རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས the First Lhada & Ngari Shang Shung Culture International Academic Seminar of China’s Tibet

发布时间:2018-06-19 01:25:40

    སྤྱི་ལོ༢༠༡༨ལོའི་ཟླ༦ཚེས༡༦ནས་ཉིན་གསུམ་ལ། བོད་ལྗོངས་ལྷ་ས་དང་མངའ་རིས་མཉམ་གཉེར་གྱི་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་དེ་ཡུལ་དབུས་ལྷ་སའི་གནས་མཆོག་ལྷ་ཡུལ་གླིང་ལྔའི་གསོལ་མགྲོན་ཁང་ཆེན་མོ་རུ་དངོས་སུ་འཚོགས། ཚོགས་ཐོག་ཏུ་ཀྲུང་གོའི་མངའ་ཁོངས་ཀྱི་འབྲེལ་ཡོད་ཞིབ་འཇུག་པ་དང་། ཨ་རི། ཧྥ་རན་སུ། དབྱི་ཐ་ལི། ཁ་ན་ཏ། ཅེག་རྒྱལ་ཁབ་སོགས་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པའང་མང་པོ་ཞུགས་ཡོད།

    

         ཞང་ཞུང་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་མ་ཟད། མདོ་དབུས་མཐོ་སྒང་གི་ཤེས་རིག་དང་རིག་གནས་གང་གི་མ་མ་ལྟ་བུ་གྱུར་པར་སུས་ཡིས་བསྙོན།  དེ་བས་སྐབས་དང་པོའི་བོད་ལྗོངས་ལྷ་སམངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་དཔྱད་གླེང་ཚོགས་འདུ་སྤྱི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་དངོས་སུ་ལྷ་ལྡན་ཉི་མའི་གྲོང་དུ་འཚོགས་ཤིང་སྤྱི་ཚེས་བཅོ་བརྒྱད་བར་དུ་ཉིན་གསུམ་གྱི་རིང་འཚོགས་འཆར་འདུག རྒྱལ་ཕྱི་རྒྱལ་ནང་གི་མཁས་པ་མང་པོ་ཚོགས་འདུར་ཞུགས་པ་མ་ཟད། རིག་གཞུང་སྙན་ཞུ་འདྲ་མིན་ལྔ་བཅུ་ལྷག་ཡོད་པ་རང་མོས་ཀྱིས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་སོགས་སྤེལ་ཡོད་པ་རེད། བོད་ཀྱི་རིག་དངོས་གཟི་དང་། གནམ་ལྕགས་དང་། མོ་དང་གཏོ། རྩིས་དང་དཔྱད་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དག་ཀྱང་འགྲེམ་སྟོན་དུ་ཞུགས་འདུག དེ་ཡང་། གཏོ་ཆོག་ནི་མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གནས་པའི་གནའ་བོའི་བོད་མི་རིགས་ཀྱིས་རང་བྱུང་ཁམས་ཀྱི་གསང་བ་རྒྱུས་ལོན་བྱས་པའི་བརྒྱུད་རིམ་ཁྲོད་གསར་དུ་རྙེད་པའི་གདོད་མའི་དད་མོས་ཀྱི་སྣང་ཚུལ་ཞིག་སྟེ་གནའ་མི་དག་གིས་རང་བྱུང་ཁམས་ནི་གཟུགས་མེད་ཀྱི་སྟོབས་ལྡན་ལྷ་འདྲེ་གང་ཞིག་གིས་རང་བྱུང་ཁམས་བདག་ཏུ་འཛིན་ཏེ་དེར་འཁྲས་བཅས་པའི་རྐྱེན་གྱིས་མི་རིགས་ཀྱི་འཚོ་བ་ལ་བར་ཆད་བསྟུད་མར་འབྱུང་གི་ཡོད་པའི་ངོས་འཛིན་བྱས་པར་བརྟེན་དམངས་ཁྲོད་རང་བཞིན་གྱིས་ལྷ་གསོལ་འདྲེ་བཀར་གྱི་གདོད་མའི་དད་མོས་ཀྱི་སྣང་ཚུལ་ཐོག་མ་བྱུང་བའོ།། དེ་ནས་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ་བོད་ཀྱི་རུས་ཆེན་དྲུག་གི་ནང་ཚན་དམུ་ཡི་ཁྱིམ་རྒྱུད་དུ་སྟོན་པ་གཤེན་རབས་མི་བོ་ཆེ་སྐུ་འཁྲུངས་ཤིང་དགུང་བརྒྱད་ཅུ་གྱ་གཉིས་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་བོན་ཐེག་པ་རིམ་དགུ་བསྟན་ཞིང་ཕྱི་ནང་གསང་བའི་བོན་འཁོར་རིམ་པར་བསྐོར་ཏེ་ཞང་ཞུང་དང་བོད་ཡུལ་གྱི་གདུལ་བྱ་དག་ལ་གཡུང་དྲུང་བོན་གྱི་བསྟན་པའི་ས་བོན་འདེབས་པ་མཛད་དོ།། དེ་ནས་ཁོང་གི་སྐུ་སྲས་མུ་ཆོ་ལྡེམ་དྲུག་གདུང་སོབ་ཏུ་ཕེབས་ཏེ་བཀའ་བསྡུ་བཅུ་གསུམ་གྱིས་བོན་འཁོར་ལོ་ངོ་གསུམ་གསུམ་བསྐོར་ནས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་མཛད་པ་དང་གཏོ་ཆོག་ནི་ཐེག་པ་དང་པོ་ཕྱ་གཤེན་ཐེག་པའི་ནང་བསྡུས་གནང་མཛད་ཡོད། དེའང་། ཕྱ་གཤེན་ཐེག་པ་ལ་མོ་དང་། རྩིས་དང་། གཏོ་དང་། དཔྱད་དང་བཅས་སྡེ་ཚན་རྣམ་པ་བཞི་དབྱེ་ཞིང་གཏོ་ནི་ཨང་གསུམ་པར་བཞག་ཡོད། སྤྱི་ལོའི་དུས་རབས་བདུན་པ་ནས་སྔར་ཡོད་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་དང་གསར་དར་རྒྱ་གར་ནང་བསྟན་ཆོས་ལུགས་གཉིས་གཞི་གཅིག་ཏུ་འདྲེས་ཏེ་གཏོ་ཆོག་ནི་མགོ་ནག་བོད་པ་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཐུན་མོང་གི་རིག་གནས་ཤིག་ཏུ་གྲུབ་ཡོད་དོ།། དེ་བས་ཉེ་བའི་ལོ་ཤས་རིང་ཕྲན་གུས་པས་དཀའ་བའི་ལས་དང་དཀོན་པའི་དུས་སྤྱད་དེ་འབད་བརྩོན་བྱས་པ་བརྒྱུད་ཉིས་སྟོང་བཅུ་བདུན་ལོར་གཏོ་ཆོག་ནི་རིམ་བཞིན་བོད་ཀྱི་གྲོང་ཁྱེར་རིམ་པ་དང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོར་ཚུད་པ་མ་ཟད། 


         རེབ་འདིར་སྐབས་དང་པོའི་བོད་ལྗོངས་ལྷ་སམངའ་རིས་ཞང་ཞུང་རིག་གནས་རྒྱལ་སྤྱིའི་རིག་གཞུང་དཔྱད་གླེང་ཚོགས་ཆེན་དུ་གཏོ་ཆོག་རིག་གནས་ངོ་སྤྲོད་དང་། དེ་འབྲེལ་གྱི་རྫས་དང་ཡོ་བྱད་རྒྱལ་སྤྱིའི་དཔྱད་གླེང་པའི་སྡེ་རུ་སྤྱན་འབུལ་ཞུ་ཐུབ་པ་ནི་ཚེ་རབས་དུ་མར་བསགས་པའི་བསོད་ནམས་ཀྱི་འབྲས་བུ་རུ་ངོས་འཛིན་ཞུ་གི་ཡོད། ལྷག་པར་ཐོག་མཐའ་བར་གསུམ་དུ་ཐུགས་རྗེའི་གཟིགས་པ་ཡངས་པའི་དགེ་བའི་བཤེས་གཉེན་དག་དང་གཞུང་བཟང་ཕྱི་ཐག་རིང་བའི་གྲོགས་པོ་དག་གི་མཐུན་རྐྱེན་དང་ནམ་ཡང་ཁ་འབྲལ་ཐབས་མེད་པ་ནི་སེམས་ཀྱི་གཏིང་དུ་ངེས་ཤིང་། ཡང་དང་བསྐྱར་དུ་སྐུལ་ལྕག་བྱུང་བ་ནི་མི་སུ་འདྲ་ཞིག་ཡིན་རུང་། འབད་པ་ལྷོད་མེད་གནང་ཚེ་རང་གི་རིགས་ལ་རང་གིས་ནུས་པས་སྲི་ཞུ་ཅུང་ཙམ་བསྒྲུབ་པའི་བསོད་ནམས་སུ་ལའང་ཡོད་པ་འདུག་གོ།


上一篇:རེབ་གོང་གི་ཞོ་འོང་ནས་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ༡༡༥འཁོར་བར་རྗེས་དྲན་ཞུ་བའི་ཉིན་མོ་བསུས་པ།

下一篇:བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་མཁན་ཆེན་མོ་བརྒྱད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2490140 位访客