་པ་ཆ་ཙམ་སྨྲས་པ་ཡིན་ནོ།། །།

སྙིང་རྗེ་ཨ་མོ་ལི་ཀའི་གཞིར།། ཡེ་ཤེས་ཟླ་བའི་འོད་དཀར་ཅན།

ཚུལ་ཁྲིམས་དུ་གུ་ལ་སོགས་འཛིན། བསྟན་པའི་རིན་ཆེན་ཐོད་འཆང་བ།

དེ་འདྲ་ལྷ་ལས་ཕུལ་བྱུང་བའི། བླ་ཆེན་མ་ལུས་འགྲོ་བའི་མགོན།

མིའི་རྗེ་རུ་སྐུ་འཁྲུངས་པ། གང་གི་རྣམས་ཐར་བརྩམ་པ་ལས། །

བྱུང་བའི་བསོད་ནམས་འོད་ཟེར་གྱིས། །སངས་རྒྱས་དག་པའི་ཞིང་ཁམས་བྱོན། །

ཀུན་བཟང་མཆོད་སྤྲིན་གྱིས་གང་ཞིང་། །ཕྲིན་ལས་རྣམས་བཞི་འབྱུང་བར་ཤོག །

རྒྱལ་བ་ཀུན་གྱི་ཐུགས་རྗེའི་མཐུས། །མར་གྱུར་མཁའ་སྙམ་སེམས་ཅན་རྣམས། །

འཁོར་བ་འཛིན་ཁྲིའི (40b.) གནས་དག་ལས། །བསྒྲལ་ནས་སངས་རྒྱས་ཐོབ་པར་ཤོག །

རྒྱལ་བའང་དགེས་བྱེད་རྣམས་ཐར་འདི། །གནས་ལྔ་རིག་པའི་པཎྜི་ཏ། །

གྲགས་པ་རྒྱལ་མཚན་དཔལ་བཟང་པོས། །ཡིད་མཚོ་ལས་བྱུང་ཉི་མ་ཡིན། །

མཁས་བཙུན་ལོ་ཙྪ་རིན་ཅེན་བཟང་པོའི་གནས། །མཐོ་གླིང་གསེར་གྱི་ལྷ་ཁང་མཛེས་པའི་གནས། །

ཀུན་ལྡན་ཞེས་བྱ་ལྕགས་མོ་བྱི་བའི་ལོ། །གནས་ལྔ་རིག་པ་དེ་ཡིས་བསྒྲུབ་པ་ལགས། །

གཅིག་ཞུས། མངྒལཾ། ཨི་ཐི།། །། (41a.)

上一篇:༄༅། །འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ།། (ཞ)

下一篇:ཆག་ལོ་ཙཱ་བ་དང་ལྷན་དུ་རྒྱ་གར་འཕགས་ཡུལ་དུ་བསྐྱོད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2714627 位访客