ཕོ་ཉ་གཞོན་ནུ་དོན་གྲུབ་མ། སྒེའུ་སྟེང་བློ་བཟང་དཔལ་ལྡན།

发布时间:2018-07-02 08:58:25

ཕོ་ཉ་གཞོན་ནུ་དོན་གྲུབ་མ།

སྒེའུ་སྟེང་བློ་བཟང་དཔལ་ལྡན། 

 

འདི་ནས་བྱང་དུ་དཔག་ཚད་ཁྲི་ཕྲག་ན། །

རྒྱལ་ཀུན་ཡེ་ཤེས་ཐིག་ལེ་ལྟར་ཆགས་པ། །

བདག་གི་དཔྲལ་བའི་མིག་དང་ཁོང་བའི་སྙིང༌། །

མཚན་ཙམ་གྱིས་ཀྱང་རྣ་བའི་བཅུད་ལེན་ཡོད། །

 

དེ་རུ་ལས་བཤོལ་མེད་པར་དགོས་པའི་དོན། །

ཆ་གཅིག་རིངས་པར་སྒྲུབ་པའི་ཕོ་ཉ་བ། །

རིག་བྱེད་ཚིག་གིས་སྤྱི་བོར་དབང་བསྐུར་ན། །

ཡོན་ཏན་ཁོ་ལག་རྫོགས་པ་འགའ་ཡོད་དམ། །

 

དེ་ཚེ་རྟེན་འབྱུང་ཚོགས་པ་མ་འགགས་པས། །

སྤྲིན་དཀར་གཡོན་མ་འཛུམ་པའི་རྒྱ་གྲོལ་ཏེ། །

ལེགས་བྲིས་བུས་པ་བལྟ་བས་མི་ངོམས་ཤིག །

དལ་བུར་འཆག་པ་ས་སྲུང་གཞོན་ནུའི་སྤུན། །

 

ཀྱེ་ཀྱེ་དོན་ཆེན་རབ་ཏུ་གྲུབ་པའི་བུ། །

ཚུར་ཤོག་ཚུར་ཤོག་ཕྱི་ནང་གཙུག་ལག་ལས། །

བདེ་ལེགས་བསྐྲུན་པའི་བདེན་ཚིག་མེ་ཏོག་གིས། །

ཁྱོད་ལ་ཕོ་ཉ་ཏེ་བོར་མངའ་གསོལ་བགྱིད། །

 

ཞབས་སེན་ལུས་སྐྱེས་ཕྲ་མོའི་ཟེར་མ་ཡང། །

སྲིད་ཞིའི་གཡུལ་ལས་རྒྱལ་བའི་རུ་མཚོན་གྱིས། །

མཁའ་ཁྱབ་བདུད་ལ་མཚོན་དུ་རྣོ་བའི་དཔྱིད། །

དེ་ཡི་དགེ་ལེགས་དམ་པས་ཁྱོད་ལ་སྲུངས། །

 

དཀར་ཕྱོགས་ལྷ་ཀླུ་མཐུ་དང་རྫུ་འཕྲུལ་གྱི། །

ཤུགས་ལྡན་གཞན་ཕན་བརྩེ་བའི་བ་དན་ཅན། །

འདི་ལ་ལུས་གྱི་གྲིབ་མ་ལྟར་འགྲོགས་ནས། །

སྲུང་ཞིང་སྐྱོབ་པ་ཉམས་ལས་གཡེལ་མི་འཚལ། །

 

བདག་གི་ཁྱིམ་ན་རྟ་དང་གླང་བོའི་ཁྱུ། །

བྱ་རྒོད་ཤུགས་ཀྱིས་ཉིན་ཞག་བཅོ་བརྒྱད་ཙམ། །

ཉུལ་ཡང་ཕྱི་མའི་མཐའ་ནི་མི་དམིགས་པའི། །

སྟོབས་དང་འབྱོར་བ་ནོར་རྩེན་ཕོ་བྲང་བཞིན། །

 

དེ་ལྟ་མོད་ཀྱི་ཁོ་བོ་ཡིད་བྱུང་ནས། །

གྱོ་མའི་སྣོད་ཐོགས་ངུར་སྨྲིག་ཙམ་བླངས་ཏེ། །

ཆགས་པ་མེད་པར་ཞི་བའི་བས་མཐའ་རུ། །

ཨེ་མ་དྲང་སྲོང་འདི་འདྲ་ཆེད་དུ་བྱས། །

དེ་བས་སྣ་ཚོགས་ནོར་བུའི་རྒྱན་བྱིན་པའི། །

རྟ་དང་གླང་བོ་ཁྱོགས་ཀྱི་བྱེ་བྲག་མང༌། །

རྫོངས་བརྡ་བྲལ་འདིས་དགོངས་ཚོམ་མི་བཞེས་པར། །

ཤིང་འབྲས་ཤས་ཙམ་ཕྲག་ལ་བསྣམས་ཏེ་བཞུད། །

 

ཡང་ན་སྒོ་སྲུང་རྒྱ་སྟག་གཞོན་ནུ་མས། །

སྤུ་གྲིའི་རྗེས་འགྲོ་མཆེ་བའི་གཅོང་རོང་དུ། །

དྲངས་པའི་ཝ་སྐྱེས་བསད་པའི་ཤ་གཟུག་གི །

ལྷག་མར་སྤྱོད་པ་འདི་ཡང་ཆས་སུ་ཟུངས། །

 

ད་ནི་ཛ་ལནྡྷ་ར་ཡི། །

ཉལ་འགྲོ་ཛ་ཧུའི་བུ་མོ་ལྟའི། །

འགྲམ་པའི་རི་མོ་སྐྱེས་ཀྱི་བཤུལ། །

འགྲིམ་པའི་དཀའ་ཐུབ་ལོངས་སུ་བྱོས། །

གྱེན་དང་ཐུར་ལ་བྱེད་པོ་ཡིས། །

བཙུགས་པའི་ལམ་ནི་ཐེམ་པའི་སྐས། །

མཐོང་ན་དབུགས་དང་དོན་སྙིང་ཟུང༌། །

འགྲན་བཞིན་ལྡང་བའི་ཟློས་གར་རྩེན། །

 

མཐོན་མཐིང་ནེའུ་གསིང་རྨ་བྱའི་མགྲིན་འདྲ་ལ། །

མཐོ་རིས་འོད་ལྔ་ཆགས་འདྲའི་མེ་ཏོག་ལྡེམ། །

ཟིར་ཟིར་སྦྲེང་བའི་རྐང་དྲུག་རི་སྐྱེས་ཀྱི། །

བུ་རྣམས་རྩེད་འཇོ་རེས་འགར་ཉམས་སུ་འབབ། །

 

གངས་དཀར་རལ་བ་སྟུག་པོའི་ཐོར་ཅོག་གི །

རྩེ་མོ་མཁར་བསྙེགས་ཉི་ཟླའི་རྣ་ཆ་ཟུང༌། །

མགུལ་བར་བཟུང་བའི་འབིགས་བྱེད་རི་བོའི་སྤུན། །

སྨིག་རྒྱུའི་ཀ་བ་དགུང་ལ་བཙུགས་པ་འདྲ། །

 

གཡའ་དང་རྫ་ཡི་གླེགས་བུ་མ་འཐོར་བའི། །

ས་འཛིན་རྩེ་མོ་མཐོངས་ལས་མཐོང་དཀའ་སྟེ། །

འདབ་བཟང་དབང་པོ་བྱེའུའི་གོ་འཕང་ལ། །

འགོད་ན་འདབ་ཆགས་ཕལ་རྣམས་སྤྲེའུའི་ཁྱུ། །

 

ཤིང་སྐམ་མི་རོ་ལྟར་རེངས་ཤིང༌། །

ཁ་བ་བུ་ཡུག་སོག་ལེ་བཞིན། །

འཐོར་རླུང་དྲག་པོའི་མུན་གཏིབས་པ། །

ལུས་དང་སྲོག་གི་ཆོམ་པོར་རྒྱུ། །

 

འཇིགས་རུང་གཅན་གཟན་ནགས་ཀྱི་གཤིན་རྗེའི་ཚོགས། །

ཟ་བྱེད་མཆེ་བ་ཁྲག་གི་རྣོ་རྒྱུན་ཅན། །

དཔུང་བ་མཉམ་དུ་བསྒྲིགས་པས་སྲིན་པོའི་ཡུལ། །

དག་པའི་ཞིང་དུ་འཁྲུལ་བ་སུར་མི་སྐྱེད། །

 

འཇིགས་དང་ཚ་གྲང་བཀྲེས་སྐོམ་མི་སེམས་ཤིང༌། །

རིད་ཀྱང་འཛུམ་པའི་གཟི་བྱིན་མི་གཏོང་བར། །

དགེ་ལེགས་སླད་དུ་མཁའ་ལྡིང་འདབ་མའི་གར། །

སྐྱེ་བོའི་རྒྱུན་ལམ་ངོས་ལ་དྲག་ཏུ་བསྒྱུར། །

 

གསེར་ལྗོངས་ཞེས་བྱ་ས་ཡི་ཐིག་ལེ་ནི། །

གྲགས་པ་དཀར་པོའི་དོ་ཤལ་རིང་སོང་བས། །

ལྕགས་ཀྱུ་མེད་པར་ལྷ་མིའི་ཡིད་དབང་ཀུན། །

འཛིན་པའི་རྩེ་དགའ་ཟད་དུ་མེད་པ་ཡོད། །

 

དེ་ཡི་ཕང་བར་གྲོང་དང་གྲོང་ཁྱེར་གྱི། །

ཚོམ་བུ་སྔོ་བསངས་གདོང་བར་རྒྱུ་སྐར་མའི། །

དོག་པས་མ་འགྲན་ཆུ་ཁུར་སྟོད་གཡོགས་ཀྱིས། །

སྒྲིབ་པའི་ངལ་བ་སྟོངས་པའི་མཐའ་མ་དཔོག །

 

རོང་སྟོན་འཕྲིན་ལས་བསྐྱངས་པའི་མུ་ཁྱུད་ཀྱི། །

ཁོར་ཡུག་ཟླ་ཤེལ་བརྩེགས་པའི་ས་འཛིན་ལ། །

བཤད་དང་སྒྲུབ་པའི་ལང་ཚོ་མ་རྙིངས་པའི། །

ཆོས་ཀྱི་སྡེ་ནི་ཀུ་མུད་བཞད་པ་བཞིན། །

 

དེའི་སྙིང་ཤེས་རབ་གསེར་གྱི་ཁུ་བ་ཡིས། །

བྲན་པས་བཀྲ་ཤིས་པདྨོ་བཞད་པའི་རྫོང༌། །

རྣམ་པར་དཀར་བའི་གེ་སར་འཐུལ་བ་ཅན། །

མུ་ཏིག་འབྲས་བུ་ལྷག་གེར་འཛུམ་པས་མཚོན། །

 

ཆུ་ནགས་གཡང་ས་བྲག་སྣ་འཐབ་པའི་གཅོང༌། །

ལྟ་བྱེད་སྟོང་ཕྲག་བཀྲ་ཡང་བཙལ་དཀའ་བའི། །

གསེབ་ལམ་ཆོམ་པོའི་སྦས་ཡུལ་སྐྱི་གཡའ་བར། །

མ་ཐེགས་སྲོག་ཀྱང་ལྔ་བའི་ལམ་དུ་འདྲེན། །

 

དེ་གཞན་ལྷོ་བྱང་དོན་མཐུན་ཁྲི་ཕྲག་གིས། །

བགྲོད་པ་གཅིག་པའི་གཞུང་ལམ་དར་དཀར་གྱི། །

ཁུག་པ་བརྐྱངས་པས་མིའི་ཐུང་གོམ་པ་ཡང༌། །

གྲོག་མའི་སུག་པའི་རྗེས་ལ་ཡང་དག་རྟོག །

 

འཕྲང་ཞེས་རྒྱ་ཁབ་ཕྲ་མོའི་བུ་ག་ལས། །

ལུས་ཕྲ་ཐོ་རངས་བསེར་བའི་གཟུགས་སྒྲ་ཅན། །

འཇིགས་པས་སྐྱི་གཡའ་སྲིད་པ་བར་མའི་འཕྲང༌། །

གསལ་བྱེད་མེ་ལོང་གཉིས་པ་གཞན་ཡོད་མིན། །

 

དེ་ན་ནོར་བུའི་བ་གམ་འོད་ཚོགས་ཀྱི། །

དགའ་མར་འཁྱུད་པས་མི་ངོམས་ཁང་བཟང་གི །

དྲ་བ་ཆ་བསགས་ལྟེ་བའི་ཕོ་བྲང་ཀུན། །

དུས་ཀྱིས་འཕང་འདྲའི་དགའ་ཚལ་ཡི་གར་འོང༌། །

 

ངུར་སྨྲིག་གསར་བའི་བླ་གོས་ཀྱིས། །

ལི་ཁྲིའི་ཆུ་རྡུལ་གྲངས་ལ་འཕྱ། །

མཁྱེན་བཟང་མཁའ་ཡི་ཕ་མཐའ་ནི། །

འཇལ་ལ་ཐུབ་པ་ཀུན་ཀྱང་ངལ། །

 

ལུང་དང་རིགས་པའི་ཆུ་གཏེར་རླབས། །

གྱེན་དུ་འཆེལ་བས་ལུས་མེད་ཀྱི། །

མྱ་ངན་ལག་པས་བྲང་ལ་འཐབ། །

ཐར་པའི་སྒོ་འཕར་ངང་གིས་གྲོལ། །

 

རོང་སྟོན་རིམ་བྱོན་མཛད་པའི་གུར་ཀུམ་གྱིས། །

བྲིས་པ་ནམ་མཁའི་མེ་ལོང་ངོས་གཉིས་པ། །

ལུགས་བརྒྱར་གསལ་བ་ས་ཡི་སྙིང་པོ་ཞེས། །

སྙན་ལས་སྙན་པ་ཆུ་སྒྲོགས་མཐའ་ལ་བཅས། །

 

འཇིགས་མེད་གདོང་ལྔ་འཁྱུག་པས་མཐོར་བཏེགས་པའི། །

ཡིད་འོང་ནོར་བུའི་འཁྲི་ཤིང་བཀྲམ་པའི་ཁར། །

ཞབས་སྐྱེས་མེ་ཏོག་རྩེན་པའི་པཎ་ཆེན་མང༌། །

བསྟན་ལས་སྐྱེས་པའི་རྩེ་དགའ་ཅི་ཡང་འཛིན། །

 

ཁྱད་པར་རིང་ནས་མཛའ་བ་མ་བཏང་བའི། །

གྲུ་འཛིན་དབང་ཕྱུག་ལག་པའི་པདྨ་ཅན། །

དྲེགས་མྱོས་བྱེ་བའི་གཙུག་ཏོར་མཁར་འཕགས་ནས། །

ཕན་བདེ་བསིལ་བ་སྙོམས་ལ་གུས་པ་འཆའ། །

 

ཕྱི་ནང་དྲུང་འཁོར་ཉེ་དབང་རྣམ་རྒྱལ་གྱི། །

ཁང་བར་འགྱིང་བའི་ཁེངས་པ་སྙོལ་བྱེད་ཅིང༌། །

གསོལ་ཁ་བ་དང་སྣངས་ཆེན་དུད་པའི་ཉམས། །

དྲི་བཞོན་ལྡན་པའི་རྐང་འཐུང་ཚལ་གྱིས་གཞལ། །

 

གསུང་མཉན་སྐུ་ཡི་རྒྱལ་མཚན་བལྟ་བའི་སླད། །

ཕྱོགས་འགྲུལ་སྙིམ་པའི་གཞོང་བ་རིན་ཆེན་གྱིས། །

ཕྱིར་བུར་བཀང་རྣམས་དབང་ཆེན་མཚན་མའི་ལྟོར། །

འཇིགས་སྡེ་མེ་ནི་རྒྱུན་ཆད་མེད་ལ་རྟོག །

 

སྙན་ཤལ་གངས་ཀྱི་དུ་ཀཱུ་ལ། །

སྙིམ་པའི་སྲིད་ལ་འཕུར་ལྡིང་ཅན། །

བསྐྱོད་དེ་ཐུགས་རྗེ་རང་མལ་ནས། །

ལངས་པའི་རྫ་རྔ་ཁྱོད་ཀྱིས་རྡུངས། །

 

ཚོང་ཟོང་དར་ཟབ་རིན་ཆེན་ཐང་མའི་རྡུལ། །

ཁོར་ཡུག་བརྡལ་བ་གདེངས་ཅན་ལམ་སྲང་ཉིད། །

མི་རིགས་ཐ་དད་ཕྱོགས་ཀྱི་འདུ་འགོད་ཀྱིས། །

ཀཱ་ཤིའི་ཡུལ་གྱི་གཟུགས་བརྙན་གསལ་བར་བྱེད། །

 

ངུར་བའི་འགྲོས་ལྡན་ནུ་ཁུར་དུད་པ་ཅན། །

པདྨའི་གཞོན་ལུས་ཨུཏྤལ་མིག་ཅན་མ། །

ཟླ་བཞིན་མཛེས་པ་བིམྦའི་མཆུ་སྒྲོས་ཀྱིས། །

གཅིག་ལས་གཅིག་ལྷག་ཡིད་སྲུབས་མཚམས་སྦྱོར་མང༌། །

 

དེ་ལྟའི་ཡུལ་ལ་འདོད་པའི་དཔུང་ལྕི་ཡང༌། །

ངེས་འབྱུང་ལ་ཐོད་དཀར་པོའི་མིག་དར་དང༌། །

སྒྱུ་མའི་ཏིང་འཛིན་བག་ཡོད་འཁར་བའི་གྲོགས། །

བསྟེན་ལས་བློ་བྲིད་ཕྱོགས་ལ་མྱ་ངན་བྱིན། །

 

དེ་ནས་ཉི་ཟླའི་རྒྱུ་ལམ་ཡང༌། །

འགོག་སྙམ་ས་ཡི་བདག་པོའི་མཁར། །

ལམ་སྲང་བུ་མོ་རྣ་བ་ལ། །

མཚོན་ཆའི་ཕོན་པོ་སྙིང་ལ་གཟན། །

བཀར་བཏགས་ལོག་པའི་གཉའ་ཤིང་ཁུར། །

འབངས་ཀྱི་ཕྲག་ལ་ཐེག་མིན་ཏེ། །

ཉིན་བྱེད་གཟའ་ཡིས་ཟིན་པ་ལྟར། །

ཕལ་ལ་སྡིག་པའི་མཚན་མར་བཀྲ། །

 

གདོང་ལ་རྒྱུ་བའི་དགྲ་སྡེའི་ཚོགས། །

མགོ་བོ་སྙེ་མ་ལྟར་བྲེགས་ནས། །

ཁྲག་ཞག་འཁྱིལ་བའི་རྒྱ་མཚོ་མར། །

འབྱུང་བོའི་རྐན་སྒྲ་མཚན་མོའི་དབྱངས། །

 

ཚ་གཅུན་དྲག་པོས་འགྲོ་འདའི་ཁྱུ། །

རང་ཁྱིམ་ལ་ནི་འགྲོ་འོང་བཞིན། །

རྐང་རྡུལ་གཡོས་པས་ཉི་ཟླ་ལས། །

དུད་པས་བསྒོས་པའི་ཤེལ་དག་གསལ། །

 

ཆོས་དང་ཕྱི་མ་བཏང་ནས་འདོད་ཆེན་གྱི། །

མེ་གང་སྟོང་གསུམ་དངོས་འདིས་མི་ངོམས་ན། །

ནམ་ཞིག་རང་གི་ཕ་མའི་མགོ་བོ་ཡང༌། །

བསྲེག་བྱའི་བུད་ཤིང་བྱེད་ལ་སོམ་ཉིས་དབེན། །

 

ཀྱེ་ཧུད་ཡ་མུ་ན་གྲོང་ཡང༌། །

འཇིགས་པའི་ཡུལ་ཞེས་ཅི་ལ་གྲགས། །

རྣམ་དཀར་ཅན་ལ་བདེ་བ་ཡིས། །

ལེགས་པར་དབུགས་རབ་མི་དབྱུང་ངམ། །

 

ཨནྡ་རྙིལ་གྱི་མདོག་ལྟར་རབ་སྔོ་བའི། །

གཏིང་དཔོག་དཀའ་བ་ལྷ་མིའི་གྲུ་རྫིངས་ཅན། །

དེ་ལ་ས་ཡི་ལྷ་བཙུན་ན་རིམ་གྱིས། །

བཙུགས་པའི་ཟམ་པ་དགུ་ཚིགས་ཞགས་པའི་གཉེན། །

 

ཉེ་བར་ཟངས་མདོག་རྒྱ་མཚོའི་གོས་ཅན་ལ། །

གསེར་དངུལ་དར་ཟབ་ཕོན་པོའི་བང་བ་ཡིས། །

རྨུགས་འཛིན་གྲོང་ཡང་པྲེ་ཏའི་ཡུལ་འཁོར་དུ། །

གཏོང་བའི་དཔལ་དང་འབྱོར་བས་བརྒྱན་པ་ཡོད། །

 

ངག་ཚིག་མི་གཅིག་ཤ་ཟའི་རང་སྐད་ཀྱིས། །

ཅ་ཅོ་རྣ་བར་འཚེར་ཡང་ཟབ་ཆོས་ཀྱི། །

དབྱངས་སྙན་རོལ་མོ་ལྟར་འཁྲོལ་ལེགས་བྱས་ཀྱི། །

བྱིན་རྟེན་གཞལ་མེད་ཁང་སོགས་རྩིས་པས་བྲལ། །

 

གནའ་བོའི་ཆོས་རྒྱལ་གོང་མའི་སུག་རྗེས་སུ། །

བྱུང་བའི་རྒྱ་མཁར་རབ་མཐོ་གྲགས་པ་ཅན། །

ཕྱི་ནང་རྡུལ་གྱིས་ལྷག་གེར་མི་སྡུག་པ། །

མ་སྟོངས་རོ་མ་ཙམ་ཞིག་ཉེ་བར་སྣང༌། །

 

འཛམ་གླིང་སྟག་ཤར་དཔའ་བོའི་གྲྭ་གྱེས་པ། །

མཐོང་ན་དོན་སྙིང་འབྲས་ཡོས་ལྟར་འགས་ཤིང༌། །

ཐུར་དུ་འབུབ་པས་རྡུལ་མང་ཐུ་བའི་ཕྱག །

དབང་མེད་འཚལ་བའི་མཇིང་བ་བསྣོལ་མར་བསྡེབས། །

 

བྱེ་ཚན་ཉི་ཟེར་ཚ་བས་དམ་འཁྱུད་ལ། །

གཤོག་ཡངས་མཁའ་ལྡིང་གིས་ཀྱང་བགྲོད་མིན་པའི། །

ལུང་སྲང་མྱ་ངམ་ཐང་གི་རྗེས་འགྲོ་བའི། །

སྣེ་མོ་དཔག་ཚད་འདང་བའི་ཁྱོན་ལ་བརྐྱངས། །

 

དེ་རུ་ལྕགས་སྐུད་བསྒྲིལ་བའི་ལྷམ་སྒྲོག་ནི། །

གཞུ་རྒྱུད་ལྟར་འཐེན་བུམ་པ་ཅན་བསྟེན་ལ། །

རྔུལ་གྱི་ཐིགས་པ་ཐོད་ལ་དོ་ཤལ་དུ། །

བཟུང་ནས་སྐྱེན་པོའི་འགྲོས་ལ་ལྕག་ཀྱང་ཆུག །

 

མདའ་ལྟོང་དབྱིབས་ལྡན་གསེར་སྒའི་བི་ས་ཎི། །

རྒྱ་བོད་དོན་མཐུན་རྒྱུ་བ་ཟམ་མི་འཆད། །

བཟོད་པའི་མུ་ཁྱུད་ཁྱུ་མཆོག་ལས་ལྷག་པའི། །

འཕོངས་ལ་བཀལ་བ་གཟིངས་ཀྱི་རིན་ཆེན་བཞིན། །

 

ག་ཞ་གླུ་གཞས་སྣང་གླུའི་རྒྱུད་མངས་སྒྲ། །

འགྱུར་ཁུག་འདེགས་འཇོག་དྲི་ཟའི་རྗེས་སྙེག་པས། །

རེས་མོས་དགའ་བར་སྤྱོད་པའི་རྐང་དྲུག་ཁྱུ། །

ཇི་སྙེད་ཚོགས་ཀྱང་ཚོར་བདེ་སྐྱེད་དོ་ལོ། །

 

སྣ་ཚོགས་མནྡ་ར་བའི་དྲ་བ་ཡི། །

འདབ་བཟང་ཚེམས་ཕྲེང་ལས་ཟེགས་སྦྲང་རྩིའི་ཆང༌། །

ལྕེ་ཆུང་ལ་གཞིབ་དུབ་ལས་ངལ་བསོས་ལ། །

ལང་ཚོ་ཉམས་པ་གསོ་བའི་བཅུད་ལེན་བསྟེན། །

ཙག་རྡེའུ་ཞེས་གྲགས་མ་ལ་ཡ་འདྲ་བའི། །

ས་འཛིན་ཉི་མའི་ཐོར་ཚུགས་ལྡེམ་པ་ལས། །

རབ་རིབ་དྲི་མ་བསྲིངས་པའི་སྣང་བྱེད་ཀྱིས། །

ཁོར་ཡུག་སྣོད་བཅུད་ལག་པའི་རྫས་བཞིན་ལྟོས། །

 

ཡན་ལག་བཞི་ཟུང་དང་ལྡན་རྨ་ཆུའི་ཀླུང༌། །

གནམ་སྔོན་ཞུ་བའི་གཟི་མདངས་ལ་འཁུ་བ། །

རྣམ་མང་གྲུ་ཡི་རྩེ་དགས་འཇུག་པའི་གནས། །

ལྷུང་ལྷུང་དབང་པོའི་ཕྱོགས་ལ་དལ་གྱིས་འབབ། །

 

ཟངས་ཞུན་རྒྱ་སྐྱེགས་ཁུ་བ་བསྲེས་པའི་ཚོན། །

བྱུགས་རིས་ལང་ཚོས་སྒེག་ལྡན་རི་བོའི་ཕྲེང༌། །

ཉི་ཟེར་ཁུ་བས་རབ་མྱོས་ངོ་ཚའི་གོས། །

བྲལ་བ་ཡིད་ལ་མཚོན་གྱི་གདེངས་ཀ་ཉིད། །

 

ལོག་ལྟའི་ཁྲག་རྒྱུན་འཐུངས་པས་ནག་ཕྱོགས་ཀྱི། །

རང་རྩལ་ཡོན་པོར་རྗོགས་པ་ཀླ་ཀློའི་སྡེ། །

སྨུག་རྩིའི་ཕུང་བོ་ས་ཡི་འགྲམ་པ་ལ། །

ཐང་མར་བརྡལ་བའི་སྙེམས་པ་རི་བས་མཐོ། །

 

སྟོབས་འབྱོར་ཟླ་བའི་མྱུ་གུ་ཆེས་ཕྲ་ཡང༌། །

དད་པའི་མཁུར་ཚོས་བུམ་ཕྲག་ཉི་མའི་གཟི། །

གཅིག་ཏུ་བཟླུམས་འདྲའི་གྲོང་སྡེ་འབྲུ་དཀར་གྱི། །

སྙེ་མ་དུད་པ་བསྔག་བྱའི་ཡུལ་དུ་སོན། །

 

ཆོས་ཀྱི་ཚོང་རྡལ་ལ་ནི་ལུང་རིགས་ཀྱི། །

དྲིལ་ཆུང་དུས་བཞིར་འཁྲོལ་བ་ཀློག་གི་གྲྭ། །

རྒྱལ་བྱེད་ཚལ་གྱི་རི་མོ་གཟུགས་ཅན་དུ། །

མེས་པོས་བྲིས་པ་ཐབས་ཀྱི་ཕྱོགས་སུ་འཚེར། །

 

རྐང་དྲུག་འཕུར་ལྡིང་རོལ་པའི་མཛུབ་རྩེ་ཡིས། །

རེག་པས་འདར་ལྡན་སྣ་ཚོགས་དྲི་བཟང་ཅན། །

ཁུ་བྱུག་རྨ་བྱ་མྱོས་པའི་གྲེ་འགྱུར་དབྱངས། །

ལ་སོགས་དྲི་ཟའི་འཇིག་རྟེན་ས་ལ་སྣང༌། །

 

གཡུ་ལོ་གསེར་གྱི་གང་བུ་དུད་པ་ཡི། །

ཡོངས་རྫོགས་རོ་ལྡན་འབྲས་བུའི་བང་མཛོད་ཅན། །

ཚང་ཚིང་མཛའ་བོར་འཐམས་པའི་དྲ་བ་ན། །

དབེན་གསུམ་སྙིང་པོའི་ཐིག་ལེ་གཅིག་པུ་ཡོད། །

 

དེ་ན་གང་གིས་བཤད་སྒྲུབ་མི་ནུབ་པའི། །

རྒྱལ་མཚན་དང་བོར་བསྒྲེངས་པའི་བ་གམ་ཅན། །

མཉན་ཡོད་ཚལ་གྱི་གཞལ་མེད་གནྡྷོ་ལ། །

ཚངས་ཆེན་པིར་གྱིས་བྲིས་པ་སུས་མ་རིག །

 

ཕུ་ན་མརྒད་མྱུ་གུ་སྣ་ལྔ་བའི། །

ཚོན་གྱིས་སྤྲས་འདྲ་མེ་ཏོག་བཞད་ལྡན་པ། །

མ་སྨད་འབྲས་བཟང་རོ་བརྒྱའི་བཅུད་ལེན་ཅན། །

ཉིང་ཡང་མུན་པ་གཏིབས་པའི་ཚང་ཚིང་འཁྲིགས། །

 

མདོ་རུ་རང་བྱུང་བྲག་རིའི་མུ་ཁྱུད་ལ། །

མ་བསླངས་གོར་མའི་ཀ་བ་མཐོངས་ལ་བསྙེགས། །

སྔོ་བསང་རང་ལུས་ལ་ནི་སྙིང་ཉེ་སྟེ། །

རགས་པའི་གཟུགས་ནི་སྦས་པའི་ཟོལ་ལ་བརྟེན། །

 

བར་དུ་ཁོད་སྙོམས་ཞིང་ལ་འབྲུ་དྲུག་གི །

མགོ་ལྕོག་གུས་པ་དཔྱིད་ཀྱི་མ་མ་བརྒྱས། །

སྐྱེད་བསྲིངས་གཡུར་གྱིས་དུད་པའི་འདབ་གཤོག་ཅན། །

བསེར་བུས་བདས་པ་གར་གྱི་རི་མོ་བཞིན། །

 

ཉལ་འགྲོའི་ལྦུ་བ་ཟིལ་བའི་མུ་ཏིག་གི །

ཕྲེང་བ་ཙནྡན་གུར་ཀུམ་དྲི་ལེན་གྱིས། །

བསྒོས་པའི་ལྗོན་བཟང་སྙེ་མར་སྨིན་པ་ཅན། །

མི་ཆུང་མི་ཆེ་གངྒཱ་གཉིས་པ་བཞིན། །

 

ཁང་བ་ཁང་ཆེན་མཛེས་པའི་བ་གམ་ཅན། །

སྐར་ཁུང་སྒོ་གླེགས་གང་འཚམ་འབབ་སྟེགས་ཀྱི། །

རྟ་བབས་མཐོར་བརྩེགས་ལྟ་ན་སྡུག་པའི་གྲོང༌། །

རིག་བྱེད་དབང་པོས་སྤྲུལ་པར་འོལ་མི་དབྱི། །

 

ཡན་ལག་སྟུག་ཅིང་ལུས་བོངས་ཁོ་ལག་ཆེ། །

འཁྲུགས་པའི་སྡང་མིག་སོད་གཏུབས་སྐད་ཀྱི་གདངས། །

སྒྲ་བརྒྱར་གླལ་བའི་ང་རོ་འཚེར་བ་ཅན། །

དཔའ་བོའི་ཚོགས་ནི་གནོད་སྦྱིན་ཁྲོས་དང་མཚུངས། །

 

ཟླ་བཞིན་འཆར་བ་ལེགས་བྲིས་གཞོན་ནུ་ལས། །

རྣམ་པར་འགོངས་པ་སྐྱེ་བོས་གོས་བགོས་ཤིང༌། །

རྒྱན་བཟང་འོག་པག་འཕུར་བའི་མདངས་ལྔ་བ། །

ཅི་ཡང་དཀྲིགས་པ་རོལ་པའི་རྩེ་མོར་གཡེངས། །

 

ལང་ཚོའི་མྱོས་བུམ་མཛེས་སྡུག་དོ་ཤལ་བརྒྱའི། །

ཁུར་གྱིས་ལྕི་སྟེ་དལ་བུའི་གོམ་སྟབས་ནི། །

ངུར་བ་བཞིན་དུ་རྒྱུ་བའི་རྐེད་མེད་མ། །

འཆི་མེད་བུ་མོའི་དགྲ་ཟླས་ཕྱོགས་ཀུན་གསལ། །

 

གླུ་གཞས་ཟློས་གར་འཁྲབ་པའི་ཡོ་ལང་གིས། །

དྲི་ཟ་དགའ་བའི་ཚལ་དང་དཔལ་སྙོམས་པའི། །

ཡིད་འོང་དོ་རར་དུས་བཞིའི་དགའ་སྟོན་གྱིས། །

ལུས་དང་སེམས་ཀྱི་རིཥྚ་འགུགས་ལ་བརྩོན། །

 

དགའ་མགུ་འདོད་ལྷའི་མེ་ལོང་ལ་ཆགས་ནས། །

མདའ་ལྔས་རེག་པ་མ་ཐུབ་དུས་བཏབ་ཀྱིས། །

རེ་བ་རྫོགས་དང་མ་རྫོགས་ཧ་རི་ཎིའི། །

ཁྱུ་ཚོགས་མཛའ་བའི་རྒྱ་ལས་འགོང་མི་ནུས། །

 

སྐབས་རེར་རང་དང་མུ་སྟེགས་ཀུ་ཅོའི་སྒྲས། །

ཐོས་བྱེད་རྡོ་རྗེའི་ཁང་བར་ཡོངས་བསྒྲུབས་ཀྱང༌། །

བྱེ་མར་རློག་འདིས་འཇིགས་རུང་གཤིན་རྗེའི་གྲོང༌། །

ཕྱིན་འདྲའི་སྣང་བ་རོ་ཟན་མཚོན་དུ་འབར། །

 

དེ་ཡི་ལྟེ་བར་སྐར་ཚོགས་ནི། །

པིར་གྱིས་བྲིས་པའི་རི་མོ་བཞིན། །

ཆོས་ཀྱི་སྡེ་ནི་བསོད་ནམས་ཀྱིས། །

ཡོངས་སུ་དཀར་བའི་ཐིག་ལེ་ཤར། །

རིན་ཆེན་ལས་གྲུབ་གཙུག་ལག་ཁང༌། །

མདངས་མཚར་དབང་པོའི་གཞུ་ལ་བརྟག །

ཆུ་འཛིན་འོད་ཀྱི་ལྡིང་ཁང་མར། །

བ་གམ་ཅན་དུ་འཁྲུལ་བ་འཛིན། །

 

རྩིག་པ་རྩིག་སྐྱབས་འབབ་སྟེགས་དང༌། །

ཀ་བ་གདུང་ལྕམ་ལན་ཀན་ཚོགས། །

རིན་ཆེན་མཐོན་ཀ་ལོ་ཧི་ཏ། །

གསེར་དངུལ་མན་ཤེལ་རྡོའི་སྙིང་པོ། །

 

དབང་སྔོན་མརྒད་བྱི་རུའི་བྱ་འདབ་རྣམས། །

རིམ་པར་འཕུར་བའི་ཆུ་སྲིན་ཁ་འགྲམ་ལས། །

སྨིན་པའི་དྲ་བ་གཡེར་ཁའི་དྲིལ་ཆུང་ཅན། །

དྲི་བཞོན་བུ་མོས་མྱོས་ཏེ་རྒོད་པ་བཞིན། །

 

འཇིགས་མེད་གྲུབ་པས་ཟུང་འཇུག་སྒྱུ་མའི་གཟུགས། །

རྙེད་དེ་རྒས་འཁོགས་ནོར་བུའི་ཟ་མ་ཏོག །

རང་བསྲེལ་ཟོལ་གྱིས་མ་ལུས་སྲི་ཞུའི་མགྲོན། །

ཕྲོགས་པས་བདེ་གཤེགས་གཞན་ལ་གནོང་བ་སྦྱིན། །

 

ཉི་ཟླའི་ར་བ་གདེངས་ཅན་འཛིན་མའི་མཐིལ། །

གནོད་སྦྱིན་རྟ་བབས་ལྷ་ཡི་གཞལ་མེད་ཁང་། །

དྲི་ཟའི་དགའ་ཚལ་སྐབས་གསུམ་ཁྲུས་ཀྱི་རྫིང༌། །

ཚངས་པའི་ཁང་བརྩེགས་འཕོས་འདྲའི་ཡང་ཐོག་ན། །

 

སྣ་ཚོགས་རིན་ཆེན་རིམ་པའི་རྐང་སྟེགས་ཅན། །

གསེར་གྱི་ཁྲི་འཕང་ནོར་བུའི་འཕྲས་སྤྲས་པ། །

ཟ་འོག་པཉྩ་ལི་ཀ་བརྩེགས་པའི་གདན། །

ཙམ་པའི་མེ་ཏོག་ཕྲེང་འཛེས་ཤལ་བ་དེར། །

 

རྒྱལ་བ་ལས་ཀྱང་ཆོས་ཀྱི་ཟ་མ་ཏོག །

དཔལ་ལྡན་ས་བཅུའི་རྩེ་མོར་ཡོངས་སོན་པ། །

དག་པའི་བརྟན་གཡོ་ཇི་སྙེད་ལུས་སྐྱེས་ཀྱི། །

ཁང་བར་འཕྱན་ཏེ་གསང་བའི་སྤྲིངས་ཡིག་ནི། །

 

ཀློག་པས་ཐུན་མིན་སྐལ་བ་བཟང་པོའི་ཚོགས། །

སྨིན་པའི་ཡོན་ཏན་བསམ་པས་ག་ལ་ལང༌། །

གསང་བའི་སྒོ་འཕར་ནམ་མཁས་ཟིན་མིན་པ། །

དབྱེ་བ་ལྟ་ཅི་ཐུན་མོང་གཞན་དབང་གིས། །

 

སྣང་བའང་ཚུལ་གནས་མང་ཐོས་ཤེས་རབ་མཆོག །

སྙིང་རྗེ་ལྷག་བསམ་བྱམས་དང་དེས་པའི་མཛོད། །

བརྟན་དང་ངང་བཟང་བྱིན་ཆེན་གྲགས་པའི་རྒྱན། །

ཆེན་པོ་ལ་འོས་ཡོན་ཏན་འཕགས་པའི་ཚོགས། །

 

མཐའ་དག་རི་མོར་བཀོད་པའི་གཟུགས་ཅན་བཞིན། །

ལྟ་ན་སྡུག་པ་བྱ་རྒོད་ཕུང་བོའི་རིར། །

མཚན་དཔེའི་སྐྱེ་མཆེད་བཀྲ་བ་ལྷ་ཡི་ལྷ། །

འཚོ་ཞིང་གཞེས་པའི་དཔལ་དེ་རྗེས་སུ་དྲན། །

 

གང་སྐུ་གཟི་བྱིན་ལྷམ་མེ་བ། །

གསེར་ཞུན་རྡུལ་བརྩེགས་ལྷུན་པོའི་ཟླ། །

མཛེས་ཞལ་དཀྱིལ་འཁོར་རབ་རྒྱས་པས། །

བསིལ་སྦྱིན་དབང་པོ་ཡང་དག་གསལ། །

 

ངུར་སྨྲིག་འདབ་མའི་འཕྱང་འཕྲུལ་གྱིས། །

འཆི་མེད་དབང་པོའི་གཞུ་རིས་བསླུ། །

འཛུམ་ཟེར་དྭངས་མས་འོད་ལྡན་གྱི། །

ཀུན་སྣང་བྱེ་བའི་དཔལ་ལ་འཁུ། །

 

དེ་ལྟར་ཐུབ་དབང་གཙུག་གི་ཆུ་སྐྱེས་ཀྱང་། །

འདི་ཞབས་འདེགས་པ་སྐལ་བ་བཟང་ངོ་ཞེས། །

ཁེངས་པས་རབ་མཐོ་ཚངས་སོགས་དྲེགས་པའི་དབང༌། །

འདར་ལྡན་རྔུལ་གྱི་མཆོད་ཡོན་ལུས་ལ་སྦྲེངས། །

 

རང་སྲིད་ཉམས་པའི་གདུང་བ་ཆེས་ལྕི་བས། །

ཞི་བའི་དགའ་མར་རོལ་པའི་ཙོང་ཁ་བ། །

རང་བསྟན་ལང་ཚོ་རྫོགས་ལ་མངོན་ཆགས་ནས། །

གར་བརྒྱས་འདི་ཡི་སྐུ་ལ་དམ་དུ་འཁྱུད། །

 

རྫུ་འཕྲུལ་ཤུགས་ཀྱིས་ལྷགས་པའི་འཕགས་ཆེན་མང༌། །

མཁའ་དང་ས་ལ་ཏིལ་གྱི་གང་བུ་བཞིན། །

དད་འདུན་ཤེས་རབ་ནོར་བུའི་རྣ་ཆ་ཅན། །

ཐུན་མོང་བགྲང་ཡང་གུར་ཀུམ་བཀྲམ་པ་བཞིན། །

 

བསྐལ་བར་བསོད་ནམས་ཟོང་གིས་ཁུགས་མིན་པའི། །

སྙེད་དཀའི་ལེགས་བཤད་རྣ་བའི་རྒྱན་བྱས་ཏེ། །

ཐུན་མོང་ཐུན་མོང་མིན་པའི་རིག་པའི་གནས། །

ཅི་ཡང་སྦྱོང་བའི་རྩེ་དགས་སུ་མ་མྱོས། །

 

འདི་གཞན་ལྷག་པའི་དག་ཞིང་ཞེས། །

མཆིས་སྐད་རྫུན་གྱི་ངག་ཚིག་ཅེས། །

བཟླས་བརྗོད་ལས་དེས་རོ་འཛིན་ནི། །

འབར་བའི་ངལ་བ་ཁ་ལ་བརྟེན། །

 

དགའ་དད་སྤྲོ་བའི་བདེ་འཐུང་རོ། །

ཁྱབ་འཇུག་གནས་ལ་ཆུ་རྒྱུན་བཞིན། །

འཐུང་འདིས་ཆེན་པོ་གཞན་དག་ལ། །

གང་ཞིག་ཆགས་བྲལ་བླང་མི་འགྱུར། །

 

དེ་སྐད་མཐོང་ན་ལྟ་ཅི་ཐོས་པས་ཀྱང༌། །

དགའ་དང་རངས་པས་དག་དང་མ་དག་ན། །

རང་རང་ལས་ལ་ལེ་ལོའི་མཆོག་བྱིན་ནས། །

ལྡང་དང་ཀྱེ་ཧོའི་ཅ་ཅོ་ཁོ་ནས་བྲེལ། །

 

ཨེ་ཧོ་བཟང་པོའི་ལས་ཀྱིས་མ་བཏང་བས། །

འདིར་སླེབས་འཁྲུལ་ལམ་རྨི་ལམ་མིན་ནམ་ཞེས། །

སྐད་ཅིག་ཡུན་ལ་ཟུང་འཇུག་གྲུབ་པའི་ས། །

རྡོག་པས་མནན་འདྲའི་དགའ་དད་མངོན་བྱས་ནས། །

 

ཐལ་མོའི་རྩེ་ཕྲན་སྤྱི་བོར་སོན་པའི་མོད། །

མིག་སེར་དབང་གིས་རལ་བ་ས་ལ་ལྷགས། །

འཚོལ་ཕྱིར་ཐོད་པ་མདུན་སར་ལན་བརྒྱའི་བར། །

རྒྱུག་པའི་ལྷ་ཕྱག་རྩིས་ཀྱིས་ལང་མི་འཚལ། །

 

བསོད་ནམས་ཡན་ལག་བདུན་དང་ལྡན་པའི་གཞུང༌། །

དྲུག་སྐྱེས་ས་འཛིན་གླུ་ཡིས་ངེས་བཅིངས་པ། །

བདག་སྐྱེས་རི་མོ་གསུམ་པ་ལྟར་སྙན་པས། །

བརྗོད་དང་བསྟོད་པས་སྒྲ་གཞན་ཕོངས་སུ་ཕྲོགས། །

 

དྲི་མེད་ཆུ་སྔོན་བཻ་ཌཱུརྱའི། །

དྭངས་མར་འཁྱིལ་བའི་ཨརྒྷཾ་ནི། །

ཟག་མེད་བདེ་བའི་རོ་ནུས་ཅན། །

སྙིམ་པས་དར་དང་བཅས་ཏེ་མཆོད། །

 

པུས་མོའི་ལྷ་ང་དབྱིག་འཛིན་མའི། །

མཁུར་ལ་ཐིག་ལེར་སྦྱིན་བྱས་ནས། །

སྟོད་གོས་ཕྲག་པའི་གྲོགས་མོ་དེར། །

རྩེ་དགའི་དོ་ཤལ་ཉིད་དུ་བསྟར། །

 

ཚེམས་དཀར་གངས་རིའི་མེ་ལོང་ལས། །

འཛུམ་པའི་འོད་ཀྱིས་མདངས་བྱིན་པའི། །

ཆུ་ཤེལ་དག་པའི་བཞིན་རས་ནི། །

གསལ་བཞིན་གསལ་བཞིན་འདི་སྐད་གསོལ། །

 

ཤིང་བལ་བཞིན་དུ་ལྡང་དང་བསྐྱོད་པ་རྣམ་པར་ཡང༌། །

རྩི་མ་གྷི་བཞིན་བགྲེས་རྒུད་དུག་གིས་རེག་མ་གྱུར། །

ཉི་མ་བཞིན་དུ་འོད་དང་འོད་ཟེར་ལྷམ་མེ་བར། །

ཁྱོད་ཀྱི་སྐུ་ནི་སྐྱེ་འབྲི་མེད་པར་བཞུགས་ལགས་སམ། །

 

སྒྲིབ་མེད་གཟིགས་པ་ཡངས་ལ་མཆོག་ཏུ་སྙན་གསལ་ཞིང༌། །

འཛེར་དང་དོག་བྲལ་གསུང་དབྱངས་ལེཊ་བཤད་ཁོ་ནར་འགྱུ། །

ཐུགས་ལ་གསལ་འགྲིབ་མིང་ཙམ་མ་གྱུར་ཐབས་ཤེས་རྒྱས། །

ཁྱོད་ཡོན་སྲིད་ཞིའི་སྙིང་པོར་བྲི་གང་མེད་ལགས་སམ། །

 

རྒྱལ་བའི་མཛད་ཀུན་ཟུར་ཕུད་ངོས་ལ་རབ་བཅིངས་ནས། །

བློ་བཟང་རང་སྲིད་ཁོང་བའི་སྙིང་ལ་འཆང་བཞིན་དུ། །

གཅེས་ཤིང་བསྐྱངས་པས་ས་ཆེན་ཀུན་ལ་དབང་བྱས་པའི། །

རྨད་བྱུང་སྤྱོད་པར་དུས་ཀྱི་དྲི་མས་མ་གོས་སམ། །

 

ཁྱོད་བཤེས་བློ་གྲོས་བཟང་པོའི་དཔལ་མངའ་ནས། །

སྡེབ་ལེགས་སྙན་འཕྲིན་དབྱངས་ཅན་ངག་གི་སྒྲ། །

མི་ཕྱེད་སྒྲོམ་ལ་རིམ་པ་བདུན་གྱི་རྒྱ། །

བཏབ་སྟེ་བདག་ལ་ཁུར་དུ་བསྐུར་འདི་བཞེས། །

 

རྡོ་རྗེ་རྫོང་ཞེས་གསང་བའི་སྙིང་པོ་ཀུན། །

ལང་ཚོའི་འཁོར་ལོར་རྒྱུ་སྐར་ལྟར་བཀྲ་ཞིང༌། །

རབ་མཐོ་བརྩེགས་པ་བྲག་རིའི་ཕུང་བོ་གང་། །

གངྒཱའི་ཡབ་གཅིག་ཏི་སེར་སུ་ཡིས་ཕྱེ། །

 

རྐང་འཐུང་ཡལ་ག་གཡོབ་པས་དྲང་སྲོང་ཚོགས། །

རིངས་པར་འབོད་པས་ཅི་བགྱི་དུས་གསུམ་དུ། །

གནས་གསུམ་དཔའ་བོ་དུ་མའི་རོལ་རྩེད་ལ། །

གསེར་ཅན་དགྲ་ཡང་ལྟ་བྱེད་སྟོང་གིས་ངལ། །

 

ཆུ་ཤིང་མཆོག་ལུས་པད་རྩའི་མྱོས་བུམ་དང༌། །

བྱུ་རུའི་མཆུ་སྒྲོས་སྦྲང་རྩིའི་འགྲམ་ཆང་ཅན། །

མཐོན་མཐིང་ལྕང་ལོ་ཨུཏྤལ་འདབ་མའི་སྤྱན། །

སྙིང་སྡུག་ལྷན་ཅིག་སྐྱེས་པ་དུས་སུ་འདུ། །

 

དེ་ཕྱིར་འཇམ་མགོན་ཁྲོས་པ་གར་དགུའི་ཉམས། །

ཕྱོགས་ཆར་རྫོགས་པ་དུས་དགྲའི་དབང་པོ་ཡང༌། །

འདི་ན་སྙོམས་འཇུག་ལས་ལས་མ་བཞེངས་པས། །

བདེ་གཤེགས་ཕལ་ཆེར་རྗེས་ཆགས་ཟོལ་ལ་བརྟེན། །

 

འདི་ན་གང་གནས་ཐབས་ཤེས་མཉམ་འཇུག་པའི། །

བརྡ་མཚོན་ཤར་ལྷོའི་ཆུ་བོ་གཉིས་སྦྱོར་ལ། །

འདབ་ཆགས་བུང་བ་ལྷག་ལྷག་དགོད་པ་དང༌། །

མེ་ཏོག་མགྲིན་པ་འཁྱོག་སྟེ་ལྟ་བ་བཞིན། །

 

ལྟེ་བའི་གསང་ལྕམ་མྱོས་པའི་འཛུམ་ཟེར་གྱི། །

བསུས་པའི་གྲོང་ཁྱེར་སྟོང་ཕྲག་དོན་གཉིས་ནས། །

མི་འགྱུར་ལྷན་སྐྱེས་དགའ་བའི་རོལ་གར་ཅན། །

རྒྱུ་ནས་དུས་ཀྱི་མཁའ་སྤྱོད་སར་གཤེགས་སྙམ། །

 

དེ་ན་ཆོས་སྡེ་གསེར་གྱི་པདྨ་འབུམ། །

བཞད་ལས་དྲི་མེད་མདོ་སྔགས་ལི་ཤིའི་དྲི། །

ཁོར་ཡུག་འཐུལ་བས་སར་སྤྱོད་འོག་མིན་ཞེས། །

ཐེ་ཚོམ་དཔྱང་ཐག་འཛིན་ལ་མངོན་པར་ཕྱོགས། །

 

ཀུན་ཡིད་མིན་པའི་ལང་ཚོ་བཅིལ་བ་ལ། །

ཞལ་དབུགས་རྩེ་ཡང་ཟླ་རྒྱས་འབུམ་ཕྲག་ལས། །

རབ་གསལ་ཁྲི་ཆེན་དུས་ཀྱི་རྡོ་རྗེ་འཆང༌། །

འཚོ་གཞེས་ཚེ་དང་ཡེ་ཤེས་དཔག་པར་ཡས། །

 

རྩོད་པའི་དུས་ཀྱི་བློ་བཟང་པཎྚི་ཏ། །

མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་ལ་བརྟེན་ནས། །

ཟབ་མོའི་སྒྱུ་མའི་ཏིང་འཛིན་དཔག་ཡས་པར། །

རོལ་ཅིང་ལེགས་བཤད་རྩེ་དགས་ཅི་ཡང་བྲེལ། །

 

གང་ཞིག་ཁྱོད་ཞལ་མཐོང་བ་ལ། །

བྲེལ་བའི་ཡིད་ཀྱིས་བརྣངས་བྱས་པ། །

རིན་ཆེན་གླིང་ཕྱིན་དེད་དཔོན་ནི། །

རང་སྲས་མཐོང་ལ་དེ་ལྟ་མིན། །

 

ཁ་བ་ནག་པོའི་མདངས་ཀྱིས་འབབ། །

སྦྲུལ་གྱི་སྐྲ་ལོ་སྐྱེ་ཡང་སྲིད། །

མྱུར་བར་དངོས་ཞལ་མི་མཇལ་རི། །

ཞེས་པའི་བྲོ་ཚིག་བཟླས་བུར་བརྩོན། །

 

དབང་ཕྱོགས་རི་བོའི་ཕྲག་པ་ལས། །

ཉིན་བྱེད་ལྷགས་པ་ལ་འཁྲུལ་ནས། །

མཇལ་ཕྱིར་གོམ་པ་བརྡེག་འཆོས་ཏེ། །

བརྒྱལ་ཞིང་ཁྱོར་ཆུ་སྦྱིན་བྱར་གྱུར། །

 

རྨ་བྱ་འཇོལ་མོའི་གྲེ་འགྱུར་དབྱངས། །

ཁྱོད་གསུང་ཉིད་དུ་རྣམ་བརྟགས་ནས། །

མགྲིན་པ་ཡོ་བའི་ཆོ་ག་ལ། །

མཚན་ཡང་མནལ་ཐབས་དགུང་ལ་ཡལ། །

 

ད་ནི་ཞག་བཅུའི་མཇུག་རྩེ་ན། །

ཆོས་ཀྱི་བགྲོ་བ་མཛད་དོ་ཞེས། །

རེ་བའི་མིག་འབྲས་རི་མོ་བཞིན། །

ཟུམ་པ་མེད་པར་ཁྱོད་ལ་བཙུགས། །

 

ཉེ་བའི་མངག་གཞུག་རིན་པོ་ཆེ་ཡི་མིང༌། །

བཀོལ་བདེ་གཞོན་ནུ་ཕྲ་མོ་ལས་འཕགས་ནས། །

སྲི་ཞུར་སྒྲིམ་པའི་བག་ཡོད་ཉིན་མཚན་དུ། །

རང་གིར་འཁུར་ལ་ལས་བཤོལ་ག་ལས་རྙེད། །

 

མ་གོམས་ཕྱིར་ན་གཡོས་སྦྱོར་སྣ་ཚོགས་ལ། །

ལག་སོར་ཤིང་སྐམ་ཡལ་ག་ལྟར་གྱོང་བས། །

སྨྲས་ཀྱང་ཧྲིག་ཧྲིག་མིག་དང་ཅག་ཅག་གི །

འདེགས་འཇོག་མང་བོས་ས་ལ་ངལ་བ་སྟེར། །

 

སྣུམ་ཁུ་ཁོལ་མ་སྤྲིན་གྱི་སྙིང་པོ་གང༌། །

གྲོ་ཕྱེ་ཐུལ་བ་རལ་བས་མ་ཐེག་སྟེ། །

འགྱོད་པའི་ཤུགས་ཀྱིས་སོ་ཕྲེང་བུད་པའི་ཤུལ། །

སྤྲིན་བྲལ་གློག་སྟོང་འགྱུ་བའི་གཅོང་རོང་ཉིད། །

 

ཤ་ཚིལ་མངར་བོའི་རོ་བཅུད་སྲོག་བྱས་པའི། །

རྒྱུ་མའི་ཚོད་མ་གྱ་གྱུ་ལྷུང་བའི་ལྕིད། །

མ་ཟིན་ཟངས་མཐིལ་གོར་མོར་བརྡོལ་བ་ལ། །

བླ་གོས་གླན་པ་བཞད་གད་རྒྱུན་མའི་གསོས། །

 

ཉིན་གཅིག་མཐར་བྱེད་དབྱུག་ཏོ་སོག་མ་ལྟར། །

ཟིལ་གནོན་འཁར་བ་རིང་བོས་འཇིགས་བསྐྱེད་ནས། །

གཡང་དཀར་ཅེ་སྤྱང་དྲག་པོས་བདས་པ་ལྟར། །

བགྲོད་བྱེད་ས་ལ་བརྡེག་འཆའ་བཞིན་དུ་དེད། །

 

བྲེད་ཤ་ཐོན་པའི་ཕྱི་མིག་བགྲད་བཞིན་དུ། །

ལྷམ་དང་བཅས་པར་དམར་ནག་འདྲེས་མའི་ཆུར། །

ཚོམ་མེད་བརྒལ་ཚེ་བར་སྣང་ལེགས་བྲིས་བུའི། །

བཞད་གད་དབྱར་དུས་འབྲུག་སྒྲའི་ཟོལ་གྱིས་བྱུང༌། །

 

མཛོད་གཉེར་ལས་ཚན་སོ་སོར་མ་དམིགས་པས། །

གང་གང་དགའ་བ་དེ་དེས་རེས་མོས་སུ། །

གཏོང་བའི་ཕྱག་རིང་སྣ་ཞགས་ལྟར་རྐྱོང་བས། །

བྱིན་ཟས་ནམ་མཁའ་མཛོད་ལ་སྐྱེངས་པ་སྟེར། །

 

དེ་སྐད་གང་འོས་གཏམ་གྱི་མེ་ཏོག་ནི། །

ལྷུགས་པར་བཀྲམ་ན་རབ་དགེའི་ཕོ་ཉ་བ། །

ཁྱོད་ལ་བཟང་དགུའི་ཟས་སྣ་སྟོང་ལྡན་པས། །

རྣམ་པར་དགེས་པའི་དགའ་སྟོན་ཅི་ཡང་འགྱེད། །

 

ལེགས་བཤད་སྨྲ་བའི་ལྕེ་རྩེ་གློག་ལྟར་རྣམ་པར་འགྱུ་ཞིང་

མགྲིན་པའི་ཕུག་དག་རིག་པའི་དབྱངས་ཀྱི་ང་རོ་འཛིན། །

མཁས་ལས་མཁས་པའི་ཟུར་ཕུད་ལ་ནི་རྐང་སྟེགས་རབ་འཆའ་

རྣ་བར་སྔོན་མེད་ཨུཏྤལ་རྒྱན་བྱིན་རྩེ་དགས་འཁྲིད། །

 

མ་ཁོལ་དབྱངས་དང་ཆོས་དབང་གྲགས་པའི་ངག་རིག་གཅིག་ཏུ་

འདྲེས་པ་མིན་ནམ་ཉམས་ཀྱིས་འཕགས་པའི་ལང་ཚོ་འབར། །

དུས་ཀྱི་བསོད་ནམས་ཟོང་གིས་ཁུག་མིན་ཀུན་མཁྱེན་ཇི་བཞིན་

དཔག་ཡས་མཐུ་ལས་སྨྲ་བའི་ཉི་མ་གཅིག་པུར་གྲུབ། །

 

དེ་ཡི་རྐང་སེན་བཀོད་པའི་འཛིན་མ་ཡང༌། །

དབྱངས་ཅན་རིག་པ་འབྱུང་བའི་ཆུ་གཏེར་ཞེས། །

ངང་བའི་བུ་མོ་བས་ཀྱང་ཟུར་ཕུད་ཀྱིས། །

རེག་པའི་དྲེགས་ལྡན་སྲིད་ན་གཞལ་ཡོད་མིན། །

 


上一篇:སློབ་མའི་བསླབ་བྱ། 《弟子规》

下一篇:རྒྱལ་སྲས་ལག་ལེན་སོ་བདུན་མ་ཞེས་བྱ་བ་བཞུགས་སོ།། རྒྱལ་སྲས་ཐོགས་མེད་བཟང་བོས་མཛད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2715874 位访客