«རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དེབ་༥པ)—ཡིག་ཚང་མ་ཧཱ་རུས་སྦལ་དུ་འཁོད་པའི་བོད་ཀྱི་སྐོར»(སྟོད་ཆ། སྨད་ཆ)ཞེས་པ་པར་དུ་བསྐྲུན་པ།

发布时间:2018-07-04 02:35:51

 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི«རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས(དེབ་5)—ཡིག་ཚང་མ་ཧཱ་རུས་སྦལ་དུ་འཁོད་པའི་བོད་ཀྱི་སྐོར»(སྟོད་ཆ། སྨད་ཆཞེས་པ་ད་ལོའི་ཟླ་དྲུག་པའི་ནང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།འདི་ནི«ཡིག་ཚང་མ་ཧཱ་རུས་སྦལ»དུ་འཁོད་པའི་བོད་ཀྱི་སྐོར་ཆ་ཚང་བར་བོད་ཡིག་ཏུ་བསྒྱུར་བ་ཐོག་མ་ཡིན་ཞིང་།  ལོ་ཙཱ་བ་ཁོང་གིས་རྒྱའི་གནའ་བོའི་ལོ་རྒྱུས་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་ཡིག་རིགས་བོད་ཡིག་ཏུ་བསྒྱུར་བའི་དེབ་ལྔ་པ་རེད།(དེབ་འདིར་ཁྱོན་བསྡོམས་ཤོག་ངོས་དགུ་བརྒྱ་ཙམ་ཡོད་པ་དེབ་སྟོད་སྨད་གཉིས་སུ་བགོས་ནས་པར་དུ་བཏབ་ཡོད།

«ཡིག་ཚང་མ་ཧཱ་རུས་སྦལ»གྱི་སྐོར།

  «ཡིག་ཚང་མ་ཧཱ་རུས་སྦལ»དུ་འབོད་པའི་དེབ་འདི་ནི་རྒྱའི་གནའ་རབས་ཀྱི་རིགས་དབྱེ་དེབ་ཅེས་པའི་རྩོམ་ལུགས་སུ་གཏོགས་པའི་བསྟན་བཅོས་གྲགས་ཅན་ཞིག་ཡིན་ཞིང་།སུང་རྒྱལ་རབས་བྱང་མའི་དུས་ཀྱིདེབ་ཆེན་བཞིའིཡ་གྱལ་ཡང་ཡིན།བསྟན་བཅོས་འདིའི་མིང་ལ་རྒྱ་སྐད་དུ་ཚེ་ཧྥུ་ཡོན་ཀུའེ(册府元龟)ཟེར།མིང་གི་ཕྱེད་སྔོན་མ་ཚེ་ཧྥུ(册府)ཞེས་པ་ནི་གོང་མའི་དཔེ་མཛོད་དམ་ཡིག་ཚང་གི་དོན་ཡིན་པ་དང་།ཡོན་ཀུའེ(元龟)ཞེས་པ་ནི་རུས་སྦལ་ཆེན་པོའི་དོན་ཏེ་རྒྱས་གནའ་དུས་སུ་རུས་སྦལ་གྱི་ཤུན་ལྐོགས་སྤྱད་དེ་རྒྱལ་སྲིད་ཀྱི་དོན་ཆེན་ལ་མོ་འདེབས་སྲོལ་ཡོད་པས་མིང་དེ་བཞིན་བཏགས་ལ།དེས་བསྟན་བཅོས་འདི་ཉིད་ཕྱིས་འབྱུང་མི་རྗེ་རྣམས་ཀྱིས་རྒྱལ་སྲིད་སྐྱོང་དུས་ཟུར་ལྟར་གཟུང་བྱ་ཡིན་པའི་དོན་སྟོན་ནོ།།

 

བསྟན་བཅོས་འདི་རྒྱའི་སུང་རྒྱལ་རབས་བྱང་མའི་དུས་སུ་བློན་ཆེན་ཝང་ཆིན་རུའོ(962—1025སོགས་ཀྱིས་སུང་གི་གོང་མ་ཀྲེན་ཙུང་གི་བཀའ་ལྟར་བསྒྲིགས་ཤིང་།ཁྱོན་བསྡོམས་བམ་པོ་ཆིག་སྟོང་ཡོད་པ་ལས་ནང་གསེས་སྡེ་ཚན་སོ་གཅིག་དང་།དབྱེ་སྒོ་ཆིག་སྟོང་ཆིག་བརྒྱ་བཅུ་མེད་བཞི་རུ་ཕྱེ་ཡོད།དེབ་འདིའི་ནང་རྒྱའི་ངག་རྒྱུན་དུས་རབས་ནས་རྒྱལ་རབས་ལྔའི(སྤྱི་ལོ་907—960དུས་ཏེ།སུང་རྒྱལ་རབས་ཡན་གྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་དོན་རྐྱེན་དང་མི་སྣ་སོགས་ཀྱི་སྐོར་སྡེ་ཚན་དང་དབྱེ་སྒོ་མང་པོར་ཕྱེ་ནས་དུས་ཀྱི་གོ་རིམ་བཞིན་བསྒྲིགས་ཡོད་ལ།དུས་རབས་རིམ་བྱུང་གི་ལོ་རྒྱུས་བསྟན་བཅོས་བཅུ་བདུན་གྱི་བརྗོད་དོན་གཙོར་བཟུང་ནས་བསྒྲིགས་ཡོད་པས་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་ཤིང་།དཔྱད་གཞིའི་ཡིག་རིགས་རྣམས་ལ་བཟོ་བཅོས་དང་སྣོན་འཕྲི་མེད་པར་ཇི་བཞིན་དྲངས་ཡོད་གཤིས།འདི་ཉིད་སུང་རྒྱལ་རབས་སྔོན་གྱི་ལོ་རྒྱུས་བསྟན་བཅོས་དག་གི་ཆད་པ་སྐོང་བ་དང་།ཕན་ཚུན་ཞིབ་སྡུར་བྱེད་པར་རིན་ཐང་ཆེན་པོ་ལྡན་པར་བརྗོད། སྒྲིག་སྟངས་ཀྱི་ཐད་ནས་ལོ་དུས་ཀྱི་རིམ་པ་ལྟར་འབྲི་བའི་དེབ་ཐེར་གྱི་རྩོམ་ལུས(编年体)དང་།མི་སྣའི་ལོ་རྒྱུས་རེ་རེ་བཞིན་འབྲི་བའི་དེབ་ཐེར་གྱི་རྩོམ་ལུས(纪传体)གཉིས་ཀྱི་འབྲི་སྟངས་ཟུང་འབྲེལ་དུ་བསྒྲིགས་པ་ཞིག་གོ།

འགྱུར་གྱི་མ་ཕྱིའི་སྐོར།

དུས་རབས་ཉི་ཤུ་པའི་ནང་སྐུ་ཞབས་སུའུ་ཅིན་རེན་དང་ཞའོ་ལེན་ཙི་གཉིས་ཀྱིས་བམ་པོ་སྟོང་ཅན་གྱི་བསྟན་བཅོས་འདིའི་ནང་གི་བོད་ཀྱི་སྐོར་རྣམས་ལོགས་སུ་བཏོན་ཅིང་།«ཐང་རྒྱལ་རབས་ཀྱི་རྩོམ་ཡིག་ཀུན་འདུས»«ཐང་རྒྱལ་རབས་ཀྱི་གོང་མའི་བཀའ་ཡིག་ཕྱོགས་བསྒྲིགས»«ཐང་གི་ལམ་སྲོལ་གནད་བསྡུས»«ཐུང་ཏེན»«ཐང་གི་ལོ་རྒྱུས»གསར་རྙིང་གཉིས། «སྲིད་སྐྱོང་མེ་ལོང»«སྲིད་སྐྱོང་མེ་ལོང་དཔེ་བསྡུར་མ»སོགས་ལོ་རྒྱུས་ཡིག་རིགས་སུམ་ཅུ་ལྷག་དང་བསྡུར་ཏེ་ཞུ་དག་གནང་བ་བརྒྱུད།«<ཡིག་ཚང་མ་ཧཱ་རུས་སྦལ>ལས་བོད་ཀྱི་ལོ་རྒྱུས་ཡིག་རིགས་ཀྱི་བསྡུར་ཞུས»ཞེས་པའི་དེབ་ཅིག་བསྒྲིགས་ཤིང་།1981ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ཀྱི་འགྱུར་འདི་ནི་གོང་གི་དེ་ཉིད་མ་ཕྱིར་བཟུང་ནས་བསྒྱུར་བ་ཡིན་ནོ།།

 

 «ཐུང་ཏེན»དང་།«ཐང་གི་ལམ་སྲོལ་གནད་བསྡུས»«ཐང་གི་ལོ་རྒྱུས»གསར་རྙིང་གཉིས།«སྲིད་སྐྱོང་མེ་ལོང»སོགས་སུ་བོད་ཀྱི་སྐོར་བཀོད་པ་དང་མི་འདྲ་ས་ཞིག་ནི།དེབ་འདིའི་ནང་དུ་ཐང་རྒྱལ་རབས་ཀྱི་གོང་མའི་བཀའ་ཡིག་དང་བློན་པོའི་ཞུ་ཡིག་ཤིན་ཏུ་མང་པོ་བཀོད་ཡོད་ཅིང་།དཔྱད་གཞི་ཡིག་ཆ་དེ་དག་ལས་ཁག་ཅིག«ཐང་རྒྱལ་རབས་ཀྱི་རྩོམ་ཡིག་ཀུན་འདུས»(全唐文)ཞེས་པ་དང་།«ཐང་རྒྱལ་རབས་ཀྱི་གོང་མའི་བཀའ་ཡིག་ཕྱོགས་བསྒྲིགས»(唐大诏令)ཞེས་པ་སོགས་སུ་མཐོང་རྒྱུ་ཡོད་པ་ལས།གོང་སྨྲས་དེབ་ཐེར་དག་ཏུ་རྩ་བ་ནས་མེད་པའམ།ཅུང་ཟད་ཡོད་པ་དག་ཀྱང་འདི་ལྟའི་ཆ་ཚང་པོ་ཞིག་མིན།དཔྱད་གཞིའི་ཡིག་རིགས་དེ་དག་སྐབས་དེའི་ཐང་བོད་བར་གྱི་འབྲེལ་བ་དང་།ལོ་རྒྱུས་དོན་རྐྱེན་ཁག་ཅིག་གི་འབྱུང་རྐྱེན་འབྱུང་ལུགས།ཐང་གི་རྒྱལ་བློན་ཚོས་བོད་ལ་འཛིན་པའི་སྲིད་བྱུས་སོགས་རྟོགས་པ་དང་དེར་ཞིབ་འཇུག་བྱེད་པར་རིན་ཐང་མི་དམན་པ་ལྡན་ནོ།།གཞན་ཡང་བསྟན་བཅོས་འདིའི་ནང་ཐང་བོད་བར་གྱི་ཕོ་ཉའི་རྒྱུ་འགྲུལ་གྱི་ཐེངས་གྲངས་དང་ཕོ་ཉའི་མིང་སོགས་བཀོད་པ་ཅུང་ཞིབ་ཅིང་།བོད་དང་འབྲེལ་བ་ལྡན་པའི་མི་སྣ་དང་ལོ་རྒྱུས་དོན་རྐྱེན་སོགས་གོང་སྨྲས་དེབ་ཐེར་དག་ཏུ་མེད་པ་མང་དུ་མཆིས་སོ།།

  དེ་ཡང་རྒྱ་ཡིག་གི་མ་ཕྱི་རུ་སྤྱི་བཤད་དང་ལོ་རེའི་བྱུང་བ་ཞེས་སྡེ་ཚན་ཆེན་པོ་གཉིས་སུ་ཕྱེ་བ་དང་། སྤྱི་བཤད་དུ་མི་རིགས་ཀྱི་འབྱུང་ཁུངས། སྤྱི་ཚོགས་ཀྱི་གནས་ཚུལ་མདོར་བསྡུས།རྒྱལ་རབས།ཐང་བོད་གཉིས་ཀྱི་འབྲེལ་བ་བཅས་སུ་ཕྱེ་བ་དང་།ལོ་རེའི་བྱུང་བའི་ནང་དུ་རྒྱའི་སུའེ་རྒྱལ་རབས་དང་།ཐང་རྒྱལ་རབས། རྒྱལ་རབས་ལྔའི་དུས་བཅས་ཀྱི་བོད་ཀྱི་སྐོར་བཀོད་ཡོད། མཇུག་གི་ཟུར་བཀོད་ཡིག་ཆར་བོད་བཙན་པོའི་རྒྱལ་རབས་རིམ་བྱོན། ཐང་བོད་གཉིས་བར་གྱི་ཕོ་ཉའི་འགྲོ་འོང་། དོན་ཆེན་གནད་བསྡུས་བཅས་བཀོད་ཡོད་པ་བོད་ཡིག་ཏུའང་ཆ་ཚང་བར་བསྒྱུར་ཡོད།ལོ་ཙཱ་བས་ད་དུང་སྐུ་ཞབས་སུའུ་ཅིན་རེན་དང་ཞའོ་ལེན་ཙི་གཉིས་ཀྱིས་བཏབ་པའི་མཆན་ཁག་ཅིག་ཀྱང་བོད་ཡིག་ཏུ་བསྒྱུར་ཡོད་པ་དང་།མ་ཕྱིའི་ནང་དུ་བྱུང་བའི་ས་མིང་།མི་མིང་།གོ་གནས་ཀྱི་མིང་།ཚོ་པ་དང་མི་རིགས་དང་རྒྱལ་ཁབ་ཀྱི་མིང་།རྒྱལ་རབས་ཀྱི་མིང་སོགས་ལ་མཆན་འབོར་ཆེན་བཏབ་སྟེ་ཀློག་བདེ་བར་བྱས་ཡོད་དོ།།

དེ་སྔོན་པར་དུ་བསྐྲུན་པའི་འགྱུར་དེབ་དང་བཅས་པའི་སྐོར།

ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ནས་སྤྱི་ལོ་2007ནས་བཟུང་།རྒྱའི་གནའ་བོའི་ལོ་རྒྱུས་དེབ་ཐེར་གྲགས་ཅན«ཧན་རྒྱལ་རབས་ཀྱི་ལོ་རྒྱུས»«ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས»«ཅིན་རྒྱལ་རབས་ཀྱི་ལོ་རྒྱུས»«སུང་རྒྱལ་རབས་ཀྱི་ལོ་རྒྱུས»«ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས»«ལིའང་རྒྱལ་རབས་ཀྱི་ལོ་རྒྱུས»«ཝེ་རྒྱལ་རབས་ཀྱི་ལོ་རྒྱུས»«ཆི་རྒྱལ་རབས་བྱང་མའི་ལོ་རྒྱུས»«ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས»«སུའེ་རྒྱལ་རབས་ཀྱི་ལོ་རྒྱུས»«རྒྱལ་རབས་བྱང་མའི་ལོ་རྒྱུས»«ཐང་གི་ལམ་སྲོལ་གནད་བསྡུས»«ཐང་གི་ལོ་རྒྱུས་རྙིང་མ»«ཐང་གི་ལོ་རྒྱུས་གསར་མ»«རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ»«རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ»«ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས»«ཅིན་རྒྱལ་རབས་ཀྱི་ལོ་རྒྱུས»«སུང་རྒྱལ་རབས་ཀྱི་ལོ་རྒྱུས»«སྲིད་སྐྱོང་མེ་ལོང »«ཡིག་ཚང་མ་ཧཱ་རུས་སྦལ»བཅས་སུ་འཁོད་པའི་བོད་བཙན་པོའི་རྒྱལ་རབས་དང་། ཙོང་ཁའི་རྒྱལ་རབས།ནུབ་ཆཱང་། ཏི། ཏང་ཞང་།ལྡོང ཐན་ཁྲང་།ལྡོང་ཕྲོམ འ་ཞ། སུམ་པ། པའེ་ལན། ཞང་ཞུང་།བུད་མེད་རྒྱལ་ཁབ་ཤར་མ། བུད་མེད་རྒྱལ་ཁབ་ནུབ་མ། ཧྥུ་རྒྱལ་ཁབ། བྲུ་ཤ། སེ་རིབ། ཀྲང་ཆིའུ་པ།མི་ཉག་རྒྱལ་རབས། ཏེན། ཁྱུང་ཏུའུ། ཙོ་ཏུའུ། རན་མང་། པའེ་མ་ཏི་ལ་སོགས་པའི་སྐོར་བོད་ཡིག་ཏུ་བསྒྱུར་ཅིང་།རྒྱ་ཡིག་མ་ཕྱིར་བྱུང་བའི་ལོ་རྒྱུས་མི་སྣ་དང་། ས་མིང་། སྲིད་འཛིན་ལྟེ་བ། ཁྲི་ལོ།དཔོན་ཐོབ། མི་རིགས་དང་རྒྱལ་ཁབ་ཀྱི་མིང་སོགས་ལ་མཆན་འབོར་ཆེན་བཏབ་པ་དང་།བོད་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་།དུས་རབས་རིམ་བྱུང་གི་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་དེབ་ཐེར་ཁགཉེ་རབས་དང་དེང་རབས་ཀྱི་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་པ་ཚོའི་འབྲེལ་ཡོད་བརྩམས་ཆོས་སོགས་གཞིར་བཟུང་སྟེ་འབྲེལ་ཡོད་གནད་དོན་སྐོར་ལ་དཔྱད་པའང་གང་ལ་གང་འཚམ་བཏང་ཡོད།

དཔེ་ཚོགས་འདི་པར་དུ་བསྐྲུན་པ་དེས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་ཡིག་རིགས་འབོར་ཆེན་མཁོ་འདོན་བྱས་པ་དང་།ཟུར་ལྟ་དང་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་གཤིས་ཀློག་མཁན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད(2013ལོར་པར་ཐོག་མར་བཏབ་པའི་དཔེ་ཚོགས་འདིའི་དེབ་1-3པ་ད་ལྟའི་བར་ཐེངས་4ལ་དཔར་བ་དང་། 2015ལོར་པར་དུ་བཏབ་པའི་དེབ་4པ་ད་ལྟའི་བར་ཐེངས་3ལ་དཔར་མྱོངཅིང་། འདི་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ཀྱིས«ཐང་གི་ལོ་རྒྱུས»གསར་རྙིང་གཉིས་ནང་གི«བོད་ཀྱི་ལོ་རྒྱུས»བོད་ཡིག་ཏུ་བསྒྱུར་རྗེས།ཅུང་གཞི་རྒྱ་ཆེ་བའི་སྒོ་ནས་རྒྱའི་གནའ་བོའི་ལོ་རྒྱུས་ཡིག་ཚང་ནང་གི་བོད་དང་འབྲེལ་བའི་ལོ་རྒྱུས་ཡིག་རིགས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཀྱང་ཡིན་ནོ།།

 

 

上一篇:ཤར་གངས་རི་མ།

下一篇:མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ་འགྲེམས་སྤེལ་མཛད་སྒོ་རེབ་གོང་ནས་བསྡུས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731119 位访客