༄༅། །འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ།། (ཞ)

发布时间:2018-07-06 09:55:08

 

༄༅། །འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས་སོ།།

 

ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད།  

 

༄༅།། ཨོཾ་སྭ་སྟི། སྙན་པའི་ངག་གིས་ལེགས་བཤད་འཆད་ལ་དབང་། །བློ་གྲོས་བཟང་པོས་ཤེས་བྱའི་གནས་ལུགས་ཀུན། །ཇི་བཞིན་གཟིགས་པས་ལམ་སྟོན་དགེ་བའི་བཤེས། །ཀློང་རྡོལ་བླ་མའི་ཞབས་ལ་སྤྱི་བོས་འདུད། །སྐྱབས་གསུམ་རིན་ཆེན་ཀུན་འདུས་བདག་ཉིད་ཕྱིར། །སྐྱབས་རེ་གཞན་ལ་འཚོལ་བ་ཡོངས་བཏང་སྟེ། །སྐྱབས་གཅིག་དམ་པ་བླ་མ་ཁྱོད་ཉིད་ལ། །སྐྱབས་སུ་མཆིའོ་བརྩེ་བས་སྐྱོང་གྱུར་ཅིག །གང་གི་ཞབས་པད་སྤྱི་བོར་བསྟེན་པའི་ཚེ། །སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །དགྱེས་པའི་སྤྱན་རས་བཙས་པ་ཙམ་གྱིས་ཀྱང་། །རྣམ་དཔྱོད་མཆོག་གི་སྐལ་བཟང་ཅིས་མི་སྤྱིན། །དེ་ཕྱིར་བླ་མའི་བྱིན་རླབས་ཚ་ཟེར་གྱིས། །བདག་བློའི་པདྨོ་ཅི་དགར་བཞད་པའི་མཐུས། །རོ་འཛིན་རྐང་དྲུག་འཆད་རྩོད་རྩོམ་པའི་གཏམ། །དབྱངས་བདུན་རྫོགས་པའི་སྙན་པའི་གླུ་རུ་ལེན། །རབ་འབྱམས་རྒྱལ་བའི་ཐུགས་ཀྱི་དཔལ་བེ་འུར། །ཡོངས་སུ་གཏམས་པའི་ལེགས་བཤད་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་འགོད་མཛད་པའི། ། བཤེས་གཉེན་ཚོགས་ལ་ལན་བརྒྱར་དད་པ་འཛིན། །ཆེར་སྙིགས་ལྔ་བདོའི་དུས་ཀྱི་ཐུན་གསུམ་མཐར། །ལེགས་བཤད་འོད་སྟོང་ལྡན་པ་འདི་ཤར་ཚེ། །ཕྱོགས་རིས་ཡོན་ཏན་གྱིས་དྲེགས་མེ་ཁྱེར་དག །སྨྲ་བ་བཅད་དེ་རང་དགར་ཉལ་ན་མཛེས། །གསུང་རབ་རིན་ཆེན་པདྨའི་ཚལ་ཡངས་པོར། །དོན་བཟང་བཅུད་ཀྱིས་གཏམས་པའི་གེ་ས་ར། །སྔོན་མེད་དཔྱིད་ཀྱི་དགའ་སྟོན་མྱོང་འདོད་པའི། །གཟུར་གནས་བུང་ཚོགས་ཚུལ་འདིར་རྩེན་པར་རིགས། །

དེ་ལ་འདིར་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་བཤད་པ་ལ་གསུམ། འཆད་པའི་རྣམ་གཞག་དང་། རྩོད་པའི་རྣམ་གཞག་དང་། རྩོམ་པའི་རྣམ་གཞག་གོ །

དང་པོ། འཆད་པའི་རྣམ་གཞག་བཤད་པ།

དང་པོ་ལ་ཡང་གསུམ། འཆད་པ་པོ་རྟེན་གྱི་གང་ཟག་དང་། འཆད་རྒྱུའི་ཆོས་དང་། དེས་དེ་ཇི་ལྟར་འཆད་པའི་ཚུལ་ལོ། །

དང་པོ་ནི། གང་འཆད་རྒྱུའི་ཆོས་ཀྱི་དོན་ལེགས་པར་ཁོང་དུ་ཆུད་ཅིང་མཁས་མིང་དང་ཟང་ཟིང་ལ་ལྟོས་པ་མེད་པར་གཞན་ལ་ཕན་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་འཆད་པ་ན། གང་རྗོད་ཀྱང་བརྡའ་དག ། གང་ནས་བཤད་ཀྱང་འབྲེལ། ཅི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད། གཞན་དག་ལ་དགའ་བ་སྐྱེད་ནུས་པའི་ཡོན་ཏན་དང་ལྡན་པ་ཞིག་གིས་འཆད་ན། མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་གྱི་ལུང་གི་བསྟན་པ་འཛིན་པའི་སྐྱེས་བུ་ཞེས་བྱ་བའི་གྲངས་སུ་ཆུད་པར་འགྱུར་བ་ཡིན་ནོ། །

གཉིས་པ་སྤྱིར་འཆད་རྒྱུ་ནི། དམ་པའི་ཆོས་ཏེ། དེ་ཡང་མདོ་ལས། སྡུག་བསྔལ་དག་ནི་ཐམས་ཅད་དང་། ། སྒྲིབ་པ་ཀུན་སེལ་དམ་པའི་ཆོས། །ཞེས་གསུངས་པ་ལྟར། གང་ཞིག་སྤྱད་ཅིང་ཉམས་སུ་བླངས་ན་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་ཟད་པའི་ཐབས་སུ་གྱུར་པ་ཞིག་གོ ། སྤྱིར་ཆོས་ཀྱི་སྒྲ་ནི། རྣ མ་བཤད་རིགས་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། ། བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་བཤད་པས། ཆོས་ཀྱི་སྒྲ་ཤེས་བྱ་ལ་འཇུག་པ་ནི་ཆོས་ཐམས་ཅད་བདག་མེད་པ་ཞེས་པ་ལྟ་བུ་དང་། ལམ་ལ་འཇུག་པ་ནི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་པ་ལྟ་བུ་དང་། མྱང་འདས་ལ་འཇུག་པ་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ་ཞེས་པ་ལྟ་བུ་དང་། ཡིད་ཀྱི་ཡུལ་ལ་འཇུག་པ་ནི་ཡིད་ཀྱི་ཡུལ་ནི་ཆོས་ཀྱི་སྐྱེ་མཆེད་དོ་ཞེས་པ་ལྟ་བུ་དང་། བསོད་ནམས་ལ་འཇུག་པ་ནི་བསོད་ནམས་བྱེད་པའི་མི་ལ་ཆོས་བྱེད་པ་ཞེས་པ་ལྟ་བུ་དང་། ཚེ་ལ་འཇུག་པ་ནི་ཚེ་འདི་ལ་བདེ་བར་གནས་པ་ལ་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཞེས་པ་ལྟ་བུ་དང་། གསུང་རབ་ལ་འཇུག་པ་ནི་དམ་པའི་ཆོས་འདུལ་བ་དང་ཆོས་མངོན་པ་ཞེས་པ་ལྟ་བུ་དང་། འབྱུང་འགྱུར་ལ་འཇུག་པ་ནི་ལུས་འདི་ནི་རྒ་བའི་ཆོས་ཅན་ནོ་ཞེས་པ་ལྟ་བུ་དང་། ངེས་པ་ལ་འཇུག་པ་ནི་བཞི་པོ་འདི་ནི་ངེས་པར་བྱ་དགོས་པའི་དགེ་སྦྱོང་གི་ཆོས་སོ་ཞེས་པ་ལྟ་བུ་དང་། ཆོས་ལུགས་ལ་འཇུག་པ་ནི་གཤིན་པོ་ལ་མཚུན་འཐོར་བྱེད་པ་ལ་ཡུལ་ཆོས་སམ་ཡུལ་གྱི་ཆོས་ལུགས་ཞེས་པ་ལྟ་བུ་དང་། དེར་མ་ཟད་ཆོས་ཀྱི་སྐད་དོད་དྷརྨ་ཞེས་པ་འཛིན་པའམ་འཆང་བ་ལ་འཇུག་པ་ལྟར་དེ་དག་ལ་འཛིན་པའི་དོན་ཡང་བཤད་དུ་ཡོད་དེ། ཤེས་བྱའི་ཆོས་ནི་རང་གི་མཚན་ཉིད་འཛིན།ལམ་ཡང་དག་པའི་ལྟ་བ་ནི་ལོག་པར་ལྟ་བའི་གོལ་ས་ལས་འཛིན། མྱང་འདས་ནི་འཁོར་བར་ལྟུང་བ་ལས་འཛིན། ཡིད་ཀྱི་ཡུལ་ནི་ཡིད་འཛིན། བསོད་ནམས་ནི་ངན་འགྲོར་འགྲོ་བ་ལས་འཛིན། ཚེ་ནི་རིས་མཐུན་འཛིན། གསུང་རབ་ནི་བརྗོད་དོན་ཕྱིན་ཅི་མ་ལོག་པར་འཛིན། འབྱུང་འགྱུར་ནི་མ་འོངས་པ་འཛིན། ངེས་པ་ནི་བྱ་དགོས་པའི་བྱ་བ་བྱེད་པས་འཛིན། ཡུལ་ཆོས་ནི་ཡུལ་དང་རིགས་ཀྱི་སྤྱོད་པ་འཛིན་པ་སོགས་སོ། །

དམ་པའི་ཆོས་ལ་དབྱེ་ན། ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་སུ་དབྱེ་བ་དང་། འབྲས་བུའི་ཆོས་འགོག་བདེན་དང་། བསྒྲུབ་པའི་ཆོས་ལམ་བདེན་དང་། བཤད་པའི་ཆོས་གསུམ་དུའང་དབྱེ་རུང་ཞིང་དེ་ལ་ལུང་གི་ཆོས་དང་བཤད་པའི་ཆོས་ནི་རྣམ་གྲངས་ཡིན་པས་དབྱེ་ན་བཀའ་དང་བསྟན་བཅོས་གཉིས་ཡོད་དོ། ། དེ་ལ་བཀའ་ནི། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ཞེས་པ་ལྟར་སྤོབས་པ་བཞི་ལྡན་ནམ། ཡང་ན་རིགས་པའི་དབང་ཕྱུག་གིས། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཅེས་པ་ལྟར་ཁྱད་པར་གསུམ་ལྡན་གྱི་ལུང་ངོ་། །འདིའི་སྤོབས་པ་བཞི་ལྡན་དང་ཁྱད་པར་གསུམ་ལྡན་ནི་གནད་གཅིག་སྟེ། གང་ཞིག་དོན་ལྡན་ཞེས་པ་དང་། སྐྱེས་བུའི་དོན་ནི་ཞེས་པ་གཉིས་གནད་གཅིག ། དེ་བཞིན་དུ་ཆོས་དང་ཉེར་འབྲེལ་ཞིང་ཞེས་པ་དང་། འབྲེལ་བ་དང་ནི་ཞེས་པ་གཉིས་གནད་གཅིག ། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞེས་པ་དང་། རྗེས་མཐུན་ཐབས་ཞེས་པ་གཉིས་གནད་གཅིག་པའི་ཕྱིར། སྔོན་དུས་སུ་བཀའ་དང་གསུང་རབ་དང་སྡེ་སྣོད་གསུམ་ལ་ཁྱད་པར་མི་འབྱེད་ཅིང་ཕྱིས་ཀྱི་མཁས་པ་དག་གིས་སྡེ་སྣོད་ལ་བསྟན་བཅོས་ཀྱང་འཇོག་པར་བཞེད་དོ། །དེ་ལྟ་བུའི་བཀའ་ལ་དབྱེ་ན། དུས་ཀྱི་སྒོ་ནས་འཁོར་ལོ་དང་པོ་བར་མཐའ་གསུམ་དང་། བརྗོད་བྱའི་སྒོ་ནས་དྲང་ངེས་གཉིས་དང་། རྗོད་བྱེད་ཀྱི་སྒོ་ནས་གསུང་རབ་ཡན་ལག་བཅུ་གཉིས་དང་། གདུལ་བྱའི་སྒོ་ནས་ཐེག་ཆེན་དང་ཐེག་དམན་གྱི་བཀའ་གཉིས་དང་། གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་སྟེ། ལས་འབྲས་ལ་རྨོངས་པའི་གཉེན་པོར་མདོ་སྡེ། སྤྱོད་པ་མཐའ་གཉིས་སུ་ལྟུང་བའི་གཉེན་པོར་འདུལ་བ། རང་ལྟ་མཆོག་འཛིན་གྱི་གཉེན་པོར་མངོན་པ་གསུངས་ཤིང་། དེ་ཡང་མདོ་སྡེ་ལས་ལས་འབྲས་ཞིབ་ཏུ་འཆད་པར་བྱེད། །འདུལ་བ་ལས་ལས་འབྲས་ལ་སྤང་བླང་བྱ་ཚུལ་འཆད་པར་བྱེད། མངོན་པ་ལས་འབེལ་གཏམ་སྟེ་མཚན་མས་མཚོན་པའི་རྨད་དུ་བྱུང་བའི་དོན་ཅན་གྱི་ཡང་དག་པའི་གཏམ་ལ་མཁས་པར་བྱེད་ཚུལ་གཏན་ལ་དབབ་པའི་ཕྱིར་དེ་དག་གི་གཉེན་པོར་སོང་བ་ཡིན་ནོ། །བདག་རྐྱེན་གྱི་སྒོ་ནས་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པ་དང་གསུམ་ལས།

དང་པོ་ནི། བདེན་བཞིའི་ཆོས་འཁོར་ལྟ་བུ་དང་། གཉིས་པ་ནི། སྙིང་རྗེ་པད་དཀར་ལས། བཀའ་བསྡུ་བའི་ཚེ་ཐོག་མར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པས་གླེང་སློང་། བར་དུ་མཚམས་སྦྱར་གྱི་ཚིག་ཆུགས། མཐའ་མར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་ཆུགས་ཤིག་ཅེས་རྗེས་སུ་གནང་བ་ལྟ་བུ་དང་། གསུམ་པ་ལ། སྐུས་བྱིན་གྱིས་བརླབས་པ་དང་། གསུང་གིས་བྱིན་གྱིས་བརླབས་པ་དང་། ཐུགས་ཀྱིས་བྱིན་གྱིས་བརླབས་པ་དང་གསུམ་ལས།

དང་པོ་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཕྱག་གཡས་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་བཞག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེས་མདོ་སྡེ་ས་བཅུ་པ་ཐོགས་མེད་དུ་གསུངས་པ་ལྟ་བུ་དང་། གཉིས་པ་ནི། བརྒྱད་སྟོང་བ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ངེས་པར་འབྱུང་བར་འགྱུར་བ་དེ་ལྟར་སྤོབས་པ་སྐྱེད་ཅིག་ཅེས་གསུངས་མ་ཐག་ཏུ་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེར་ཕྱིན་གྱི་མདོ་གསུངས་པ་ལྟ་བུ་དང་། གསུམ་པ་ལ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་བརླབས་དང་། ཐུགས་བདེན་པས་བྱིན་གྱིས་བརླབས་པ་དང་། ཐུགས་རྗེས་བྱིན་གྱིས་བརླབས་པ་དང་གསུམ་ལས།

དང་པོ་ནི། སངས་རྒྱས་ཀྱིས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་སྟོབས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་སྤྱན་རས་གཟིགས་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཤེས་རབ་སྙིང་བོ་གསུངས་པ་ལྟ་བུ་དང་། གཉིས་པ་ནི། སངས་རྒྱས་ཀྱིས་ངེད་གཞན་དོན་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གསོག་པར་བྱེད་པ་བདེན་ན་ནམ་མཁའ་སོགས་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་བར་གྱུར་ཅིག་ཅེས་ཐུགས་ལ་བདེན་པ་བདར་བའི་སྟོབས་ཀྱིས་ལྗོན་ཤིང་སོགས་ལས་སྒྲ་བྱུང་བ་ལྟ་བུ་དང་། གསུམ་པ་ནི། གནོད་སྦྱིན་དང་ལྷ་ཀླུ་སོགས་རང་རང་གི་སྔགས་སྨྲས་པ་སངས་རྒྱས་ཀྱི་ཐུགས་རྗེས་ནད་ཞི་བ་ལ་སོགས་པའི་ནུས་པ་ཁྱད་པར་ཅན་ དུ་ བྱིན་གྱིས་བརླབས་པ་ལྟ་བུའོ། །མདོར་ན་འཆད་རྒྱུའི་ཆོས་ནི་རྒྱལ་བའི་གསུང་རབ་བརྗོད་བྱའི་དོན་དང་བཅས་པ་ཡིན་ཞིང་། དེ་ཡང་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། ལོ་པཎ་རྣམས་ཀྱིས་བསྒྱུར། བླ་མ་བརྒྱུད་པའི་མན་ངག་དང་ལྡན་པའི་རྩོད་མེད་ཀྱི་བཀའ་དོན་དང་བཅས་པ་ནི་འདིའི་བཤད་པར་བྱ་འི་ཆོས་སོ། །གསུམ་པ་དེ་ཇི་ལྟར་བཤད་པའི་ཚུལ་ལ། བཤད་ཚུལ་དངོས་དང་། བཤད་པའི་མིང་གི་རྣམ་གྲངས་སོ། །

དང་པོ་ལ་གཉིས། མདོ་སྡེ་འཆད་ཚུལ་དང་། རྒྱུད་སྡེ་འཆད་ཚུལ་ལོ། །དང་པོ་ལ་དུ་མ་ཡོད་དེ། སློབ་དཔོན་དཎྜིས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པ་ལྟར། ཤིས་པ་བརྗོད་པ་དང་། ཕྱག་བྱ་བ། མདོར་བསྟན་པ་གང་རུང་གི་སྒོ་ནས་འཆད་པར་བྱེད་པ་དང་། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་དོན་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་བཤད་ཐབས་ཡན་ལག་ལྔ་གསུངས་ཤིང་། དེ་ལ་དགོས་དོན་ནི། མཁས་འཇུག་ལས། བསྟན་བཅོས་དམ་པར་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པ་དེ་མཐོང་ནས། །སྤྱོད་པ་ལ་ཡང་ཅིས་མི་འཇུག ། ཅེས་པ་ལྟར། རྟོག་ལྡན་རྣམས་གཞུག་བྱའི་བསྟན་བཅོས་དེ་དོན་ཆེན་པོ་དང་ལྡན་པར་མཐོང་ན་དེ་ལ་འབད་པས་ཐོས་སོགས་ཀྱིས་ཞུགས་པར་འགྱུར་བའི་ཆེད་དུ་ཐོག་མར་དགོས་པ་རྗོད་པའི་སྒོ་ནས་འཆད་ལ། །བསྡུས་དོན་ནི། སྤྱིའི་དོན་དང་ཡན་ལག་གི་དོན་སོ་སོར་མ་འདྲེས་པར་བསྡུས་ཤིང་། དེ་ཡང་ཆོད་ཆེ་བ་དང་། ཚིག་གསལ་བ་དང་། བརྗོད་བདེ་བ་དང་། ངག་ཉུང་བ་དང་། ཚིག་སྙོམས་པའི་སྒོ་ནས་བསྡུས་པའི་དོན་དེ་ཉིད་ཀྱིས་འཆད་རྒྱུའི་གཞུང་གི་དོན་རགས་པ་ལ་གོ་བ་སྐྱེད་ཐུབ་པ་ཞིག་སྟེ། མངོན་རྟོགས་རྒྱན་གྱི་དོན་ཡོངས་རྫོགས་དངོས་པོ་བརྒྱད་དུ་བསྡུས་ནས་བསྟན་པ་ལྟ་བུ་ཡིན་པའི་ཕྱིར། འདི་ནི་སྔོན་ལ་མདོར་བསྟན་ནས་དེའི་འོག་ཏུ་རྒྱས་བཤད་བྱས་པའི་བསྡུས་དོན་ཡིན་ལ། ཡང་རྒྱས་བཤད་ཀྱི་ཤོག་ཏུ་མདོར་བསྡུས་བྱས་པའི་བསྡུས་དོན་ནི། དཔེར་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་སོ་སོར་རྒྱས་པར་བཤད་པའི་མཐར་ཉོན་མོངས་པ་གསུམ་དུ་བསྡུས་ནས་བསྟན་པ་ལྟ་བུའོ། །འདི་ལ་སྤྱིའི་དོན་ཟེར་ཞིང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ལ་མ་རིག་པ་དེ་གང་ཞེ་ན་ཞེས་ལོགས་སུ་བཤད་པ་ལྟ་བུ་ལ་ཡན་ལག་གི་དོན་ཟེར་རོ། །ཚིག་དོན་ནི། གང་བཤད་གང་གིས་བཤད་ཚུལ་ཇི་ལྟར་དུ་བཤད་ཅེས་པ་ལ་སོགས་པའི་སྒོ་ནས་ས་བཅད་བཀྲམ་སྟེ། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས། སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད། རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད། སྟག་གི་མཆོངས་སྟབས་ཀྱིས་སྐབས་དབྱེ་བའི་སྒོ་ནས་ཁྱད་གཞི་ཁྱད་ཆོས་ལ་དོགས་པ་བསུ་བའི་དྲིས་ཚིག་དང་ལན་གྱིས་མཐའ་དཔྱད་ནས་འཆད་པའམ། མིང་གཅིག་དོན་དུ་མ་ལ་འཇུག་པ་དང་། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང་། ཡི་གེ་བསྒྱུར་ནས་འཆད་པ་དང་། དགག་སྒྲ་ཁོང་ནས་ཕྱུང་སྟེ་ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ། །བསྟན་བཅོས་ལ་ས་བཅད་ལེན་པའི་ཁུངས་ནི། ཟླ་བ་གྲགས་པའི་སྒྲོན་གསལ་ལས། རྒྱུད་འདིའི་མིང་ཅི་ཞིག་ཡིན། སུའི་དོན་དུ་དེ་ཉིད་མཛད། སུ་ཞིག་བྱེད་པ་པོ། འདིའི་ཚད་ཅི། འདིའི་དགོས་པའང་ཅི་ཞིག་ཅེས་གླེང་བསླང་བ་ལྔ་གསུངས་པའི་ནང་ཚན་གྱི་འདིའི་ཚད་ཅི་ཞེས་པ་དེས་ས་བཅད་ལེན་ཚུལ་སྟོན་པ་ཡིན་ལ། འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་རྩིས་འགོ་ལྔས་བཤད་པར་བྱ་བ་ཟེར་རོ། །མཚམས་སྦྱར་ནི། ཚིག་གོང་འོག་མཚམས་སྦྱར་བ་ངང་བའི་འགྲོས་ཀྱིས་ཚིག་དོན་སྔ་མས་ཕྱི་མ་འདྲེན་མི་ནུས་པའམ་ནུས་ཀྱང་མི་གསལ་བ་ལ་དེའི་འབྲེལ་ནི་འདི་ལྟར་རོ་ཞེས་འཆད་པ་ལྟ་བུའོ། །བརྒལ་ལན་ནི། ཕོ་རོག་གི་འཁུ་འཕྲིགས་ལྟར་དཀའ་བའི་གནས་འགའ་ཞིག་ལ་དེའི་དོན་གང་ཞེ་ན་དྲི་བ་བཀོད་ནས་དེའི་ལན་བཏབ་པ་ལྟ་བུ་ དོགས་པ་ཁོང་ནས་བསླངས་ཏེ་དེ་དང་དེའི་ལན་བཤད་པའི་སྒོ་ནས་གཞུང་དོན་གཏན་ལ་དབབ་པ་ཡིན་ནོ། །

ཡང་ཆོས་བཤད་ཐབས་ཀྱི་སྒོ་གསུམ་དུ་ཡང་མཛད་དེ། དོན་བསྟན་པ་དང་། གཞུང་བཤད་པ་དང་། གཞུང་དོན་ངེས་པར་བྱེད་པའོ། །དང་པོ་ནི། གཞུང་གི་དོན་སྐམ་ཕོགས་སུ་བསྟན་ནས། གང་ལས་འོངས་པའི་འབྲེལ། ཅིའི་ཕྱིར་བཀོད་པའི་དོགས་པ། ཅི་ཞིག་བསྟན་པའི་བརྗོད་བྱ་གསུམ་གྱི་སྒོ་ནས་འཆད་པར་བྱེད་ལ་དེས་སློབ་མ་དོན་ལ་མཁས་པར་བྱེད་དོ། །

གཉིས་པ་ནི། དཀྱུས་ཀྱི་འཐེམ་སྦྱོར་གྱིས་ཁྱད་གཞི་ངོས་བཟུང་སྟེ། དེ་ལ་དོགས་པ་སྤངས་པའི་ཚུལ་གྱིས་ཁྱད་ཆོས་བཤད་ནས་དེས་དངོས་ཤུགས་ལ་ཇི་ལྟར་བསྟན་འདུག་སྙམ་དུ་དཔྱོད་པའི་སྒོ་ནས་འཆད་པར་བྱེད་ལ་དེས་སློབ་མ་ཚིག་ལ་མཁས་པར་བྱེད་དོ། །

གསུམ་པ་ནི། དེ་དག་གིས་གཞུང་དོན་རྟོགས་སུ་ཟིན་ཀྱང་གཞན་གྱིས་རྒོལ་བ་མི་བཟློག་པ་སྲིད་པས། བཤད་ཟིན་དེ་ཉིད་ལ་འགལ་བ་དང་ཟློས་པ་དང་མ་འབྲེལ་ལོ་ཞེས་བསམ་པའི་རྒོལ་བ་བཀོད་ནས། དེའི་བསམ་པ་སེལ་བྱེད་ཀྱི་ལན་དངོས་དང་། ལུང་རིགས་གཞན་གྱི་ལན་དང་། དོན་དགོངས་པ་ཅན་དུ་དོགས་པ་དག་སྤངས་ཏེ་འཆད་པར་བྱེད་ལ་དེས་སློབ་མས་གཞུང་དོན་ལ་ངེས་པ་རྙེད་པར་འགྱུར་རོ། ། འདིའི་དང་པོ་ནི་བསྡུས་དོན་དང་། གཉིས་པ་ནི་ཚིག་དོན་དང་། གསུམ་པ་ནི་བརྒལ་ལན་གྱིས་བཤད་པ་དང་གནད་གཅིག་གོ ། ཡང་ཆོས་བཤད་ཐབས་ཀྱི་སྒོ་གསུམ་སྟེ། དོན་གྱི་ཁོག་བུབས་པ་དང་། དཀྱུས་ཀྱི་ས་བཅད་པ་དང་། ཚིག་གི་འབྲུ་ནོན་པའོ། ། དང་པོ་ནི། འཆད་རྒྱུའི་ཆོས་ཀྱི་དོན་རྣ་བར་འཇོག་ཅིང་འབྱུང་ཁུངས་སོགས་ཇི་ལྟར་བཤད་དགོས་པའི་དོན་རྣམས་བཤད་པའོ། ། གཉིས་པ་ནི། གཞུང་དོན་ཚོམ་བུ་ཚོམ་བུར་བསྡུས་པ་སྟེ་གཞུང་སྡེ་ཚན་དུ་བཅད་པས་ན་ས་བཅད་ཅེས་བྱའོ། ། གསུམ་པ་ནི་ཚིག་གི་དོན་མ་ལུས་པར་འཆད་པའོ། །ཡང་ཆོས་བཤད་ཐབས་བཞི་སྟེ། རྣམ་བཤད་རིགས་པ་ལས། རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། རྣམ་གྲངས་ཀྱིས་དང་། མཚན་ཉིད་ཀྱིས་དང་། ངེས་ཚིག་གིས་དང་། རབ་ཏུ་དབྱེ་བས་སོ། ། ཞེས་གསུངས་སོ། །དེ་ལ་རྣམ་གྲངས་ནི་མིང་གཞན་ཏེ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་རྗོད་བྱེད་རྣམ་དག་ལ་བསྟན་བཅོས་ཟེར་བ་ལྟ་བུའོ། །མཚན་ཉིད་ནི་དོན་གང་ལ་མིང་དེ་ཡོད་པ་སྟེ། འཆོས་སྐྱོབ་གཉིས་ལྡན་གྱི་རྗོད་བྱེད་རྣམ་དག་གིས་བསྟན་བཅོས་མཚོན་པ་ལྟ་བུའོ། །ངེས་ཚིག་ནི་མིང་གི་རྒྱུ་མཚན་བརྗོད་པ་སྟེ། འཆོས་སྐྱོབ་གཉིས་ལྡན་གྱི་རྗོད་བྱེད་རྣམ་དག་ཆོས་ཅན། བསྟན་བཅོས་ཡིན་ཏེ། ཤཱསྟྲཱ་ཞེས་པའི་ཤཱ་ས་ན་འཆོས་པ་དང་། ཏྲ་ཡ་སྐྱོབ་པ་ལ་འཇུག་པ་གང་ཞིག ། རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་བསྟན་པའི་སྒོ་ནས་གདུལ་བྱའི་བློ་ཐར་པ་དང་མཐུན་པར་འཆོས་པའི་ཕྱིར་ཞེས་པ་ལྟ་བུའོ། །རབ་དབྱེ་ནི་གོ་སླའོ། །ཡང་རྣམ་བཤད་བསྡུ་བ་ལས། རྣམ་པ་ལྔས་བཤད་པར་བྱ་སྟེ། ཆོས་དང་། ཀུན་སློང་དང་། དོན་དང་། རྒོལ་བའི་ལན་དང་། མཚམས་སྦྱར་རོ། །ཞེས་གསུངས་ཤིང་། དེའི་དོན་ཞེས་པ་ལ་བསྡུས་དོན་དང་ཚིག་དོན་གཉིས་ལས། བསྡུས་དོན་ནི། གཞུང་གི་དོན་ཚན་དྲིལ་ནས་སྟོན་ཅིང་སྤྱི་ས་ཆོད་ཆེ་ཞིང་བྱེ་བྲག་གིས་གོ་བདེ་བའོ། ། ཚིག་དོན་ནི། ཁྱད་གཞི་ཁྱད་ཆོས་སྦྱར་ཏེ་རྣམ་གྲངས་དང་མཚན་ཉིད་དང་ངེས་ཚིག་སོགས་ཀྱིས་ཚིག་གི་འབྲུ་གཉེར་བའོ། ། ཡང་དེ་ཉིད་ལས། བཤད་པ་རྣམ་པ་བརྒྱད་དེ། བརྗིད་པ་དང་། རྣམ་པར་འགྲེལ་བ་དང་། རྒོལ་བའི་ལན་དང་། རབ་དབྱེ་དང་། དེ་འགྲེལ་བ་དང་། དེ་ལས་གཞན་ལ་དྲངས་པ་དང་། སྤོབས་པ་ལས་བྱུང་བ་དང་། གྲུབ་མཐའི་རྗེས་སུ་འབྲངས་པའོ། །ཞེས་གསུངས་ཤིང་། འདིའི་བརྗིད་པ་ནི་རྟོགས་བྱེད་ཀྱི་གཏན་ཚིགས་དང་དཔེ་དག་བཀོད་ནས་ཚིག་འབྲུ་སྣ་ཚོགས་པས་གོ་སླའོ། །རྣམ་པར་འགྲེལ་བ་ནི། རྣམ་གྲངས་བསྡུ་བ་ལས། གཞན་གྱི་ཐེ་ཚོམ་སྐྱེས་སོ་ཅོག་སེལ་བར་བྱེད་པའོ་ཞེས་པ་ལྟར་ཀྱི་ལས་ཅན་ཡིན་ཞིང་། སྤྱིར་དོན་འགྲེལ་ལུགས་ལ་གསུམ་ཡོད་དེ། བསྡུ་འགྲེལ་དང་། འབྱེད་འགྲེལ་དང་། འབྲུ་འགྲེལ་ལོ། ། དང་པོ་ནི། མང་པོ་ལས་ཉུང་ངུར་བསྡུས་པ་སྟེ་བརྒྱད་སྟོང་དོན་བསྡུ་ལྟ་བུའོ། ། གཉིས་པ་ནི། ཚིག་དོན་བརླིང་ཞིང་ཟབ་མོ་རྣམ་པར་འབྱེད་པ་སྟེ་རྗེའི་ལེགས་བཤད་སྙིང་པོ་ལྟ་བུའོ། ། གསུམ་པ་ལ་ཡང་གསུམ་ཡོད་དེ། རྒྱུ་མཚན་གྱིས་གཏན་ལ་དབབ་པའི་ཕྱིར་འབྲུ་ལོ་རྒྱུས་ཀྱིས་གྲོལ་བ་དང་། ཡིད་ཆེས་པའི་ཕྱིར་འབྲུ་ལུང་ཁུངས་ཀྱིས་གྲོལ་བ་དང་། ཐ་སྙད་ཞིབ་པར་བྱ་བའི་ཕྱིར་འབྲུ་རིགས་པས་གྲོལ་བའོ། །ཡང་དཔལ་ལྡན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཟླ་བ་བལྟ་འདོད་སོར་མོའི་རྩེ་ལ་བལྟ་དང་མཚུངས། །ཞེས་པ་ལྟར། ཀུན་རྫོབ་རིགས་པས་མི་གནས་པར་སྟོན་པ་དྲང་དོན། དོན་དམ་རིགས་པས་འཐད་པར་སྟོན་པ་ངེས་དོན། ཚིག་ཏུ་ཇི་ལྟར་བྱུང་བ་ལྟར་བཤད་པས་ཆོག་པ་སྒྲ་ཇི་བཞིན་པ། ཚིག་བསྒྱུར་ནས་བཤད་དགོས་པ་སྒྲ་ཇི་བཞིན་མ་ཡིན་པ། ཚིག་ཏུ་བྱུང་བའི་དོན་ལྟར་མ་ཡིན་པར་དོན་གཞན་ལ་དགོངས་པ་དགོངས་པ་ཅན། ཚིག་ཏུ་བྱུང་བ་ལྟར་དོན་ཡང་དེ་ལྟར་ཡིན་པ་དགོངས་པ་ཅན་མ་ཡིན་པ་སྟེ་དྲུག་གི་སྒོ་ནས་ཀྱང་བཤད་པར་བྱའོ། །

གཞན་ཡང་སློབ་དཔོན་གྱི་ངག་དག་པ་དང་། སློབ་མའི་རྒྱུད་དག་པ་དང་། བཤད་བྱའི་ཆོས་དག་པ་སྟེ་དག་པ་གསུམ་གྱི་སྒོ་ནས་བཤད་པ་དང་། ཡང་ཆོས་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་གསུམ་གྱི་སྒོ་ནས་འཆད་པ་དང་། དགོས་སོགས་ཆོས་བཞིའི་སྒོ་ནས་དང་། མངོན་པ་གོང་མ་ལས། ཆོས་བཤད་ཐབས་ཀྱི་སྒོ་དྲུག་དང་བཅུ་བཞི་བཤད་ཀྱང་ཡིག་ཚོགས་ཀྱིས་འཇིགས་ནས་མ་བྲིས་སོ། །

གཉིས་པ་རྒྱུད་སྡེ་རིན་པོ་ཆེ་བཀྲལ་ཚུལ་ལ། གདམས་ངག་དྲུག ། རྒྱུད་གསུམ། བདག་ཉིད་ཅན་གསུམ། གནས་པ་བཞི། དག་པ་གསུམ། གསང་བ་བདུན་ནོ། ། དང་པོ་ནི། སྤྱིའི་དོན་དུ་བཤད་པ། སྦས་པའི་དོན་དུ་བཤད་པ། མཐར་ཐུག་གི་དོན་དུ་བཤད་པ། ཡན་ལག་གི་དོན་གྱིས་བཤད་པ། ཡི་གེའི་དོན་གྱིས་བཤད་པ། མན་ངག་དོན་གྱིས་བཤད་པའོ། ། རྒྱུད་གསུམ་ནི། གཞི་དང་ལམ་དང་འབྲས་བུའི་རྒྱུད་གསུམ་མོ།། བདག་ཉིད་ཅན་གསུམ་ནི། སྔགས་ཀྱི་བདག་ཉིད། དབྱིབས་ཀྱི་བདག་ཉིད། ཆོས་ཀྱི་བདག་ཉིད་གསུམ་གྱི་སྒོ་ནས་བཤད་པའོ། །གནས་པ་བཞི་ནི། སྐུ་བཞིའི་སྒོ་ནས་བཤད་པའོ། །དག་པ་གསུམ་ནི། རྒྱུའི་རྒྱུད་ངོ་བོ་ཉིད་ཀྱིས་དག་པ་གསུམ། ཐབས་ཀྱི་རྒྱུད་སྦྱོང་བྱེད་ཀྱིས་དག་པ་གསུམ། འབྲས་བུ་རྒྱུད་དྲི་བྲལ་གྱིས་དག་པ་གསུམ་སྟེ་དག་པ་གསུམ་ལྡན་གྱི་སྒོ་ནས་བཤད་པའོ། །གསང་བ་བདུན་ནི། མི་གསལ་བ་དང་། དེ་ཁོ་ན་ཉིད་མདོར་བསྟན་པ་དང་། ས་བོན་ལྔ་དང་། དམ་པའི་དངོས་པོ་སྦས་པ་དང་། གསང་བའི་ཆུ་སྐྱེས་དང་། ལྟེ་བའི་དགའ་བ་དང་། ཐམས་ཅད་དུ་འགྲོ་བ་བསྡུས་པ་དང་། བདེ་བ་མཐའ་ཡས་པ་སྟེ་བདུན་གྱི་སྒོ་ནས་བཤད་པའོ། །

གཞན་ཡང་། གླེང་བསླང་བ་ལྔ། རིགས་པ་བཞི། མཐའ་དྲུག ། ཚུལ་བཞི། བཤད་པ་གཉིས། སློབ་མ་བརྟག་པ། བདེན་པ་གཉིས་ཏེ་རྒྱན་བདུན་གྱི་སྒོ་ནས་བཤད་ཚུལ་ཡང་ཡོད་དོ། ། གཉིས་པ་བཤད་པའི་རྣམ་གྲངས་ནི། འགྲེལ་པ་དང་། རྣམ་པར་འགྲེལ་བ་དང་། འགྲེལ་བཤད་དང་། རྒྱ་ཆེར་འགྲེལ་དང་། བཤད་པ་དང་། རྣམ་པར་བཤད་པ་དང་། བཤད་སྦྱར་དང་། དོན་བསྡུ་དང་། བསྡུས་འགྲེལ་དང་། དོན་འགྲེལ་དང་། ཚིག་འགྲེལ་དང་། དཀའ་འགྲེལ་དང་། གོ་སླ་བའི་འགྲེལ་པ་དང་། མདོ་དང་སྦྱར་བའི་འགྲེལ་པ་དང་། ཕྱོགས་མཐུན་གྱི་འགྲེལ་པ་དང་། ལེགས་པར་སྦྱར་བ་དང་། རྣམ་པར་ཕྱེ་བ་སོགས་འགྲེལ་པའི་མིང་མང་ཞིང་། སྤྱིར་འགྲེལ་པ་བཏབ་པ་དང་བཤད་པ་བརྒྱབ་པའི་དགོས་པ་ནི་ཚིག་དོན་མི་གསལ་ཞིང་གོ་དཀའ་བ་རྣམས་ཆེས་གསལ་ཞིང་གོ་སླ་བར་བྱ་བའི་ཆེད་ཡིན་ལ། དེ་ཡང་རྩ་བའི་ཚིག་དོན་བཤད་པའི་ཆ་ནས་འགྲེལ་པ་དང་བཤད་པ་དང་དོན་འགྲེལ་སོགས་ཀྱི་ཐ་སྙད་བྱ་ཞིང་། འགྲེལ་པའི་ཚིག་དོན་བཤད་པའི་ཆ་ནས་རྣམ་འགྲེལ་དང་འགྲེལ་བཤད་དང་རྣམ་བཤད་དང་བཤད་སྦྱར་གྱི་ཐ་སྙད་བྱའོ། །འགྲེལ་པའི་རིགས་བསྡུ་ན་བཀའ་ལ་བརྟེན་པ་དང་མི་བརྟེན་པ་གཉིས། བརྟེན་པ་ལ། བཀའ་ཉིད་ལ་འགྲེལ་པ་བཏབ་པ་དང་། བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས། དང་པོ་ལ་སོ་ཐར་འགྲེལ་པ་བམ་པོ་ལྔ་བཅུ་པ་ལྟ་བུ་ཚིག་དོན་གཉིས་ཀ་རྒྱ་ཆེར་འགྲེལ་བའི་རྒྱ་ཆེར་འགྲེལ་དང་། ཚིག་གིས་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་གྱི་འགྲེལ་པ་ལྟ་བུ་ཚིག་གི་འགྲེལ་པ་དང་། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་ལྟ་བུ་དཀའ་འགྲེལ་དང་། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུ་དྲི་མེད་བཤེས་གཉེན་གྱིས་མཛད་པ་ལྟ་བུ་བསྡུས་དོན་གྱི་འགྲེལ་པ་དང་། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་ཙམ་གྱི་འགྲེལ་པ་དང་ལྔའོ། ། དེ་ཡང་བཀའ་ལ་བརྟེན་པ་ནི་བཀའི་ཚིག་དོན་ཐད་ཀ་ཐད་སོར་འགྲེལ་བ་ཡིན་ལ། མདོ་དང་སྦྱར་བའི་འགྲེལ་པ་ནི་འགྲེལ་པའི་དོན་འཆད་པ་ན་བཤད་བྱའི་མདོ་ཡང་བཀོད་དེ་རྩ་འགྲེལ་སྦྲགས་ནས་བཤད་པ་ཡིན་པའི་ཕྱིར་དེ་གཉིས་མི་འདྲའོ། ། བཀའི་དོན་རང་རྒྱུད་དུ་བརྩམས་པ་ནི་ཐོགས་མེད་ཀྱིས་སྡེ་ལྔའི་སྐབས་སུ་དགོངས་འགྲེལ་གྱི་དོན་གཙོ་བོར་བཤད་པའི་ཕྱིར་བཀའ་ལ་བརྟེན་ཀྱང་ཚིག་ལ་དངོས་སུ་བཤད་པ་མ་མཛད་པས་བཀའི་དོན་རང་རྒྱུད་དུ་བརྩམས་པ་ཞེས་བྱའོ། །ཚད་མ་རྣམ་འགྲེལ་ལྟ་བུ་དེ་དོན་གྱིས་འཁོར་ལོ་ཐ་མའི་འགྲེལ་པར་སོང་ཡང་ཚིག་དོན་གང་ལ་ཡང་བཤད་པ་དངོས་སུ་མ་བྱས་པའི་ཕྱིར་བཀའ་ལ་མ་བརྟེན་པ་ཞེས་བྱའོ། ། བསྟན་བཅོས་རྣམ་དག་ཡིན་ན་རྒྱལ་བའི་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་བརྩམས་པ་ངེས་པར་དགོས་ཏེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི ། དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། ཐར་པ་ཐོབ་པའི་ཐབས་དང་རྗེས་མཐུན་པ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་གསུངས་པའི་ཕྱིར། བསྟན་པ་ཡང་། མདོ་ལས། སྡིག་པ་ཅི་ཡང་མ་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར། སྡིག་པ་སྟེ་སེམས་ཅན་ལ་གནོད་འཚེ་སྤོང་བས་རབ་ཏུ་ཕྱེ་ཞིང་། སེམས་རྒྱུད་འདུལ་བའི་ཐབས་སྟོན་པ་ཡིན་པས་བསྟན་བཅོས་རྣམ་དག་གང་ཡིན་ཐམས་ཅད་ཀྱང་བརྗོད་བྱ་དེ་དང་མཐུན་པ་ཞིག་དགོས་པའི་ཕྱིར་རོ། །དེས་ན་བཀའ་ལ་བརྟེན་མི་བརྟེན་ནི་བཀའི་ཚིག་དོན་དངོས་སུ་བཀྲལ་བ་དང་མ་བཀྲལ་བ་ལ་བྱའོ། །

སྨྲས་པ། གསུང་རབ་ཡན་ལག་བརྒྱད་ལྡན་ཆུ་གཏེར་ལས། །མང་ཐོས་སྙིམ་པ་ཡོངས་སུ་རབ་གཏམས་པའི། །ལེགས ་བཤད་ལྷ་ཡི་མཆོད་ཡོན་དམ་པ་འདི། །མཁས་རྣམས་དགྱེས་པའི་འཛུམ་ཕྲེང་བཞད་ཕྱིར་བསྒྲེངས། །ཕྱོགས་ཀུན་སྣང་བྱེད་དབྱིག་གི་ཁུ་བ་ལ། ། འབྱུང་བོའི་འདབ་ལྡན་ལྟས་ངན་གཏོང་ན་ཡང་། །གླིང་མུན་སེལ་བའི་རྟེན་འབྲེལ་མི་ཁེགས་ཤིང་། །རང་གི་ཉེས་པ་སྒྲོག་པས་ཤེས་ལྡན་ཁྲེལ། །རྗོད་བྱེད་ལང་ཚོས་སྙེམས་པའི་སྐེད་ཕྲ་མ། །བརྗོད་དོན་སྣ་ཚོགས་རྒྱན་གྱིས་སྤུད་བཞིན་དུ། །འཆད་ཚུལ་གཏམ་འདི་རྒྱང་གླུར་ལེན་པའི་ཚེ། །ཡིད་གྱི་བརྟན་པ་མི་འཕྲོག་ཤེས་ལྡན་སུ། །གསུང་རབ་འཆད་ཚུལ་གླེགས་བམ་མེ་ལོང་འདིར། །ལེགས་བཤད་གཏམ་གྱི་གཟུགས་བརྙན་མི་ཉུང་ཙམ། །བློ་གསར་གཟིགས་མོར་མཚར་བ་སྤྲོ་ལགས་ཀྱི། །ཕྱོགས་ཞེན་ལིང་ཐོག་ལེགས་པར་ཕྱེ་ལ་ལྟོས། །འཆད་ཉན་སྦྲང་རྩི་བཏུམ་པའི་ཆུ་སྐྱེས་ཁ། །ལེགས་བཤད་གསར་བའི་ཉིན་བྱེད་འདིའི་འོད་ཀྱིས། །ཕྱེ་འོ་ཤེས་འདོད་བློ་གསལ་རྐང་དྲུག་ཚོགས། ། ཀུན་ཡིད་འགུག་པའི་སྙན་གླུ་ད་ལོངས་ཤིག ། ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ། རྩོད་པའི་རྣམ་གཞག་བཤད་པ།

གཉིས་པ་རྩོད་པའི་རྣམ་གཞག་བཤད་པ་ལ་གཉིས། རྩོད་པ་བྱེད་པའི་གང་ཟག་གི་རྣམ་གཞག་དང་། རྩོད་པ་དངོས་ཀྱི་རྣམ་གཞག་གོ །དང་པོ་ལ་བཞི། དམ་བཅའ་སྐྱོང་བར་བྱེད་པའི་སྔ་རྒོལ་དང་། །དམ་བཅའ་སུན་འབྱིན་པར་བྱེད་པའི་ཕྱི་རྒོལ་དང་། རྩོད་པའི་ཤན་འབྱེད་པར་བྱེད་པའི་དཔང་པོ་དང་། དེ་དག་ཚར་གཅོད་པའི་གནས་བསྟན་པ་དང་བཞིའོ། །

དང་པོ་སྔ་རྒོལ་ཡང་དག་ནི། རང་གི་སྒྲུབ་བྱེད་བཀོད་པའི་དོན་དེ་ལ་གཞན་གྱིས་སུན་འབྱིན་མི་ནུས་པའི་གང་ཟག་གོ ། འདི་ལ། དམ་བཅའ་ཡང་དག་འཇོག་པར་བྱེད་པའི་སྔ་རྒོལ་ཡང་དག་དང་། སྐབས་ཀྱི་བསྒྲུབ་བྱ་རྟོགས་པའི་ཐབས་སུ་གྱུར་པའི་ངག་རྣམ་དག་འགོད་པར་བྱེད་པའི་སྔ་རྒོལ་དང་གཉིས།

ཕྱི་མ་འདི་ལ་ཡང་། སྒྲུབ་བྱེད་ཡང་དག་འཕེན་པ་པོའི་སྔ་རྒོལ་དང་། སྒྲུབ་ངག་ཡང་དག་འགོད་པ་པོའི་སྔ་རྒོལ་དང་། གཞན་དོན་སྐབས་ཀྱི་རྟགས་སྦྱོར་འགོད་པ་པོའི་སྔ་རྒོལ་དང་གསུམ་ཡོད། སྔ་རྒོལ་ལྟར་སྣང་དང་སྔ་རྒོལ་ཚར་བཅད་གཉིས་དོན་གཅིག། དམ་བཅའ་ཡང་དག་འཇོག་པར་ཁས་བླངས་ནས་ལྟར་སྣང་འཇོག་པ་དང་། རིགས་པ་ཡང་དག་སྨྲ་བར་ཁས་བླངས་ནས་ལྟར་སྣང་སྨྲ་བ་རྣམས་དེའི་མཚན་གཞི།

གཉིས་པ་ནི། སུན་འབྱིན་བརྗོད་པར་ཁས་བླངས་པའི་གང་ཟག་གོ ། འདི་ལ་ཡང་ཡང་དག་དང་ལྟར་སྣང་གཉིས། དང་པོ་ལ་ཡང་སྔར་ལྟར་ཡོད་ཚུལ་རིགས་པས་དཔག་ཏེ་ཤེས་པར་བྱའོ། །ཕྱི་རྒོལ་ལྟར་སྣང་དང་ཕྱི་རྒོལ་ཚར་བཅད་གཉིས་དོན་གཅིག །

གསུམ་པ་ནི། རྒོལ་ཕྱིར་རྒོལ་རྒྱལ་ཕམ་ཤན་འབྱེད་པའི་གང་ཟག་གོ ། འདི་ལ་ཡང་གསུམ། ཤན་འབྱེད་པའི་དཔང་པོ་དང་། རྗེས་སུ་བརྗོད་པའི་དཔང་པོ་དང་། ཚར་གཅོད་པའི་དཔང་པོའོ། །

དང་པོ་ནི། བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་ཉེས་སོ་སོར་འབྱེད་པའི་གྲྭར་ཞུགས་པའི་གང་ཟག་གོ །གཉིས་པ་ནི། བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་ཉེས་ཤན་མི་འབྱེད་པར་དེ་དག་མི་དཀྲུག་པར་བྱ་བའི་ཕྱིར་དུ་སོ་སོར་བརྗོད་པའི་གང་ཟག་གོ། གསུམ་པ་ནི། དེ་དག་ནང་ནས་ལེགས་པ་ལ་གཟེངས་བསྟོད་ཉེས་པ་ལ་སྨད་པའི་སྒོ་ནས་གྲུབ་མཐའ་འདོར་དུ་བཅུག་ཅིང་། ཅིས་ཀྱང་ཞེན་པའི་དབང་གིས་མི་འདོར་ན་ཡུལ་ནས་བསྐྲོད་པ་སོགས་ཀྱིས་ཚར་གཅོད་པའི་གང་ཟག་གོ །བཞི་པ་ལ། སྔ་རྒོལ་ཚར་གཅད་པའི་གནས་སུ་གྱུར་པ་ནི། གྲུབ་བསལ་ཞུགས་པ་དམ་འཆའ་བ་དང་། གཞན་གྱིས་དྲིས་ཀྱང་ལན་མི་འདེབས་པ་དང་། དམ་བཅའ་བར་མི་འོས་པ་ནན་གྱིས་སྒྲུབ་པ་དང་། སྐབས་སུ་མ་བབས་པ་བསྒྲུབ་བྱར་བྱེད་པ་དང་། ཕ་རོལ་པོས་ཁས་བླངས་པའི་དོན་ལ་སྒྲུབ་བྱེད་མི་འགོད་པ་དང་། མ་གྲུབ་པ་དང་མ་ངེས་པ་དང་བསལ་བ་ཞུགས་པ་བརྗོད་པ་དང་། ཤེས་འདོད་མེད་པའི་སྒྲུབ་བྱེད་འགོད་པ་རྣམས་སོ། ། ཕྱི་རྒོལ་ཚར་གཅད་པའི་གནས་སུ་གྱུར་པ་ནི། འདྲི་བར་ཁས་བླངས་ནས་བཏང་སྙོམས་སུ་འཇོག་པ་དང་། གྲུབ་བསལ་ཞུགས་པ་འདྲི་བ་དང་། དོན་སྐྱོན་དང་བློ་སྐྱོན་དང་སྒྲ་སྐྱོན་བརྗོད་རྒྱུ་ཡོད་ཀྱང་མི་བརྗོད་པ་དང་། སྐྱོན་མིན་པ་སྐྱོན་དུ་བརྗོད་པ་དང་། སྐབས་སུ་མ་བབས་པའི་སྐྱོན་བརྗོད་པ་པ་རྣམས་སོ། །དཔང་པོ་ཚར་གཅད་པའི་གནས་སུ་གྱུར་བ་ནི། བདེན་བརྫུན་ཤན་མི་འབྱེད་པ་དང་། རྒྱལ་ཕམ་ཕྱིན་ཅིག་ལོག་ཏུ་ཤན་འབྱེད་པ་དང་། རྩོད་པ་མཐར་མ་ཕྱིན་པར་ཤན་འབྱེད་པའོ། ། གཉིས་པ་རྩོད་པ་དངོས་ཀྱི་རྣམ་གཞག་ལ་བཞི། ནམ་གྱི་ཚེ་ན་རྩོད་པའི་དུས་དང་། གང་ལ་རྩོད་པའི་གཞི་དང་། ཇི་ལྟར་རྩོད་པའི་ཚུལ་དང་། རྩོད་པ་བྱས་པའི་འབྲས་བུའོ། ། དང་པོ་ནི། རང་གཞན་གཉིས་ཀ་བློ་ལེགས་པར་སྦྱངས་པ་དང་། དཔང་པོ་མཁས་པའི་སྐྱེ་བོ་མངོན་སུམ་དུ་ཡོད་པ་དང་། ཕ་རོལ་པོ་ཆོས་མིན་ལ་ཞུགས་པས་ཡིད་དཀྲུགས་པ་མིན་པའི་ཚེ་བརྩད་དུ་རུང་བའི་དུས་ཡིན་ནོ། ། གཉིས་པ་ནི། མྱོང་བས་རྟོགས་པར་བྱ་བའི་མངོན་གྱུར་དང་། རྟགས་ལ་བརྟེན་ནས་རྟོགས་པར་བྱ་བའི་ལྐོག་གྱུར་དང་། ལུང་ལ་བརྟེན་ནས་རྟོགས་པར་བྱ་བའི་ཤིན་ཏུ་ལྐོག་གྱུར་དག་ནི་བརྩད་པར་བྱ་བའི་ཡུལ་ཡིན་ལ། ལྐོག་གྱུར་གཏན་ལ་འབེབས་པར་བྱེད་པའི་ཐབས་ལ། སྒྲུབ་བྱེད་དང་སུན་འབྱིན་གཉིས་ཡོད། སྒྲུབ་བྱེད་ལ་བསྒྲུབ་བྱ་གོ་བར་བྱེད་པའི་གཏན་ཚིགས་དང་། བསྒྲུབ་བྱ་གཞན་ལ་འདོམས་པར་བྱེད་པའི་སྒྲུབ་ངག་གཉིས། ལྐོག་གྱུར་གཏན་ལ་འབེབས་པའི་ཆོས་ཅན་ལ་ཡང་གསུམ་ཡོད་དེ། བསྒྲུབ་བྱ་གྲུབ་བསལ་མེད་པའི་རྩོད་གཞི་དང་། བསྒྲུབ་བྱའི་ཆོས་ཚད་མས་གྲུབ་པའི་མཐུན་དཔེ་དང་། བསྒྲུབ་བྱའི་ཆོས་ཚད་མས་བསལ་བའི་མི་མཐུན་དཔེའོ། །གཏན་ཚིགས་ཡང་དག་ལ་ངོ་བོ་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་དང་། རྒྱུ་སྒྲུབ་པར་བྱེད་པའི་འབྲས་བུའི་རྟགས་དང་། དགག་པ་སྒྲུབ་པར་བྱེད་པའི་མ་དམིགས་པའི་རྟགས་གསུམ་ཡོད་ཅིང་། རྩོད་གཞིའི་སྟེང་དུ་བསྒྲུབ་བྱའི་ཆོས་གོ་བར་བྱེད་པའི་རྟགས་ཡང་དག་གི་གོ་དོན་ནི། རྩོད་གཞི་ལ་ཡོད་པའི་ཕྱོགས་ཆོས་དང་། མཐུན་ཕྱོགས་ལ་ཡོད་པའི་རྗེས་ཁྱབ་དང་། མི་མཐུན་ཕྱོགས་ལ་མེད་པའི་ལྡོག་ཁྱབ་སྟེ་ཚུལ་གསུམ་ཚང་བའོ། ། རྟགས་ལྟར་སྣང་ནི་དེ་ལས་བཟློག་པ་སྟེ། ཕྱོགས་ཆོས་མེད་པ་མ་གྲུབ་པའི་རྟགས་དང་། རྗེས་ཁྱབ་མེད་པ་འགལ་བའི་རྟགས་དང་། ལྡོག་ཁྱབ་མེད་པ་མ་ངེས་པའི་རྟགས་སུ་གྱུར་པ་ཡིན་ནོ། །སྒྲུབ་ངག་ནི་ཕྱོགས་ཆོས་བརྗོད་པ་དང་དཔེའི་སྟེང་དུ་རྗེས་ཁྱབ་བརྗོད་པ་ཡིན་ལ། དེ་ལ་ཡང་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་ཀ་དངོས་སུ་བརྗོད་པ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་དང་། ཕྱོགས་ཆོས་དང་ལྡོག་ཁྱབ་གཉིས་ཀ་དངོས་སུ་བརྗོད་པ་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གཉིས་ཡོད་ལ། དེ་ལས་གཞན་དུ་ལྷག་ཚད་ཀྱི་ངག་ནི་སྒྲུབ་ངག་ལྟར་སྣང་ཡིན་ནོ། །སུན་འབྱིན་དང་ཐལ་འགྱུར་གཉིས་དོན་འདྲ་བས། ཐལ་འགྱུར་ཡང་དག་ནི་སྒྲ་རྟག་པར་ཁས་བླངས་རྟག་ན་མ་བྱས་པས་ཁྱབ་པ་ཚད་མས་རྟོགས་མ་བྱས་པ་དང་བྱས་པ་གཉིས་ཕན་ཚུན་སྤངས་འགལ་དུ་ངེས་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་རྟག་པའི་རྟགས་ལས་མ་བྱས་པར་ཐལ་ཏུ་བཅུག་པ་ལྟ་བུ་སྟེ། དེ་ཡང་ཐལ་ཞེས་པ་ནི་འདས་པའམ་སོང་བའི་དོན་ཅན་ཡིན་པས་སྒྲ་དེ་བྱས་པའི་དོན་ལས་འདས་ནས་མ་བྱས་པར་འགྱུར་རོ་ཞེས་པའམ་བྱས་པར་སོང་བ་ཡིན་ནོ་ཞེས་སུན་འབྱིན་པའི་ཚིག་གོ ། རྒོལ་བ་དེའི་རྒྱུད་ཀྱི་སྒྲ་བྱས་པར་རྟོགས་པའི་ཚད་མས་སྒྲ་བྱས་པ་བསལ་བའི་ཕྱིར་ཐལ་འགྱུར་དེ་ལ་དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པའི་ཐལ་འགྱུར་ཞེས་བྱའོ། །དེའི་ཕྱིར་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཐལ་འགྱུར་ཡང་དག་ཡིན་ཞེས་པ་ཡང་སྒྲ་རྟག་པར་ཁས་བླངས་པའི་གང་ཟག་གི་ངོར་ཡིན་གྱི་གཞན་ལ་མིན་པའི་ཚུལ་ཡང་ཤེས་པར་བྱའོ། །སུན་འབྱིན་ཡང་དག་ནི་གཞན་གྱི་བློ་ངོར་རྟགས་བརྗོད་པའི་ཚེ་རྗེས་སུ་འགྲོ་ལྡོག་གང་རུང་བརྗོད་ཅིང་ཕ་རོལ་པོའི་འདོད་པའི་དོན་ལ་བསལ་བ་འབབ་པའི་ངག་ཡིན་ཞིང་། ཁ་ཅིག་གིས་སུན་འབྱིན་དང་ཐལ་འགྱུར་གཉིས་མི་འདྲ་སྟེ། མི་ངན་པ་ལ་ཁྱོད་ནི་ཡ་མཚན་ཅན་ནོ་ཞེས་བརྗོད་པ་ལྟ་བུ་སུན་འབྱིན་ཡིན་ཞིང་ཐལ་འགྱུར་མིན་ཟེར། ཚད་མའི་རིག་རྒྱན་དང་སྡེ་བདུན་དུ་དེ་གཉིས་འདྲ་བར་བཤད་དོ། །འདོད་པའི་དོན་ལ་བསལ་བ་འབབ་ཚུལ་ལ་ཡང་། ཚད་མས་བསལ་བ་དང་། ལུང་གིས་བསལ་བ་དང་། རང་ཚིག་གིས་བསལ་བ་འབབ་པ་དང་གསུམ་མོ། །སུན་འབྱིན་ལྟར་སྣང་ལ་གསུམ་སྟེ། རྟགས་མེད་པ་མཚོན་ཆ་ཁྲི་སྒྱོགས་དང་། ཁྱབ་པ་མེད་པ་དཔའ་བོ་ལག་རྡུམ་དང་། གསལ་བ་མེད་པ་རྨ་བྱ་དུག་འཇོམས་ཀྱི་ཐལ་འགྱུར་དང་གསུམ་མོ། །

དང་པོ་ནི། སྒྲ་རྟག་པར་ཁས་བླངས་རྟག་ན་མ་བྱས་པས་ཁྱབ་པ་ཚད་མས་རྟོགས་སྒྲ་ཡང་བྱས་པ་ཡིན་པར་ཚད་མས་རྟོགས་པའི་གང་ཟག་ལ་སྒྲ་རྟག་པར་ཁས་བླངས་པའི་དོན་ལ་གནོད་པའི་ཆེད་དུ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར་ཞེས་འགོད་པའི་ཚེ་རྟགས་དེ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་ཡིན་པས་ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་གདབ་པའི་ཕྱིར་གནོད་བྱེད་དུ་རློམ་ནས་བཀོད་པ་ཙམ་ལས་ཕ་རོལ་པོ་ལ་མི་གནོད་པ་ལྟ་བུ་སྟེ། དཔེར་ན་དགྲ་ལ་གནོད་པའི་ཆེད་དུ་རྡེའུ་མིད་པའི་སྒྱོགས་ཆེན་བཏང་ན་སྐད་དུ་འུར་ཆེ་བ་ཙམ་ལས་གནོད་བྱེད་དུ་མི་འགྲོ་བ་བཞིན་ནོ། །གཉིས་པ་ནི། དེ་འདྲའི་གང་ཟག་གིས་སྒྲ་རྟག་པར་ཁས་བླངས་པ་ལ་གནོད་པའི་ཆེད་དུ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་ཁྱབ་པ་མེད་ཅེས་ལན་གདབ་པའི་ཕྱིར་གནོད་བྱེད་དུ་བསམ་ནས་འགོད་ཀྱང་གནོད་མི་ཐུབ་པ་ལྟ་བུ་སྟེ། དཔེར་ན་དགྲ་ཕྱོགས་སུ་གནོད་པའི་ཆེད་དུ་དཔའ་བོ་ལག་རྡུམ་ལ་མཚོན་ཆ་ཁུར་དུ་བཅུག་སྟེ་གཡུལ་ངོར་བརྫངས་ཀྱང་ཕ་རོལ་པོ་ལ་གནོད་བྱེད་ཀྱི་གཟུགས་བརྙན་ཙམ་ལས་དངོས་སུ་ཅིའང་གནོད་མི་ཐུབ་བ་བཞིན་ནོ། །གསུམ་པ་ནི། སྒྲ་རྟག་པར་ཁས་བླངས་རྟག་ན་མ་བྱས་པས་ཁྱབ་པ་ཚད་མས་རྟོགས་ཀྱང་སྒྲ་བྱས་པར་ཚད་མས་མ་རྟོགས་པའི་གང་ཟག་ལ་སྒྲ་རྟག་པར་ཁས་བླངས་པའི་དོན་ལ་གནོད་པའི་ཆེད་དུ། སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཚེ་རྒོལ་བ་དེས་འདོད་ལན་གདབ་ཆོག་པའི་ཕྱིར་གནོད་བྱེད་དུ་བསམ་ནས་འགོད་ཀྱང་གནོད་བྱེད་དུ་མི་འགྲོ་བ་ལྟ་བུ་སྟེ། དཔེར་ན་རྨ་བྱ་གསོད་པའི་ཕྱིར་དུག་བྱིན་པ་ན་གསོད་བྱེད་དུ་མ་སོང་བར་འཚོ་བྱེད་དུ་གྱུར་བ་བཞིན་ནོ། ། གསུམ་པ་ཇི་ལྟར་རྩོད་པའི་ཚུལ་ལ་གཉིས། རྩོད་པའི་སྦྱོར་བ་དང་། རྩོད་པ་དངོས་གཞིའོ། ། དང་པོ་ནི། རྩོད་པའི་རང་བཞིན་ངེས་པར་བྱ་བ་དང་། བརྡ་འཕྲོད་པར་བྱ་བའི་དོན་དུ་ཚིག་གི་ལམ་སྦྱོར་བར་བྱེད་པ་དང་། དེས་གྲུབ་པའི་སྐབས་དོན་སེམས་པར་བྱེད་པའོ། ། གཉིས་པ་ལ། རྩོད་པ་དངོས་དང་། དེའི་ཡན་ལག་གཉིས། དང་པོ་ལ་གཉིས། དྲི་བ་བྱེད་པའི་ཚུལ་དང་། ལན་འདེབས་པའི་ཚུལ་ལོ། །དང་པོ་ནི། རྩོད་པའི་ཚེ་འདྲི་བའི་རིགས་གསུམ་ཡོད་དེ། ཁྱད་གཞི་འདྲི་བ་དང་། ཁྱད་གཞིའི་སྟེང་དུ་ཁྱད་ཆོས་འདྲི་བ་དང་། དེའི་སྒྲུབ་བྱེད་འདྲི་བའོ། ། གཉིས་པ་ལན་འདེབས་ཚུལ་ལ་གསུམ་སྟེ། མགོ་གཅིག་པ་དང་། རྣམ་པར་ཕྱེ་བ་དང་། བཏང་སྙོམས་སུ་གཞག་པར་བྱ་བའོ། །ཡང་ན་རིག་གཏེར་ལས། དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་པའི་སྒོ་བཞིས་གདབ། ། ལན་གྱིས་བཟློག་པར་མི་ནུས་ན། །དེ་ཡི་རྗེས་འབྲངས་དེའི་ལུགས། །ཞེས་པ་ལྟར། འདོད་ལན། རྟགས་མ་གྲུབ་ཀྱི་ལན། ཁྱབ་པ་མེད་པའི་ལན། ཁྱབ་པ་འགལ་བའི་ལན་དང་བཞིའམ། དེའི་སྟེང་དུ་ཆོས་ཅན་སྐྱོན་ཅན་གྱི་ལན་དང་། རྟགས་ལ་ཐེ་ཚོམ་ཟ་བའི་ལན་དང་དྲུག་གོ །

གཉིས་པ་རྩོད་པའི་ཡན་ལག་ལ་ལྔ། རྩོད་པ་ལ་མཁས་པའི་རྒྱུ་དང་། རྩོད་པ་མཛེས་པའི་རྒྱན་དང་། རྩོད་པའི་བསམ་པ་དང་། རྩོད་པའི་དཔེ་དང་། རྩོད་པའི་དགོས་པའོ། ། དང་པོ་ནི། སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་ཞིང་སྒྲ་དང་ཚད་མ་ལ་བློ་སྦྱངས་པ་དང་། རང་གཞན་གྱི་གཞུང་ལུགས་ལ་ལེགས་པར་སྦྱངས་པའོ། །གཉིས་པ་རྩོད་པ་མཛེས་པའི་རྒྱན་ནི།བཞིན་གྱི་མདངས་གསལ་བ། དོན་དང་ལྡན་པའི་ངག་སྙན་ཞིང་འཇམ་པ། ཕ་རོལ་ལ་དམའ་འབེབས་སུན་འབྱིན་གྱི་ཚིག་མདའ་མི་འཕེན་པ། ལུང་དང་རིགས་པ་གསལ་ལ་རྣོ་བ། སྒྱིད་ལུག་དང་ང་རྒྱལ་མེད་པ་རྣམས་ཡིན་ནོ། །གསུམ་པ་། རྩོད་པའི་བསམ་པ་ནི། རང་གིས་ཀྱང་དོན་དེ་རྟོགས་པར་འདོད་པའི་གུས་པ་དང་། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ་དང་། ཕ་རོལ་བོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ་རྣམས་སོ། །བཞི་པ་རྩོད་པའི་དཔེ་ནི། རང་དང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང་། སུན་འབྱིན་པའི་ཚིག་གིས་མི་གཡོ་བ་ལྷུན་པོ་ལྟ་བུ་དང་། ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུ་ཡིན་ནོ། །ལྔ་པ་རྩོད་པའི་དགོས་པ་ནི། ཡོད་པ་ལ་མེད་པར་འཛིན་པའི་སྐུར་འདེབས་དང་། མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་གཉིས་བསལ་ནས་ཡོད་མེད་ཇི་ལྟ་བ་བཞིན་དུ་འཛིན་པའི་ཆེད་དུའོ། །བཞི་པ་རྩོད་པ་བྱས་པའི་འབྲས་བུ་ནི། ཀུན་སློང་དགེ་བའི་རྩིས་མ་ཟིན་པར་ཕ་རོལ་དམའ་འབེབས་སུན་འབྱིན་གྱི་རྩོད་པ་ནི་བློ་དང་ལྡན་པ་རྣམས་ཀྱིས་ཤིན་ཏུ་འཛེམ་པར་བྱ་བའི་གནས་ཡིན་ཏེ། བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་ནས། རང་ཉིད་གྲགས་འདོད་ཕ་རོལ་དམའ་འབེབས་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག ། ད་ལྟའི་རྩོད་པ་འདི་ཡང་དམྱལ་པའི་རྒྱུ། །ཞེས་གསུངས་པའི་ཕྱིར། དེས་ན་ཀུན་སློང་ངན་པ་དོར་ཏེ་རྒྱལ་བའི་བསྟན་པ་འབའ་ཞིག་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་བསལ་བར་བྱ་བའི་ཕྱིར་རྩོད་པ་བྱས་ན་འབྲས་བུ་ཡང་ཕུན་སུམ་ཚོགས་པ་འབྱུང་སྟེ། ཚོམས་ལས། རྒྱལ་དང་ཕ་རོལ་ཕམ་སྤངས་པས། །ཉེ་བར་ཞི་བའི་བདེ་བ་ཐོབ། །ཅེས་དང་། དབུ་མ་འཇུག་པ་ལས། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུགས་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་རྣམ་གྲོལ་འཐོབ་པའི་རྒྱུར་འགྱུར་པའི་ཕྱིར་རོ། །

སྨྲས་པ། ཤིན་ཏུ་ཁུངས་བཙུན་ལུང་གི་རྩ་བ་བརྟན། །སྡེ་བདུན་རིགས་པའི་ཡལ་ག་ཕྱོགས་སུ་རྒྱས། །རྩོད་པའི་ལོ་འདབ་ཕང་ཕུང་གཡོ་བའི་རྩེར། །རྟོག་གེའི་ཁུ་བྱུག་ཚོགས་ཀྱིས་རོལ་པ་རྨད། །བསླབ་གཞི་འཛིན་པའི་ཚུལ་ཁྲིམས་ལྟེ་བ་རུ། །རབ་ཏུ་རྣམ་འབྱེད་རྩིབས་སྟོང་ཟུགས་པའི་མཐའ། །གཡོ་མེད་བསྡམས་པའི་ཏིང་འཛིན་མུ་ཁྱུད་ཅན། །རྩོད་པའི་འཁོར་ལོ་གཏི་མུག་གཤེད་དུ་བསྐྲུན། །སྒོམ་དོན་སྙིང་པོ་རིན་ཐང་གདབ་དཀའི་གཏེར། འཐོབ་ཕྱིར་བསམ་པའི་རྒྱ་མཚོར་འཇུག་འདོད་ན། །ཐོས་རྩོད་གཟེར་བུས་བཏབ་པའི་གཟིངས་ཆེན་འདི། །བློ་གསལ་དོན་མཐུན་ཚོགས་ཀྱིས་བསྟེན་པར་རིགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གསུམ་པ། རྩོམ་པའི་རྣམ་གཞག་བཤད་པ།

གསུམ་པ་རྩོམ་པའི་རྣམ་གཞག་ལ་གསུམ་སྟེ། རྩོམ་པ་པོའི་ཡོན་ཏན་དང་། བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་དང་། བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལོ། །དང་པོ་ལ། བསྟན་བཅོས་རྩོམ་པ་པོ་ཡོན་ཏན་གང་དང་ལྡན་དགོས་ཤེ་ན། དེ་ཡང་སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་གི་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་གྲགས་པ་ལྟར། སྒྲ་དང་སྡེབ་སྦྱོར་གཉིས་རྒྱ་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་ཉེ་བར་མཁོ་ཞིང་། སྙན་ངག་དང་མངོན་བརྗོད་གཉིས་བོད་སྐད་ཀྱི་བསྟན་བཅོས་རྩོམ་པ་ལ་མེད་མི་རུང་བ་མིན་ཡང་བྱུང་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ལ། རྒྱ་བོད་ཧོར་སོགས་གང་དང་གང་གི་སྐད་དུ་བསྟན་བཅོས་གང་རྩོམ་པ་ལ་དེ་དང་དེའི་སྐད་རིགས་དང་ཡིག་རིགས་མཐར་ཕྱིན་པར་ཤེས་པ་མེད་དུ་མི་རུང་བ་དང་། ཁྱད་པར་བོད་སྐད་ལ་བརྡའ་གསར་རྙིང་དང་རྟགས་ཀྱི་འཇུག་པའི་རྣམ་གཞག་དང་སྨྱུག་ཐོགས་པའི་ལས་ལའང་ཅུང་ཟད་བློ་ཁ་ཕྱོགས་པའི་ཡོན་ཏན་དང་ལྡན་པ་གཞིར་བཅས་ཀྱི་སྟེང་དུ་གང་བརྩམ་རྒྱུའི་ཆོས་ཀྱི་ཚིག་དོན་ལ་མཁས་པ་དང་། ལྷའི་གནང་བ་ཐོབ་པ་དང་། བླ་མ་བརྒྱུད་པའི་མན་ངག་དང་ལྡན་པ་གང་རུང་ངམ། ཡང་ན། རིན་ཆེན་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཞེས་པ་ལྟར་གྱི་ཡོན་ཏན་གསུམ་པོ་གང་རུང་གིས་རུང་ཙམ་ཡིན་ཡང་ཀུན་སློང་མ་དག་ན་གཞན་ཕན་ཆུང་བས་བསམ་པ་བཟང་བ་གལ་ཆེ་སྟེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། བསྟན་བཅོས་རྩོམ་པའི་རྒྱུའི་ཀུན་སློང་དྲུག་དང་། རྩོམ་པ་པོ་ཡོན་ཏན་བཞི་ལྡན་དགོས་པར་བཤད་པ་བཞིན་དུ། ཆོས་ཀྱི་དོན་ཀུན་ཏུ་རྒྱས་པར་འགྱུར་རོ་སྙམ་པ་དང་། སེམས་ཅན་རྣམས་ཁམས་དང་མོས་པ་སྣ་ཚོགས་པའི་ཕྱིར་ཁ་ཅིག་གི་དོན་དུ་འགྱུར་རོ་སྙམ་པ་དང་། དོན་རྣམ་པར་དབྱེ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་འཐོར་བ་རྣམས་བསྡུ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། དོན་ཟབ་མོ་རྣམས་གསལ་བར་བྱ་བའི་ཕྱིར་རོ་སྙམ་པ་དང་། ཚིག་འབྲུ་མཛེས་པས་མཛེས་པ་བསྐྱེད་པར་བྱའོ་སྙམ་པའམ། བདག་དང་འདྲ་བའམ་བདག་པས་ཡོན་ཏན་ཆུང་བ་དག་གིས་ཀྱང་བསྟན་བཅོས་བརྩམ་རུང་ན་བདག་གིས་ཅིའི་ཕྱིར་རྩོམ་མི་ནུས་སྙམ་པ་ལྟ་བུ་ང་རྒྱལ་མེད་པ་དང་། སེམས་ཅན་རྣམས་ཀྱིས་དོན་གང་ལ་རྨོངས་པ་དེ་བསལ་བར་འདོད་པའི་སྙིང་རྗེ་དང་། སེམས་ཅན་རྣམས་ཀྱིས་དོན་བདེ་བླག་ཏུ་ཤེས་བར་འདོད་པའི་བྱམས་པ་དང་། བདག་ལ་གཞན་དག་གིས་མཁས་པ་ཡིན་པར་ཡིད་ཆེས་ན་ཅི་མ་རུང་སྙམ་དུ་བདག་ཉིད་མི་སྒྲོག་པ་སྟེ་བཞི་པོ་དེ་དག་གལ་ཆེ་བའི་ཕྱིར། མདོར་ན་ང་རྒྱལ་མེད་པ་དང་། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ་དང་། གཞན་ལ་ཕན་འདོད་ཀྱི་བྱམས་པ་དང་། རང་གཞན་གྱི་དགེ་རྩ་བསྐྱེད་པར་བྱ་བའི་བསྟན་བཅོས་བརྩམ་མོ ། །

གཉིས་པ་བརྩམ་བྱའི་བསྟན་བཅོས་ཀྱི་དབྱེ་བ་ལ། བྱེད་ལས་ཀྱི་སྒོ་ནས། རྒྱ་ཆེན་སྡུད་པ་མདོ་སྡེ་རྒྱན་དང་། ཟབ་མོ་འབྱེད་པ་མངོན་རྟོགས་རྒྱན་དང་། འཁྲུགས་པ་བསྡེབས་པ་བསླབ་བཏུས་ལྟ་བུ་གསུམ་དང་། བརྗོད་བྱའི་སྒོ་ནས་བདེན་པ་གཉིས་སྟོན་པ་གཉིས་དང་། བཤད་བྱའི་སྒོ་ནས་བཀའ་སྤྱིའི་དགོངས་འགྲེལ་དང་། སོ་སོའི་དགོངས་འགྲེལ་གཉིས། དང་པོ་ལ་ཐུན་མོང་མ་ཡིན་པ་དང་། ཐུན་མོང་བ་གཉིས།འདི་ལ་ཡང་ལོག་རྟོག་ཚར་གཅོད་པ་དང་། གཞན་རྗེས་སུ་འཛིན་པ་གཉིས། དང་པོ་ལ། རྗོད་བྱེད་གཏན་ལ་དབབ་པ་དང་། བརྗོད་བྱ་གཏན་ལ་དབབ་པ་གཉིས། དང་པོ་ནི། གཙོ་བོ་སྒྲའི་བསྟན་བཅོས་ཏེ། རང་བཞིན་རྐྱེན་རྣམ་འགྱུར་གསུམ་བརྗོད་བྱར་བྱས་ནས་སྟོན་པའི་གཞུང་ཀ་ལཱ་པ་དང་ཙནྡྲ་པ་སོགས་དང་། དེའང་ཡན་ལག་ལྕི་ཡང་དང་པྲ་སྟྲཱ་འགོད་ཚུལ་སྟོན་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་དང་། མིང་གི་རྣམ་གྲངས་དང་རྟགས་གསུམ་གྱི་དབྱེ་བ་དང་སྒྲ་གཅིག་དོན་མང་བོ་ལ་འཇུག་ཚུལ་སྟོན་པ་མངོན་བརྗོད་ཀྱི་བསྟན་བཅོས་འཆི་མེད་མཛོད་དང་། སློབ་དཔོན་ཤར་བ་དང་ལྷོ་བའི་ལམ་གྱི་འདོད་ཚུལ་མི་འདྲ་བ་ཚིག་དོན་གཉིས་ཀའི་རྒྱན་དང་དོན་གྱི་རྒྱན་སོ་ལྔ་དང་བྱ་དཀའ་བ་དང་གབ་ཚིག་སོགས་ཚིག་གི་རྒྱན་ཏེ་རྒྱན་གསུམ་གཏན་ལ་དབབ་ནས་སྟོན་པ་སྙན་ངག་གི་བསྟན་བཅོས་མེ་ལོང་དང་། དེ་དག་སྐད་རིགས་དང་སྦྱར་ནས་སྟོན་པ་ཟློས་གར་གྱི་བསྟན་བཅོས་ཀླུ་ཀུན་ཏུ་དགའ་བ་དང་འཇིག་རྟེན་ཀུན་ཏུ་དགའ་བ་སོགས་སོ། །བརྗོད་བྱ་གཏན་ལ་དབབ་པ་ལ་ནི་གཏན་ཚིགས་རིགས་པའི་བསྟན་བཅོས་ཚད་མ་མདོ་སོགས་སོ། །གཞན་རྗེས་སུ་འཛིན་པའི་བསྟན་བཅོས་ལ་བཟོ་དང་གསོ་བ་རིག་པའི་བསྟན་བཅོས་གཉིས། །དང་པོ་ལ། གསེར་འགྱུར་དང་སྤོས་སྦྱོར་སོགས་སྟོན་པ་ལྟ་བུ་ཕལ་བ་དང་། སྐུ་གསུང་ཐུགས་རྟེན་གྱི་ཆ་ཚད་སྟོན་པ་ལྟ་བུ་ཁྱད་པར་ཅན་གཉིས་སོ། །གསོ་བ་རིག་པའི་བསྟན་བཅོས་ནི། ནད་ཀྱི་ངོ་བོ་དང་ནད་གཞི་དང་ནད་ཀྱི་གཉེན་པོ་སྨན་དང་དེས་གསོ་བའི་སྤྱོད་ལམ་བཞིའམ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །ཞེས་པ་ལྟར་གྱི་སྨན་གཞུང་ཡན་ལག་བརྒྱད་པ་ལྟ་བུའོ། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དག་ཀྱང་འདོར་བར་བྱ་བ་མ་ཡིན་ཏེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག ། ཅེས་པ་ལྟར་ཉམས་སུ་ལེན་ཤེས་ན་ཐར་པ་འཐོབ་པའི་ཐབས་སུ་འགྲོ་བའི་ཕྱིར། རྒྱལ་བའི་བཀའ་ཚད་མར་གྱུར་པ་ལ་རང་གི་དགོངས་འགྲེལ་བསྟན་བཅོས་ཚད་མ་ལ་རག་ལུས་པའི་ཕྱིར་རྩ་བ་སྔ་མ་སྔ་མའི་ཚིག་དོན་བརླིང་ཞིང་རྟོགས་དཀའ་བ་རྣམས་ལ་འགྲེལ་པ་མཛད་པ་པོ་ཕྱི་མ་ཕྱི་མས་ཚིག་འགྲེལ་སྤྱི་དོན་མཐའ་དཔྱོད་རེག་ཟིག་སོགས་རང་བཟོའི་བསླད་མ་ཞུགས་པར་རང་རང་གི་བློ་ངོར་ཁུངས་དང་འབྲེལ་བའི་དཔང་པོ་དང་གཏུགས་ནས་མཛད་པ་ཤ་སྟག་ཡིན་ནོ། །

གསུམ་པ་བསྟན་བཅོས་ཇི་ལྟར་རྩོམ་པའི་ཚུལ་ལ་གསུམ། བསྟན་བཅོས་རྩོམ་པའི་སྔོན་འགྲོ་དང་། རྩོམ་ཚུལ་དངོས་དང་། བརྩམས་པའི་ཕན་ཡོན་ནོ། ། དང་པོ་ནི། སྙན་ངག་མེ་ལོང་ལས། ཤིས་བརྗོད་ཕྱག་བྱ་ངོ་བོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ ། །ཞེས་བསྟན་བཅོས་རྩོམ་པའི་ཐོག་མར་ཤིས་བརྗོད་ཀྱི་ཚིག་གིས་སྡུན་བསུས་ཏེ་ཕྱག་བྱ་བ་དང་ངོ་བོ་ངེས་པར་བསྟན་པ་སྟེ་ལུས་མདོར་བསྟན་སོགས་ཀྱིས་གཞུང་རྩོམ་པར་བཤད་ལ། ཚུལ་འདི་ནི་ཕྱི་ནང་གཉིས་ཀས་ཐུན་མོང་དུ་འདོད་དོ། །དེའི་སྟེང་དུ་ཐ་མར་དགེ་བ་བསྔོ་བ་ནི། ནང་བ་སངས་རྒྱས་པའི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པ་ལྟར་རོ། །དེ་ལ་ཤིས་བརྗོད་ཀྱི་དགོས་པ་ནི་རང་ལ་དངོས་གྲུབ་འབྱུང་བའི་ཆེད་དང་། ཕྱག་བྱ་བའི་དགོས་པ་ནི་བར་ཆད་མི་འབྱུང་བའི་ཆེད་དུའོ། །ཕྱག་བྱ་བའི་ཡུལ་ནི་གཉིས་ཏེ། ཆོས་ལ་ཡིད་ཆེས་པ་ལ་བརྟེན་ནས་རྩ་བ་ཆོས་གསུང་བ་པོ་སྟོན་པ་དང་། དོན་ལ་ཡིད་ཆེས་པ་ལ་བརྟེན་ནས་ཆོས་ཀྱི་དོན་སྟོན་པའི་སློབ་དཔོན་དག་ལ་ཕྱག་བྱ་བར་གཏན་ལ་དབབ་པ་བསྡུས་པ་ལས་བཤད་པ་ལྟར་དང་བོར་ཐུབ་པ་སངས་རྒྱས་དང་དེའི་འོག་ཏུ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་ཕྱག་འབུལ་དགོས་སོ། །མཆོད་བརྗོད་མ་བྱས་པ་ཡང་ཡོད་དེ། དབུ་མའི་རྣམ་བཤད་དགོངས་པ་རབ་གསལ་དུ། བཤེས་སྤྲིངས་ལ་མཆོད་བརྗོད་མེད་ཅིང་བཤད་པར་དམ་བཅའ་བ་ཡོད་པར་གསུངས་པ་ལྟ་བུ་དང་། གཞན་དེ་འདྲ་ཡང་མང་ངོ་། །དེ་བཞིན་དུ་ཕྱག་བྱ་བའི་གོ་རིམ་བཤད་མ་ཐག་པ་ཡང་ངེས་ཅན་མ་ཡིན་ཏེ། ཐོག་མར་རང་གི་ལྷག་པའི་ལྷ་ལ་ཕྱག་མཛད་པ་རྗེ་རིན་པོ་ཆེའི་གསུང་ལས་མང་དུ་བྱུང་བ་བཞིན་དང་། དེར་མ་ཟད་ཐམས་ཅད་ཀྱི་དང་པོར་གང་ལས་ཆོས་ཀྱི་བཀའ་དྲིན་ནོད་པའི་བླ་མ་ལ་ཕྱག་བྱེད་པར་ཡང་རིགས་ཏེ། ལུང་གཞི་ལས། རྒན་པ་དང་ནི་གཞོན་ཡང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །ཞེས་བྱུང་བ་ལྟར་འཐད་པའི་ཕྱིར། འོ་ན་རབ་བྱུང་གི་སྐབས་ཀྱི་ལུང་གཞི་དང་ཀརྨ་ཤ་ཏམ་ལས། དང་པོར་སྟོན་པ་ལ་ཕྱག་འཚལ་དུ་གཞུག ། དེའི་འོག་ཏུ་མཁན་པོ་ལ་ཕྱག་འཚལ་དུ་བཅུག་ཅེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་ནི་དམིགས་བསལ་ཡིན་པར་མཚོ་སྣ་པ་ཆེན་པོས་གསུངས་པའི་ཕྱིར། གཞན་ཡང་ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། །རྩོམ་པར་དམ་བཅའ་བའི་དགོས་པ་ཡོད་དེ། རྩོམ་པ་མཐར་ཕྱིན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཁེངས་བསྐྱུང་བའི་སྒོ་ནས་རྩོམ་པར་དམ་བཅའ་བ་ལ་ཡང་དགོས་པ་ཡོད་དེ། རྩོམ་པ་པོ་རྨད་དུ་བྱུང་བར་གོ་བའི་ཆེད་དུའོ། །སྣོད་རུང་མཉན་པར་བསྐུལ་བའི་སྲོལ་ཀྱང་ཡོད་ལ་དེའི་དགོས་པ་ནི་རྩོམ་པ་པོ་བརྩེ་བས་འདོམས་པ་དང་། བསྟན་བཅོས་ཀྱི་དགོས་དོན་མཐོང་བའི་ཆེད་དུའོ། །

གསུམ་པ་བརྩམ་ཚུལ་དངོས་ལ་གཉིས། རྩོམ་པ་ལེགས་པའི་ཡོན་ཏན་དང་། རྩོམ་པ་ཉེས་པའི་སྐྱོན་ནོ། ། དང་པོ་ནི། རྩོམ་པ་པོ་གང་གིས་གང་བརྩམ་རྒྱུའི་གཞུང་གི་སྤྱི་ཁོག་ཏུ་བཟུང་སྟེ། གཞུང་གཞན་གྱི་ལུང་གིས་ཟུར་ནས་བརྒྱན་ཅིང་། དེ་དག་ཕན་ཚུན་གུང་བསྒྲིགས་ནས་ལུང་རིགས་ཀྱི་བརྡར་ཤ་ལེགས་པར་བཅད་དེ་འགལ་འདུ་ནོར་འཁྲུགས་ཀྱི་དྲི་མས་མ་གོས་པར་བྱ་བ་གལ་ཆེ་ཞིང་། དེ་ཡང་བརྗོད་བྱའི་དོན་བརླིང་ཡང་རྟོགས་སླ་བ། རྗོད་བྱེད་ཚིག་སྙན་ངག་གིས་བརྒྱན་པ། ཚིག་གི་སྦྱོར་བ་འབྲེལ་ཆགས་ཤིང་ཉན་ན་སྙན་པ། ཚིགས་བཅད་རྣམས་ནི་སྡེབ་སྦྱོར་ལེགས་ཤིང་སྙན་ངག་གིས་བཅིངས་པའམ་འབོལ་རྩོམ་གྱིས་གོ་བདེ་བ། མིང་རྣམས་ནི་མངོན་བརྗོད་ཀྱིས་བརྒྱན་པས་ངོ་མཚར་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། སྡུད་རྒྱུ་མེད་པའི་སོགས་སྒྲས་དབེན་ཞིང་བརྗོད་བྱ་ཟབ་པར་རྩོམ་ན་ཆེས་ཕུན་སུམ་ཚོགས་པར་གྱུར་ཅིང་མཁས་པ་མགུ་བའི་སྐྱེས་སུ་འགྱུར་རོ། ། གཉིས་པ་ནི། རང་ལུགས་དང་གཞན་ལུགས་འབྱེད་དཀའ་བ། འདུལ་བའི་ལས་ཆོག་ཆེན་མོ་གསེར་མདོག་རྣམ་རྒྱལ་ལྟ་བུ་དང་། ས་བཅད་ཧ་ཅང་མང་དྲགས་པ། ཚད་མ་རིགས་ཐིགས་དང་རྣམ་ངེས་དར་ཊིཀ་ལྟ་བུ་མ་ཡིན་པ་དང་། སྤྱིར་བོད་ཀྱི་ས་བཅད་ལུགས་དང་པོ་ལ་གཉིས། གཉིས་པ་ལ་གསུམ། གསུམ་པ་ལ་བཞི་ཟེར་བ་ལྟ་བུ་སོགས། ལས་དང་པོ་བ་ལ་ཕན་པའི་རྐྱེན་དུ་མི་འགྱུར་བར་མགོ་རྨོངས་པར་འགྱུར་བའང་སྲིད་པས། དེ་བས་རྒྱ་ནག་གི་ཡི་གེ་རྣམས་སུ་ས་བཅད་ཅི་ཙམ་དགོས་པ་དེ་དག ། བསྟན་བཅོས་ཀྱི་མགོར་སྡེབས་གཅིག་ཏུ་བཀྲམ་ནས། བཤད་པ་དངོས་གཞིའི་སྐབས་སུ་དེ་དག་གོ་རིམ་མ་འཁྲུགས་པར་བཤད་པ་ལྟ་བུར་བྱས་ན་ཡང་མི་རུང་བ་མེད་ཅིང་། གཞན་ཡང་ཚིག་གི་གཅོད་མཚམས་ཤད་ཀྱིས་མ་བཅད་པ་དང་། ཀུན་ལ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་གི་རྒྱན་འབའ་ཞིག་གིས་བཅིངས་པ་དང་། ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ་དང་། རྒྱ་ནག་གི་མིང་བོད་སྐད་དུ་བྲིས་པ་སོགས་སྐྱོན་ཡིན་ཏེ། དཔེར་ན་སྡེ་དགེ་སི་ཏུ་པཎ་ཆེན་གྱི་གསུང་འབུམ་དུ་རྒྱ་ནག་གི་སྨན་འགའ་ཞིག་གི་མིང་བོད་སྐད་རང་དུ་བྲིས་པ། དེང་སང་རྒྱ་བོད་སུ་ལ་བསྟན་ཀྱང་མི་གོ་བས་སྨན་བཟང་ཡང་གསོས་སུ་མི་འགྱུར་བ་ལྟ་བུ་དང་། ཡང་བསྟན་བཅོས་རྩོམ་པ་པོས་མཛད་བྱང་དུ་རང་མིང་གསལ་བར་མི་སྨོས་པའམ། རང་མིང་དངོས་སྦས་ནས་གཞན་ལ་མ་གྲགས་པའི་མིང་གཞན་བཅུག་པ་སོགས་སྐྱོན་ཆེ་ཤོས་ཡིན་ཏེ། བྱེད་པ་པོའི་མིང་མི་གསལ་བའི་དབང་གིས་བསྟན་བཅོས་འགའ་ཞིག་ལེགས་བཤད་དུ་སྣང་ནའང་ཐེ་ཚོམ་ཅན་དུ་གྱུར་ནས་མཁས་པ་དག་གིས་ཤེས་བྱེད་དུ་དྲངས་མ་ནུས་པ་ཡང་དེས་ལན་འདུག་པས་སྐྱོན་དེ་དག་དོར་ཏེ་མིང་རུས་ཡུལ་སོགས་གསལ་བར་སྨོས་པའི་སྒོ་ནས་བོད་སྤྱི་ཡོངས་ལ་གྲགས་པའི་བརྡའ་གསར་རྙིང་གིས་གཞི་བཟུང་ནས་ཡིག་འབྲུ་རྣམས་ནི་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་མ་ནོར་པར་ཐོབ་པའི་ཚུལ་གྱིས་བརྩམ་པར་བྱའོ། ། གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་བཟུང་བ་དང་། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་མཉེས་པའི་མཆོད་པར་འགྱུར་པ་དང་། གཞན་ཡང་། སློབ་དཔོན་དཎྚིའི་གཞུང་ལས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་གསུངས་པ་ལྟར། ཚེ་འདིའི་འདུ་བྱེད་བཏང་བའི་འོག་ཏུའང་བསྔགས་པར་འོས་པའི་ཡོན་ཏན་དང་བཀའ་དྲིན་གྱི་མིང་ཙམ་ལྷག་མར་ལུས་པའི་ཕྱིར་ཀུན་གྱིས་ཐོས་སྒྲོགས་སུ་གླེང་བའི་མཐའ་མི་མངོན་པའི་ངོས་ནས་མཁས་མིང་གི་གྲགས་པ་མི་ཉམས་པར་འགྱུར་བ་དང་། ཁྱད་པར་དུ་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་བ་བྱེ་བར་རྗོད་མཛད་ཀྱང་། །ཐ་མར་ཕྱིན་པར་གྱུར་མ་ལགས། །ཞེས་གསུངས་པ་ལྟར་དམ་ཆོས་འཛིན་པའི་བསོད་ནམས་ཚད་མེད་པ་ཐོབ་པའི་སྟོབས་ཀྱིས་མ་འོངས་པ་ནའང་བཅུ་ཕྲག་དྲུག་གི་རི་མོས་མཚན་པའི་ཕྱག་རྒྱས་མངོན་པར་བཀྲ་བའི་བཀའ་ཁྲིམས་དྲི་མ་མེད་པས་སྐལ་ལྡན་ཡོངས་ཀྱི་སྲིད་ལ་དབང་བསྒྱུར་ཞིང་མི་འཇིགས་སེང་གེ་བཞིས་བཏེག་པའི་ཁྲི་འཕང་མཐོན་པོར་སྟོབས་བཅུའི་རྩལ་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་བ་ཡིན་ནོ། །

སྨྲས་པ། རྨད་བྱུང་མཁས་པའི་བྱ་བ་པད་མའི་དགྲ །རང་བཟོའི་ཟོམ་འཇོག་སྤྲིན་གཡོགས་ཡོངས་བསལ་ཏེ། ། རྣམ་གཞག་འོད་དཀར་སྣང་བས་འཁྱུད་བཞིན་དུ། །བདག་བློའི་རྫིང་བུར་འཆར་བའི་ཚུལ་འདི་རྨད། །རང་ཉིད་ཐུབ་བསྟན་ནེ་འུ་ལྡང་རྣམས་ དང་། །གཞར་ཡང་མཐུན་པའི་མཛའ་གཅུགས་མི་ལྷོད ་ཕྱིར། །གཏམ་སྙན་སྒྲོག་པའི་འཕྲིན་ཡིག་འདི་བཀླགས་ཀྱི། །གཞན་ལ་ཕན་པའི་རེ་བ་གཅིག་ཏུ་མེད། ། འོན་ཏེ་མཁས་པའམ་མི་མཁས་གང་སྨྲ་ལ། །རྟོན་པ་བཞི་ཡི་ངང་ཚུལ་སྐྱོང་འདོད་རྣམས། །ཁྱད་གསོད་སྡང་ཤུགས་དོར་ཏེ་རྣམ་དཔྱོད་ན། །དེ་ཡང་རངས་པར་འགྱུར་བའི་གནས་སུ་འགྱུར། །སོག་པོས་བྱས་ཕྱིར་མི་མཁོ་ཞེས་སྨྲ་བའི། །ཆག ས་སྡང་དབང་གྱུར་འབྱུང་པོའི་འདབ་ལྡན་ཚོགས། །ཐན་སྐད་སྒྲོག་པའི་རྩོལ་བ་ཡོངས་བཏང་སྟེ། །རང་ཕྱོགས་བྱང་བལྟས་ཁུང་བུར་ངལ་གསོ་རིགས། །དེ་ཕྱིར་མཁས་རློམ་གོས་སེར་ཅན་གྱི་སྡེ། །ཡུད་ཀྱིས་མུན་པའི་ཁུང་བུར་འཇུག་བཟོད་པའི། །ལུང་དང་རིགས་པའི་ཟེར་རྣོན་སྤྲོ་བ་ཅན། །ལེགས་བཤད་ཉིན་བྱེད་འདི་ན་འོད་དུ་འཚེར། །འཆད་རྩོད་རྩོམ་པའི་གྲོས་འདེབས་འདི་བྱས་པས། །ཕྱོགས་རིས་ཡིད་ཅན་རྣ་བ་འགེབས་པའང་སྲིད། ། རྒྱ་མཚོའི་མར་སར་བསིལ་ཡང་ཡི་དྭགས་ལ། །མི་བཟོད་ཚ་གདུང་སྐྱེད་པའི་ཚུལ་ལ་ལྟོས། །བདག་བློ་ཞན་ཞིང་སྦྱངས་པ་དམན་པ་དང་། ། ཆོས་ཀྱང་ཟབ་བརླིང་གཏིང་དཔོག་དཀའ་བའི་ཕྱིར། །འགལ་ནོར་མ་འབྲེལ་ཟློས་སྐྱོན་མཆིས་སོ་ཅོག ། ལྷ་དང་བླ་མའི་སྤྱན་སྔར་བཤགས་པ་བགྱིད། །གཏམ་སྙན་བསྐྱེད་པའི་ལེགས་བཤད་བང་ཆེན་འདི། །སྐལ་ལྡན་རྣ་བའི་ལམ་ནས་བདེར་སོན་ཏེ། །ཡིད་ཀྱི་ཁྱིམ་དུ་དགེ་ལེགས་སྤེལ་པའི་གཏམ། །འབའ་ཞིག་སྒྲོག་པས་ཀུན་དགའ་སྐྱེད་གྱུར་ཅིག ། འདིར་འབད་དགེ་བའི་ཕྱཱ་མཁན་འདུ་བྱེད་ཀྱིས། །རྣམ་སྨིན་ཡོན་ཏན་ཀ་བརྒྱད་ཀྱིས་བཏེག་པའི། །དལ་འབྱོར་རིན་ཆེན་ཁང་བཟང་ཡིད་འོང་རྩེར། །ཐབས་ཤེས་རི་དྭགས་ཕོ་མོས་བརྒྱན་གྱུར་ཅིག ། ཚུལ་འདིར་རྣམ་དཀར་ཆུ་ཐིགས་བསགས་པ་གང་། །ཀུན་བཟང་སྨོན་ལམ་གངྒཱ་དང་འགྲོགས་ཏེ། །རྒྱལ་བའི་སྨོན་ལམ་རྒྱ་མཚོར་གཅིག་འདྲེས་པས། །ཕན་བདེ་རིན་ཆེན་འགྲོ་ལ་སྟོབ་པར་ཤོག །

ཅེས་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་ཞེས་བྱ་བ་འདི་ནི་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་ཨ་ལག་ཤ་ངག་དབང་བསྟན་དར་གྱིས་སྦྱར་བའོ། །

ཞེས་པ་འདི་ནི་སྐུ་འབུམ་བྱམས་པ་གླིང་དུ་དཔར་དུ་བསྒྲུབས་པའོ། །

 

上一篇:༄༅། །སྒྲ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །

下一篇:༄༅། ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམས་ཐར་རྒྱས་པ་བཞུགས་སོ།།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930933 位访客