ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་བསྟོད་དབྱངས་མཆོད་འབུལ་མ།

发布时间:2018-07-03 08:27:23

ལྔ་རིག་ཅོད་པན་འཛུམ་པའི་སྣང་བ་ཡིས། །

བསིལ་ལྡན་གངས་ལྗོངས་མངོན་དགའི་དཔལ་སྟེར་བ། །

སྐྱེས་མཆོག་ནག་ཚོར་གྲགས་པའི་འཇིག་རྟེན་མིག །

གུས་བསྐྱེད་མཛད་རྣམ་ངག་གི་དཔལ་ལ་རོལ། །


པོད་ལྔའི་གཞུང་ལ་རྩེན་པའི་མཁྱེན་རབ་ཀྱིས། །

ལེགས་པར་སྨྲ་བའི་སྐད་གཉིས་དབང་ཕྱུག་ཆེ། །

འཇིག་རྟེན་མིག་གི་གཙུག་རྒྱན་ཏུ་བཀུར་བའི། །

གེ་བཤེས་གུང་ཐང་བསྟོད་པའི་མཆོད་པ་འབུལ། །


སྣོད་བཅུད་གཡང་མཛོད་མངའ་རིས་རྫོང་དགའི་ཡུལ། །

ལྷ་གདོང་ཞེས་བྱའི་བཀྲ་ཤིས་སྒེག་ལྡན་མར། །

བློ་རིག་དོ་ཟླ་བྲལ་བའི་རྣམ་སྤྲུལ་དེ། །

ཁྱུ་མཆོག་སྟབས་ཀྱིས་གཤེགས་ལ་མཆོད་པ་འབུལ། །


དབལ་སོ་ཀེ་ལ་ཤེ་ཡིས་ཡོངས་བསྐོར་བའི། །

ལྗོངས་དེར་གདུང་རྒྱུད་ནག་ཚོ་ཞེས་བྱ་རུ། །

སྔོན་བསགས་ཟད་མེད་རྣམ་སད་མཁྱེན་རབ་ཅན། །

དགེ་མིང་ཚུལ་ཁྲིམས་རྒྱལ་བར་མཆོད་པ་འབུལ། །


མངོན་མཐོ་ངེས་ལེགས་དོན་གཉིས་ཀུན་གྱི་གཞི། །

ཐར་པའི་གྲོང་པ་བགྲོད་པའི་ལམ་ཡིག་མཆོག །

སྡོམ་གསུམ་འདུལ་བ་ཕྲ་ཞིབ་ཉམས་ལེན་མཁན། །

ཇོ་བོའི་ལུང་འཛིན་མཆོག་ལ་མཆོད་པ་འབུལ། །


རིག་བརྒྱའི་ཀློང་ན་གང་འགྲོ་རང་དབང་ཅན། །

ཨ་ཏི་ཤ་སོགས་མཁས་གྲུབ་ལོ་པཎ་བརྒྱའི། །

ཞབས་སོར་པད་མོར་སྒོ་གསུམ་གུས་འདུད་པ། །

ལོ་ཆེན་འདུལ་འཛིན་ཆེན་པོར་མཆོད་པ་འབུལ། །


ས་སྐྱོང་བླ་མའི་བཀའ་གསུང་བླ་གཡུ་བཏགས། །

ཕྱག་རྟེན་རིན་ཆེན་རྗེ་བོས་གནང་བ་ཐོགས། །

ནོར་འཛིན་རི་ཆུ་ལ་ལུང་འབད་པས་བཅད། །

འཕགས་ཡུལ་དཀའ་བས་གཤེགས་ལ་མཆོད་པ་འབུལ། །


བརྩོན་འགྲུས་སེང་གེ་རྒྱལ་སྲས་སྤྱོད་པ་ཅན། །

གང་གི་ཕྱག་རོགས་མགོ་གཉེར་རབ་མཛད་དེ། །

ཇོ་བོའི་དྲུང་ནས་ཆོས་ཀྱི་གདམས་ངག་བརྙེས། །

བྱང་ཆུབ་སྤྱོད་མཆོག་ཅན་ལ་མཆོད་པ་འབུལ། །


རྒྱལ་བསྟན་དཔག་ལྗོན་དགུང་ལ་སྙེག་པ་དང་། །

འདུལ་བའི་སྤྱོད་པ་བཙུན་ཞིང་ལེགས་པ་དང་། །

སྒོས་སུ་བོད་འབངས་ཐར་བའི་རྒྱུ་བསྒྲུབ་སླད། །

ཁྲི་གདུགས་དྲངས་པའི་ཤིང་རྟར་མཆོད་པ་འབུལ། །


ཁ་བའི་ལྗོངས་ཀྱི་དངོས་བྱོན་རྐང་གཉིས་གཙོ། །

མར་མེ་མཛད་པའི་ཕྱག་གི་བྱིན་རླབས་དང་། །

འདུལ་བ་མདོ་རྩ་སྦས་ཆོས་ཉི་ཤུ་མནོས། །

ཉམས་རྟོགས་ཐུན་མིན་འཁྲུངས་ལ་མཆོད་པ་འབུལ། །


འགྱུར་བའི་པོ་ཏིས་རི་རབ་སྨད་པ་དང་། །

ལྷ་གཅིག་ཇོ་བོ་སྤྱན་དུ་རབ་དྲངས་ལ། །

ཐམས་ཅད་མཁྱེན་པ་བུ་སྟོན་ཉིད་ཀྱིས་ཀྱང་། །

སློབ་དཔོན་དུ་བསྔགས་ཁོང་ལ་མཆོད་པ་འབུལ། །


上一篇:ཇོ་བོ་རྗེའི་རྣམ་ཐར་ལྔ་བ།

下一篇:ཤར་གངས་རི་མ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490118 位访客