རེབ་གོང་གི་ཞོ་འོང་ནས་མཁས་དབང་དགེ་འདུན་ཆོས་འཕེལ་སྐུ་འཁྲུངས་ནས་ལོ༡༡༥འཁོར་བར་རྗེས་དྲན་ཞུ་བའི་ཉིན་མོ་བསུས་པ།

发布时间:2018-06-14 08:45:53

2018ལོའི་ཟླ5པའི་ཚེས་8ཉིན་ཏེ། ལུགས་རྙིང་གི་ཟླ3པའི་ཚེས23ཉིན་ལ་མཚོ་སྔོན་རེབ་གོང་གི་ཞོ་འོང་དཔྱིས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག༼1903-3-23---2018-3-23༽སྐུ་འཁྲུངས་ནས་ལོ་ངོ་བརྒྱ་དང་བཅོ་ལྔ་འགོར་བའི་རྗེས་དྲན་གྱི་འཁྲུངས་སྐར་དམ་པ་ཁོང་གི་འཁྲུངས་གཞིས་སུ་བསུས།དམ་པ་ཁོང་གི་སྐུ་ཚ་སྐུ་ཞབས་གཡང་དྲུང་རྒྱལ་གཙོས་ཕྱོགས་སོ་སོའི་སྐུ་མགྲོན་མང་བོ་དང་། བླ་མ་དང་དགེ་བཤེས། ས་གནས་དཔོན་པོ་སོགས་མང་བོ་མཉམ་ཞུགས་གནང་།


  བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་སྐུ་ཚ་གཡུང་དྲུང་རྒྱལ་ལགས་གཉིས།

ཧོང་ཁང་བསོད་ནམས་དཔལ་འབར་གྱི་བུ་ཧོར་ཁང་བྱམས་པ་བསྟན་དར་དང་དགེ་ཆོས་ཀྱི་སྐུ་ཚ་གཡུང་དྲུང་རྒྱལ་གྱི་བུ་སྟག་ལྷ་འབུམ།

མཁན་པོ་དཔལ་ལྡན་རྒྱ་མཚོ་ལགས་དང་སྐུ་ཚ་གཡུང་དྲུང་རྒྱལ་གྱི་བུ་སྟག་ལྷ་འབུམ།

ཁུལ་དང་རྫོང་གི་འགོ་ཁྲིད་ལྷན་རྒྱས་གཟིགས་ཞིབ་ཏུ་ཕེབས།

མཁན་པོ་དཔལ་ལྡན་རྒྱལ་མཚོ་མཆོག་དང་ཕྱོགས་སོ་སོའི་གྲྭ་བཙུན་རྣམས་ཕེབས་པ། 

རེབ་གོང་རྫོང་རིག་གནས་ཅུས་ཀྱི་འགོ་ཁྲིད་ལྷན་རྒྱས་ཀྱིས་འཁྲུངས་སྐར་བསུ་ཚུལ།

རྗེས་དྲན་རྡོ་རིང་།

དགེ་ཆོས་ཀྱི་འཁྲུངས་གཞིས་ཞོ་འོང་དཔྱིས། 

རྗེས་དྲན་གྱི་ཚུལ་དུ་དམ་པ་ཁོང་གི་ལོ་རྒྱུས་ཞར་བཀོད།

མཁས་དབང་དགེ་འདུན་ཆོས་འཕེལ་ཞུ་བ་ནི། རབ་བྱུང་བཅོ་ལྔའི་ཆུ་མོ་ཡོས་ཀྱི་ལོ་ཕྱི་ལོ1903ལོའི་ཧོར་ཟླ་གསུམ་པའི་ནང་ཨ་མདོ་རེབ་གོང་ཞོ་འོང་དཔྱིས་སུ་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ལམ་ཨ་ལགས་རྒྱལ་བོ་དང་ཡུམ་ཨ་ནེ་བ་ཏོའམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐྱེས་མིང་ལ་རིག་འཛིན་རྣམ་རྒྱལ་ཞེས་བཏགས།དགུང་ལོ་བཞིའི་ཐོག་ནས་ཡབ་ཀྱི་མདུན་ནས་ཡི་གེ་སྦྱོར་ཀློག་སོགས་ལ་བསླབས། དགུང་ལོ་བདུན་པ་བཞེས་ཐོག་ཡབ་ཚེ་ལས་འདས། དེ་ནས་བྱ་བཏང་བ་ཆེན་མོ་ཞབས་དཀར་བའི་གདན་ས་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཨ་ཁུ་དགེ་འདུན་བསྟན་པ་ཞེས་པའི་མདུན་ནས་ཡི་གེ་སྦྱོར་ཀློག་གི་རྨང་གཞི་དག་པར་སྦྱངས། དགུང་ལོ་བརྒྱད་པ་ཡས་མས་སུ་དགེ་བཤེས་ཚུལ་ཁྲིམས་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་སྒྲའི་རིག་པ་ཆ་ཚང་བསླབས། དགུང་ལོ་དགུ་པ་བཞེས་ཙམ་ནས་སྙན་རྩོམ་མང་དུ་སྤེལ་བར་གྲགས། དགུང་ལོ་བཅུ་བཞི་པར་ཁ་གྱའི་གཏེར་སྟོན་བླ་མའི་མདུན་ནས་སྔ་འགྱུར་རྙིང་མའིི་མན་ངག་གི་ཆོས་རབ་ཏུ་གསན། དགུང་ལོ་བཅོ་ལྔ་པར་ཞྭ་དམར་པཎྜི་ཏའི་གཞིས་དགོན་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཤིང་བིས་པ་འཇམ་དབྱངས་གྲགས་པ་ལགས་ཀྱི་མདུན་ནས་ཚད་མ་རིག་པ་སོགས་ལ་སློབ་གཉེར་མཐིལ་ཕྱིན་པ་མཛད། དྷཱིཿཚའི་མཁན་ཆེན་དགེ་འདུན་རྒྱ་མཚོའི་མདུན་ལ་བཏུད་དེ་རབ་ཏུ་བྱུང་བར་མཚན་ལ་དགེ་འདུན་ཆོས་འཕེལ་ཞེས་གསོལ། ཞབས་དཀར་སྐུ་ཕྲེང་གཉིས་པས་རྡོ་བྲག་འཇིགས་མེད་བསོད་ནམས་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་བཟུང་སྟེ། མཚན་ལའང་རྡོ་བྲག་དགེ་འདུན་ཆོས་འཕེལ་ཞེས་གྲགས།སྐབས་དེ་ནས་བཟུང་དྷཱིཿཚ་ཨ་ལགས་ཞེས་པའི་མཚན་དེའང་ཐོགས། དགུང་ལོ་བཅུ་དགུ་སྟེ་ཕྱི་ལོ1921ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོ་ཚུལ་ཁྲིམས་ཚང་སོགས་ཀྱི་མདུན་ནས་ལོ་ཡི་འཁོར་མོ་དྲུག་ཙམ་ལ་དབུ་ཕར་མཛོད་འདུལ་སོགས་ཟབ་མོ་ནང་དོན་རིག་པའི་སྐོར་ལ་སྦྱངས་པ་ནན་ཏན་མཛད་དེ་མཁས་པའི་གྲགས་པ་འབར། ཁོང་གིས་རྩོད་པའི་ཚེ་ཚ་མ་ཕོག་ན་རྐང་བ་མི་སྐུམ་པ་དང་། གཅེར་བུ་པའི་ཤིང་སེམས་ལྡན་དུ་སྒྲུབ་པ་ལྟར་ཁས་ལེན་འཁྱོགས་བཟུང་བྱེད་པ་དང་། རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་མ་ཡིན་པར་ཆ་བཅས་སུ་སྒྲུབ་པ་སོགས་ལྡོག་ཕྱོགས་ཀྱི་ལྟ་སྤྱོད་འཛིན་པར་བསྙད་བཏགས་ཏེ་བྱང་ཉི་མ་བླ་བྲང་དུ་གནས་མ་ཆགས། དོན་དུ་ཀུན་མཁྱེན་འཇམ་བཞད་ཀྱི་ཡིག་ཆ་ཁས་མ་ལེན་པར་སུན་འབྱིན་མཛད་པས། དགུང་ལོ་ཉེར་ལྔ་སྟེ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོའམ་ཕྱི་ལོ1927ལོར་བླ་བྲང་ནས་ལམ་ལ་ཆས་ཏེ་ལྷ་སར་ཕེབས་དགོས་ཐུག དེ་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་གྲལ་ཞུགས་མཛད་དེ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་སློབ་དཔོན་དུ་བསྟེན་ཁུལ་བྱས་ཏེ་སྐྱབས་རྗེ་ཕ་བོང་ཁ་བ་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཟབ་དོན་གྱི་གདམས་པ་ལྷག་ལུས་མེད་པར་མནོས།

ལྷ་ས་ནས་ལོ་དྲུག་ལྷག་ལ་བཞུགས་རྗེས་བོད་ཤིང་ཁྱི་ལོའམ་ཕྱི་ལོ1934ལོར་དགུང་ལོ་སོ་གཉིས་ཐོག་པཎྜི་ཏ་ར་ཧུ་ལ་དང་མཉམ་དུ་རྒྱ་གར་དུ་ཕེབས། ལམ་བར་ནས་འཕན་ཡུལ་དང་རྭ་སྒྲེང་། གཙང་ཁུལ་དང་ས་སྐྱ་སོགས་དགོན་སྡེ་མང་པོར་གནས་སྐོར་དུ་ཕྱིན་ཞོར་༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ༽་ཡི་དབུ་བརྩམས་ནས་རྒྱ་དཔེ་དང་ལྡེབས་རིས། རྡོ་རིང་། འདྲ་སྐུ་སོགས་མང་པོར་ཞིབ་འཇུག་བྱེད་པའི་སྐལ་བ་ལྡན་།དེ་ནས་བལ་ཡུལ་དུ་སླེབས་ཏེ་དེར་ཟླ་ངོ་དྲུག་ཙམ་བཞུགས། དེའི་ཕྱི་ལོའམ་ཕྱི་ལོ1935ལོར་རྒྱ་གར་དུ་ཕེབས། ཝ་ར་ན་སི་སོགས་ནས་ལེགས་སྦྱར་སཾསྐྲི་ཏའི་སྐད་སོགས་ལ་སྦྱངས་པ་མཛད། ཕྱི་ལོ1937ལོར་དགུང་ལོ་སོ་ལྔར་བཞེས་ཐོག་སིངྒ་ལར་ཕེབས་ཏེ་ལེགས་སྦྱར་གྱི་སྐད་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་ཡང་རྩེར་སོན། སྐབས་དེར《ཆོས་ཀྱི་ཚིགས་སུ་བཅད་པ》སོགས་བསྒྱུར་བར་གྲགས། རབ་བྱུང་བཅུ་དྲུག་པའི་ས་སྟག་ཕྱི་ལོ1938ལོར་ར་ཧུ་ལ་དང་རི་མོར་མཁས་པ་ཀན་ཝལ་ཀྲཥྚི་སོགས་དང་མཉམ་དུ་བོད་དུ་ཕེབས་ཏེ་ས་སྐྱ་དང་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཅི་ཙམ་ཡོད་པར་གཟིགས་ཞིབ་ནན་ཏན་མཛད་ཅིང་དཀར་ཆག་ཞིབ་ཚགས་དང་བཅས་པ་ཐོ་ལ་བཀོད་དེ་སླར་ཡང་རྒྱ་གར་དུ་ཕྱིར་ཕེབས་གནང་། དེའི་རྗེས་རྒྱ་གར་ནས་དབྱིན་ཡིག་ལ་སློབ་སྦྱོང་མཛད་དེ་ཨུ་རུ་སུའི་རོལ་རིས་དང་མཉམ་དུ《དེབ་ཐེར་སྔོན་པོ》སོགས་དབྱིན་ཡིག་ཏུ་བསྒྱུར། གང་ལྟར་རྒྱ་གར་ནས་ལོ་ངོ་བཅུ་གཉིས་ཙམ་ལ་བཞུགས་ཏེ་བོད་ཤིང་བྱ་ལོའམ་ཕྱི་ལོ1945ལོར་ཕྱིར་ལྷ་སར་ཕེབས་གནང་མཛད། ལྷ་ས་ནས་སློབ་ཁྲིད་གནང་ཞོར་དེ་སྔོན་རྩོམ་འཕྲོར་ལུས་པ་དག་གཏན་ལ་ཕབ་ཅིང་བཀའ་གཙིགས་རྡོ་རིང་དང་། སྐར་ཆུང་རྡོ་རིང་། ཏུན་ཧོང་ཡིག་རྙིང་སོགས་ལ་ཞིབ་འཇུག་མཛད། རབ་བྱུང་བཅུ་དྲུག་པའི་མེ་ཁྱི་ལོའམ་ཕྱི་ལོ1946ལོར《དེབ་ཐེར་དཀར་པོ》བརྩམས་པའི་དབུར་བཙུགས་ཀྱང་། དངུལ་ལོ་རྫུན་བཟོ་དང་སྦོམ་མདའ་རབ་དགའ་སོགས་ཀྱིས་བཙུགས་པའི《ནུབ་བོད་ལེགས་བཅོས་སྐྱིད་སྡུག》ཅེས་པའི་ཚོགས་པར་ཞུགས་པ་དང་། ར་ཧུ་ལའི་དམར་་ཕྱོགས་པའི་གསང་མྱུལ་པ་སོགས་ཀྱི་ཞྭ་གཡོགས་ཏེ་བཀའ་ཤག་གཞུང་གི་ཀ་ཤོད་པ་སོགས་ཀྱིས་སྣང་རྩེ་ཤག་ལ་བཀའ་ཕབ་སྟེ་ཁོང་ཉིད་གློ་བུར་ངང་འཛིན་བཟུང་བྱས་ཏེ་ཁྲིམས་མུན་དུ་བཅུག 《དེབ་ཐེར་དཀར་པོ》ཡང་རྩོམ་འཕྲོར་ལུས། ཁོང་གི་གསུང་རྩོམ་མང་དག་ཅིག་མེ་ཆུར་ཐིམ་པར་གྲགས། དུས་དེ་ནས“ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་མ་ཤེས”པར་བེཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་པའི་ལོ་རྒྱུས་ཀྱི་སྐྱོ་གར་རིང་མོ་ཞིག་ཀྱང་མཆེད། བཙོན་དུ་ལོ་གསུམ་ལ་བཞུགས་རིང་ཤེས་བྱ་རིག་པའི་གནས་ལ་ཕྱག་ལས་རྒྱུན་མ་ཆད་པར《བཙོན་ནས་བླངས་པའི་མགུར》སོགས་ཡིག་རྩོམ་ཁག་དང་རིས་རྩོམ་རེ་གྲུབ་པར་གྲགས། བོད་ས་གླང་ལོའམ་ཕྱི་ལོ1949ལོར་བཙོན་ལས་གྲོལ། བཙོན་ལས་གྲོལ་རྗེས་དགའ་རུ་ཤར་དུ་བཞུགས་ཏེ་སྐུ་གཟུགས་ཧ་ཅང་ཞན་ཡང་སྙིང་རུས་ཆེན་མོ་བསྐྱེད་དེ་སློབ་ཁྲིད་དང་སློབ་གསོ། ལྗགས་རྩོམ་སོགས་ཀྱི་ཕྱག་རྒྱུན་ཆད་མེད་དུ་གནང་། བཙོན་ལ་བཅུག་པའི་རྐྱེན་ཁོང་ལ་ཆུ་གསོག་དང་སྐྲང་སྦོ་སོགས་བསྙུན་གཞི་ཚབས་ཆེན་ཕོག་སྟེ་གསོ་ཐབས་གང་ལ་བརྟེན་ཡང་ཕན་མ་ཐོགས་པར་བོད་ལྕགས་ཡོས་ལོ་ཕྱི་ལོ1951ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན་གྱི་དགོང་མོར་ལྷ་ས་ནས་སྐུའི་འཕེན་པ་རྫོགས། སྐབས་དེར་དགུང་གྲངས་བཞི་བཅུ་ཞེ་དགུར་བསླེབས་འདུག ཁོང་གི་གསུངས་རྩོམ་ལ《རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིག》《བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ》《སེམས་ཙམ་པའི་གྲུབ་མཐའི་རྣམ་གཞག》《ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག》《དབུ་ཚད་ཀྱི་དཀའ་བའི་གནད》《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》《སིང་ག་ལའི་ལམ་ཡིག》《ལྷ་ས་དང་། ཞོལ། བསམ་ཡས་སོགས་ཀྱི་རྡོ་རིང་ངོ་བཤུས་ཉིད་ཀྱིས་མཆན་འགོད་མཛད་པ》《སུམ་རྟགས་ཀྱི་སྐོར་ཐོར་བུ》《སྙན་ངག་གི་དཀའ་གནད་ཐོར་བུ》《ཤིན་ཏུ་སྨྲ་བའི་རིགས་ལམ་ངོ་མཚར་ཅན》《གངས་རིའི་སྐོར》《རང་བཞིན་ངེས་པ》《ཞང་དགའ་བའི་བློ་གྲོས་ཀྱི་དྲིས་ལན》《རྟུལ་ཆུང་དཔྱད་པའི་སྐོར》《འདུ་བྱེད་མཐའ་དཔྱད》《ཧི་མ་ལ་ཡའི་བསྟན་བཅོས》《འདོད་པའི་བསྟན་བཅོས》《འཛམ་གླིང་རྒྱས་བཤད》《ཆུ་ཤིང་གི་སྐོར》《ཀེ་ཏ་ཀ་སོགས་ཀྱི་བཤད་པ》ཁོང་གི་བརྩམས་ཆོས་ཡིན་མིན་ལ་རྩོད་པ་ཆེ་བའི《དབུ་མའི་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན》གཞན་ཡང་སྙན་ངག་ཐུང་ངུ་མང་པོ་བཞུགས་སོ། །

བསྒྱུར་རྩོམ་ལ《རྒྱལ་བོ་ར་མ་ཎའི་རྟོགས་བརྗོད》《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》《སིངྒ་ལའི་གནས་བརྟན་སྡེ་བའི་མདོ་དྷརྨ་པ་དཱའམ་ཆོས་ཀྱི་ཚིགས་སུ་བཅད་པ》《ལེགས་ལྡན་ནག་པོའི་གླུ》《ལུས་ཀྱི་རྣལ་འབྱོར》《དམ་ཚིག་སྒྲོལ་མའི་སྐོར》《ཨེ་ཝཾ་གི་རྣམ་བཤད་རི་མོ་ཅན》སོགས་ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར། ཨུ་རུ་སུའི་རོལ་རིས་དང་མཉམ《དེབ་ཐེར་སྔོན་པོ》དང་། དགེ་སློང་ཇི་ནོ་ར་སི་དང་མཉམ《བྱང་ཆུབ་སྤྱོད་འཇུག་ཆེན་མོ》དང་། འབྲུག་པ་ར་ཛ་རྡོ་རྗེ་དང་མཉམ《རྗེ་རིན་པོ་ཆེའི་གསུངས》རེ་དང་།《རྣམ་འགྲེལ》སོགས་བོད་ཡིག་ནས་དབྱིིན་ཡིག་ཏུ་བསྒྱུར་གནང་མཛད་དོ། །


上一篇:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོགས་པ།

下一篇:རྒྱལ་སྤྱིའི་ཞང་ཞུང་རིག་གནས་དཔྱད་གླེང་ཚོགས་འདུ་ལྷ་སར་འཚོགས the First Lhada & Ngari Shang Shung Culture International Academic Seminar of China’s Tibet

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930932 位访客