བོད་གངས་ཅན་གྱི་ལྗོངས་སུ་བཀའ་པོད་ཆེན་པོ་ལྔ་དར་ཚུལ་གྱི་ལོ་རྒྱུས་མདོར་བསྡུས་གཞོན་ནུ་ཀུན་ཏུ་དགའ་བའི་གཏམ།

发布时间:2018-06-12 10:33:02

༅། །གྲངས་མེད་བསྐལ་བར་ཚོགས་གཉིས་རབ་བསགས་ཤིང་། །མ་རུང་བདུད་སྡེ་དཔུང་ཚོགས་བཅོམ་མཛད་དེ། །

མངོན་པར་རྫོགས་པའི་བྱང་ཆུབ་མཆོག་བརྙེས་ནས། །གདུལ་བྱར་ཆོས་འཁོར་བསྐོར་པའི་མགོན་དེར་འདུད། །

མ་རྟོགས་ལོག་རྟོག་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི་རྣོ་ངར་འབུམ་དང་ལྡན།  །

ཇི་ལྟ་ཇི་སྙེད་ཆོས་ཀྱི་གནས་ལུགས་མ་ལུས་གསལ་བར་སྟོན་པའི་པུསྟིཀཿ།  །

བསྣམས་པའི་མཁྱེན་རབ་བདག་པོ་འཇམ་པའི་དབྱངས་ཞེས་ས་གསུམ་འགྲོ་བའི་བློ་མུན་ཀུན།  །

སེལ་མཛད་མགོན་པོ་ཁྱེད་ཀྱིས་ཚེ་རབས་ཀུན་ཏུ་བདག་བློ་རིག་པའི་གཏེར་དུ་སྒྲུབས།  །

རྒྱལ་བའི་བསྟན་པ་འཕགས་ཡུལ་དུ།  །དར་ཞིང་རྒྱས་མཛད་རྒྱན་དྲུག་དང་།  །

མཆོག་གཉིས་ལ་སོགས་པཎ་གྲུབ་ཚོགས།  །དད་གསུམ་ངག་གིས་མཆོད་པར་བྱ།  །

གངས་རིའི་ཡུལ་ལྗོངས་མུན་གླིང་དུ།  །རྒྱལ་བསྟན་ཉིན་བྱེད་འདྲེན་མཁས་པ།  །

ཆོས་རྒྱལ་རིམ་བྱོན་ལོ་པཎ་གྱི།  །མཛད་འཕྲིན་འཆི་མེད་ལམ་ལས་ཡངས།  །

མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕ་མཐའ་ཡས།  །འཆད་རྩོད་རྩོམ་པའི་རླབས་ཕྲེང་མཁའ་ལ་འཕྱོ།  །

གངས་ལྗོངས་རིག་པའི་སྣོད་དུ་བསྒྲུབས་མཛད་པའི།  །རིམ་བྱོན་མཁས་གྲུབ་སྤྱི་བོའི་རྒྱན་དུ་མཛེས།  །

ཆོས་ཀྱི་སྙིང་པོ་མདོ་སྔགས་གཉིས་སུ་འདུས།  །མདོ་ཡི་བརྗོད་བྱ་བཀའ་པོད་རྣམ་ལྔས་བསྡུས།  །

དེ་ཡི་བྱུང་བ་མདོ་ཙམ་བརྗོད་པ་འདིར།  །དོན་གཉེར་ཅན་རྣམས་ཡུད་ཙམ་གསན་པར་རིགས།  །

           དེ་ཡང་དེང་སྐབས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དཔལ་འབྱོར་གྱི་མཐོ་རླབས་དགུང་དུ་བསྙེགས་པ་དང་། རིག་གནས་ཞིབ་འཇུག་གི་མ་ལག་རྒྱ་དང་རིས་སུ་མ་ཆད་པར་དར་ཞིང་རྒྱས་པའི་སྐལ་བ་བཟང་པོའི་དུས་འདིར།  རང་རིགས་ཀྱི་མཁས་དབང་རྣམས་ལས་གཞན་བློ་གཟུར་བོར་གནས་ཤིང་དཔྱོད་པའི་སྒོ་རབ་ཏུ་ཡངས་པའི་ཕྱི་གླིང་གི་རྒྱ་སེར་མཁས་པའི་ཁྲོད་ན་ཡང་རང་ཅག་བོད་རིག་པ་འདི་ལ་མཐོང་ཆེན་ཞིབ་འཇུག་གི་རྣམ་གྲངས་མང་དུ་སྤེལ་བཞིན་ཡོད་ལ།  ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བཀའ་ཚད་མ་འདི་ནི་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་པ་གང་གི་ཆ་ལའང་གཞན་ལས་ཁྱད་པར་དུ་འཕགས་པའི་ཆོས་མང་པ་དང་།    དེང་སྐབས་འཛམ་གླིང་ཐོག་གི་གནད་དོན་ཨང་དང་པོ་སྟེ་ཞི་བདེའི་རྨང་གཞི་ཡང་ཡིན་པས་ཁྱོན་ཡོངས་ནས་དར་རྒྱས་ཀྱི་མགོ་ཚུགས་པ་དང་།  རང་རེའི་རྒྱལ་ཁབ་ལ་མཚོན་ན་ཡང་བོད་རིག་པ་དང་བོད་བརྒྱུད་ནང་བསྟན་གཞུང་ལུགས་ལ་སློབ་གཉེར་དང་ཞིབ་འཇུག་གི་སྡེ་ཁག་མང་དུ་བཙུགས་པ་དང་།  རྒྱལ་ཁབ་རིམ་པའི་ཞིབ་འཇུག་གི་རྣམ་གྲངས་སུའང་བཞག་པའི་སྐལ་བཟང་མངོན་དུ་གྱུར་ཡོད་དོ།  །

           རང་རེ་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་དར་སྤེལ་དུ་གཏོང་བ་ནི།  བཤད་པའི་སྒོ་ནས་ལུང་གི་བསྟན་པ་རྒྱས་པར་བྱེད་པ་དང་།  སྒྲུབ་པའི་སྒོ་ནས་རྟོགས་པའི་བསྟན་པ་རྒྱས་པར་བྱེད་པ་ཡིན་ཏེ།  མངོན་པ་མཛོད་ལས།  སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།  །ལུང་དང་རྟོགས་པའི་བདག་ཉིད་དོ།  །དེ་འཛིན་བྱེད་པ་སྨྲ་བྱེད་དང་།  །སྒྲུབ་པར་བྱེད་པ་ཁོ་ན་ཡིན།  །ཞེས་གསུངས་པ་དང་མཐུན་པར་བཤད་པའི་སྒོ་ནས་བསྟན་པ་གཏན་ལ་འབེབས་པ་ནི།  འཆད་ཉན་བྱེད་པ་དང་རྩོད་གྲྭ་འཛུགས་པ་སོགས་ཡིན་ལ།  རྩོད་པ་ནི་དྲི་བའི་སྒོ་ནས་རང་གི་ཐེ་ཚོམ་བསལ་བར་མ་ཟད།  སུན་འབྱིན་གྱི་སྒོ་ནས་གཞན་གྱི་ལོག་རྟོག་བསལ་བའི་ནུས་པ་ཡང་ཡོད་ལ།  དེར་མ་ཟད་མདོ་ལས་ཀྱང་།  དགེ་སློང་དག་གམ་མཁས་རྣམས་ཀྱིས།   །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།  །ལེགས་པར་བརྟགས་ལ་ང་ཡི་བཀའ།  །བླང་བར་བྱ་ཡི་གུས་ཕྱིར་མིན།  །ཞེས་སངས་རྒྱས་ཀྱི་གསུང་ལའང་བརྗོད་བྱར་བརྟག་དཔྱད་ལེགས་པར་བྱས་ནས་དྲང་ངེས་འབྱེད་དགོས་ཀྱི།  སྒྲས་ཟིན་ལ་ཡོད་ཚད་ཁས་བླང་དུ་མི་རུང་བར་གསུངས།  དེ་བས་བོད་ཀྱི་ཆོས་སྡེ་ཆེ་གྲས་རྣམས་སུ་བཀའ་པོད་ལྔའི་འཆད་ཉན་དང་རྩོད་པ་ཡུན་རིང་པོར་བྱེད་པའི་སྲོལ་དར་ཁྱབ་ཆེ་བ་བྱུང་ཡོད་ལ།   དེ་བས་ཚད་མ་དང་།  ཕར་ཕྱིན།  དབུ་མ།  མཛོད།འདུལ་བ་བཅས་པོ་ཏི་ལྔའི་བྱུང་བ་མདོར་བསྡུས་སུ་བརྗོད་ན།

           དང་པོ།    ཚད་མ།

        ༡    འཕགས་ཡུལ་དུ་དར་ཚུལ།

       སྤྱིར་ཚད་མ་ནི་ཐུན་མོང་གི་རིག་པར་གྲགས་པ་ལྟར་གཞན་སྡེའི་སྟོན་པ་དག་གིས་བརྩམས་པའི་གཏན་ཚིགས་རིག་པའི་བསྟན་བཅོས་ཡོད་ཅིང་།  དེ་ཡང་ཕྱི་རོལ་བའི་སྟོན་པ་གླང་སྐྱེས་ཀྱིས་བྱས་པའི་རྟོག་གེའི་བསྟན་བཅོས་དང་།  བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་བསྟན་བཅོས་ལྟ་བུ་མང་དུ་བྱུང་ཞིང་ནང་པའི་གཞུང་ལས་བྱུང་སྔ་ཡང་རྩོད་པ་ལྷུར་ལེན་པའི་བསྟན་བཅོས་ཉིད་ཡིན་པས་སྐབས་འདིར་བཤད་བྱར་མི་བཟུང་ངོ་།  །དེས་ན་ཚད་མ་ལ་ཐུན་མོང་གི་རིག་པར་སྨྲ་བ་ཡང་རྩོད་ངག་ཙམ་དུ་མཚུངས་པ་ལ་དགོངས་ཀྱི་དོན་ལ་ཁྱད་པར་ཆེའོ།  །རྒྱལ་བའི་གསུང་རབ་ལས་མངོན་སུམ་ཚད་མ་གསལ་བར་བསྟན་ཅིང་།  རྗེས་དཔག་ཚད་མའང་མ་བཀག་པ་དང་གཏན་ཚིགས་རྣམས་ཀྱི་ཤུགས་ལས་ཤེས་པ་དང་།  མདོ་སྡེ་དགོངས་པ་ངེས་འགྲེལ་ལས།  ཆོས་ཉིད་ལྟོས་དང་བྱ་བ་བྱེད།  །འཐད་པར་སྒྲུབ་པའི་རིགས་པ་བཞི།  །ཞེས་རིགས་པ་བཞིའི་རྣམ་གཞག་གསུངས་ལ།   ཁྱད་པར་དུ་ཚད་མ་རིག་པའི་ཐ་སྙད་བཏགས་པ་ནི་འཇམ་དཔལ་གྱིས་དགྲ་བཅོམ་པ་ཆོས་སྐྱོབས་ལ་གསུངས།   དེས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོམ་ཞེས་པ་བཛད།  དེས་མཁས་པ་མི་དབང་ལྷ་ལ་བཤད།  དེས་ཀུན་མཁྱེན་དབྱིག་གཉེན་ལ་བསྟན།  དེས་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་བོ་ལ་བཤད།   སློབ་དཔོན་ཕྱོགས་ཀྱི་གླང་པོས་དམིགས་པ་བརྟག་པ་དང་།  དུས་གསུམ་བརྟག་པ།   སེལ་བ་བརྟག་པ།   ཕྱོགས་ཆོས་འཁོར་ལོ།   རིགས་སྒོ་སོགས་ཚད་མའི་བསྟན་བཅོས་འཐོར་བུ་བརྒྱ་རྩ་བརྒྱད་མཛད་པ་དེ་དག་གི་ལུས་ཡོངས་སུ་མ་རྫོགས་པར་གཟིགས་ནས་ཕྱིས་སུ་ཕྱོགས་གཅིག་བསྡུས་ཏེ།   མངོན་སུམ་དང་།   རྗེས་དཔག་གཉིས་ཏེ་རང་དོན་རྗེས་དཔག  གཞན་དོན་རྗེས་དཔག   གཞན་སེལ་དང་།   དཔེ་དང་།  ལྟག་ཆོད་ཀྱི་རིགས་པ་སྟོན་པའི་ལེའུ་དྲུག་ལྡན་གྱི་ཚད་མའི་མདོ་ཀུན་ལས་བཏུས་པ་ཞེས་བྱ་བ་མཛད་ཅིང་།   དེའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་སོགས་ཀྱིས་འཆད་ཉན་གནང་བ་དང་།  འདིས་བརྩམས་པའི་ཀུན་བཏུས་ཀྱི་འགྲེལ་བ་ཡོད་པ་འདྲ་ཡང་བོད་དུ་མ་བསྒྱུར་རོ།   །

         གཞུང་འདིའི་དགོངས་འགྲེལ་དུ་སྨྲ་བའི་ཉི་མ་དཔལ་ལྡན་ཆོས་ཀྱི་གྲགས་པས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ་སྟེ་རྒྱས་པ་ཚད་མ་རྣམ་འགྲེལ་དང་།  འབྲིང་བོ་ཚད་མ་རྣམ་ངེས།  བསྡུས་པ་རིགས་པའི་ཐིགས་པ་གསུམ་དང་།  འཕྲོས་པ་ཡ ན་ལག་ལྟ་བུའི་བསྟན་བཅོས་འབྲེལ་བ་བརྟག་པ།  གཏན་ཚིགས་ཐིགས་པ།  རྒྱུད་གཞན་སྒྲུབ་པ།  རྩོད་པའི་རིགས་པ་བཞི་སྟེ་ཚད་མ་སྡེ་བདུན་དུ་གྲགས་པའི་ལམ་སྲོལ་ཆེན་པོ་ཕྱེས་སོ།  །རྟོག་གེའི་ཚིག་དོན་བརྒྱད་ཆ་ཚང་སྟོན་པའི་གཞུང་ལ་ལུས་ལྟ་བུའི་བསྟན་བཅོས་དང་།  དེ་ལྟར་མི་སྟོན་པར་བརྗོད་བྱ་ཕྱོགས་རེ་བ་ཙམ་སྟོན་པ་ལ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་བཞག་པའོ།  །

ཡན་ལག་ལྟ་བུའི་བསྟན་བཅོས་བཞིས་བརྗོད་བྱ་སྟོན་པའི་ཚུལ་ལ།  རང་དོན་རྗེས་དཔག་ལས་འཕྲོས་པ་གཉིས་ཏེ།  ཕྱོགས་ཆོས་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ་དང་།  རྟོགས་དཀའ་བ་ཁྱབ་པའམ་རྟགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ་སྟེ་གཉིས།  གཞན་དོན་ལེའུ་ལས་འཕྲོས་པ་རྒོལ་ཕྱི་རྒོལ་རྩོད་པ་རྒྱལ་ཕམ་ཚར་གཅོད་ཀྱི་གནས་སྟོན་པ་རྩོད་པའི་རིགས་པ་དང་།  ངག་ལས་གཞན་བློ་རྟོགས་པ་ཐ་སྙད་དུ་སེམས་ཙམ་ལའང་མི་འགལ་བར་སྟོན་པ།  རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ།  །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར།  །སེམས་ཙམ་ལ་འང་ཚུལ་འདི་མཚུངས།  །ཞེས་སྟོན་པ་རྒྱུད་གཞན་སྒྲུབ་པ་དང་བཞིའོ།  །སློབ་མའི་གཙོ་བོ་ལྷ་དབང་བློ་ནི་དཔལ་ལྡན་ཆོས་གྲགས་ཀྱི་བཀའ་བཞིན་རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་གྱི་ཁ་སྐོང་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་ཐེངས་གསུམ་ལ་བརྩམས་མོད།  རེ་རེ་བཞིན་སློབ་དཔོན་གྱིས་ཆུ་དང་མེར་བསྲེགས་པས།  གསུམ་པའི་མཇུག་ཏུ།  ཕལ་ཆེར་སྐལ་བ་མེད་ཉིད་དང་།  །དུས་ལའང་སྡོད་པ་མེད་པའི་ཕྱིར།  །གོམས་པའི་ཕྱིར་ནི་མདོར་བསྡུས་ནས།  །དཀའ་འགྲེལ་འདི་ནི་འདིར་བྱས་སོ།  །ཞེས་བྲིས་ཏེ་ཕུལ་བས་སློབ་དཔོན་གྱིས་འགྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བར་འདུག་སྟེ།  ཚིག་གིས་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག   དེ་བས་དཔལ་ཆོས་ཀྱི་གྲགས་པས་ངའི་རིགས་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་ཤེས་པར་མི་འདུག་དགོངས་ཏེ་རྣམ་འགྲེལ་གྱི་མཇུག་ཏུ།  རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར།  །ཞེས་པའི་ཚིག་བཅུག་གོ  །རང་འགྲེལ་དང་འདི་གཉིས་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པར་གྲགས་སོ།   །

       ཤཱཀྱ་བློ་ནི་ལྷ་དབང་བློ་དང་དཔལ་ལྡན་ཆོས་གྲགས་གཉིས་ཀའི་སློབ་མ་ཡིན།  ཆོས་གྲགས་ལ་ཡང་ཚད་མ་སྡེ་བདུན་གསན།  གཙོ་བོ་ལྷ་དབང་བློ་ལ་ཚད་མ་རིག་པ་གསན་ནས་མཁས་པར་གྱུར།  ཚད་མ་རྣམ་འགྲེལ་ལེའུ་བཞི་དང་ལེའུ་དང་པོའི་རང་འགྲེལ་བཅས་དང་།  ལྷ་དབང་བློའི་ལེའུ་ཕྱི་མ་གསུམ་གྱི་འགྲེལ་བ་དང་བཅས་པ་ལ་འགྲེལ་བཤད་ཤིན་ཏུ་རྒྱ་ཆེ་བ་ཞིག་མཛད།  དམ་བཅའ་ཁས་ལེན་ཐམས་ཅད་ལྷ་དབང་བློ་དང་མཐུན་ནོ།  །ལྷ་ཤྰཀ་གཉིས་པོ་ཚད་མ་སྡེ་བདུན་གྱི་དགོངས་པ་འགྲེལ་མཁན་ཐོག་མ་ཡིནནོ།   །དུལ་བའི་ལྷས་ནི་སྡེ་བདུན་ཚང་མའི་འགྲེལ་བ་མཛད་པར་གྲགས།  རྒྱན་མཁན་པོ་ཤེས་རབ་འབྱུང་གནས་ཀྱིས་རྣམ་འགྲེལ་ལ་ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པའི་འཕྲོ་མཐུད་ནས་ཚད་གྲུབ་ལེའུ་སོགས་གསུམ་ལ་འགྲེལ་བཤད་རྒྱས་པར་མཛད་ནས་དགོངས་དོན་དབུ་མར་བཀྲལ་བ་དེར་ཚད་མ་སྟོང་ཕྲག་བཅོ་བརྒྱད་པར་གྲགས།  གཞན་ཡང་བྲམ་ཟེ་བདེ་བྱེད་དགའ་བ་སོགས་ཀྱིས་འགྲེལ་བ་མང་དུ་མཛད།ཁ་ཆེ་ཛ་མ་རིའམ་ཡ་མ་རིར་གྲགས་པ་དང་ཉི་མ་སྦས་པ་རྣམས་ནི་རྒྱན་མཁན་པོའི་རྗེས་སུ་འབྲངས་ནས་རྒྱ་ཆེར་བཤད་པའོ། །སློབ་དཔོན་ཆོས་མཆོག་གིས་རྣམ་ངེས་ལ་འགྲེལ་བ་འཐད་ལྡན་ཆེན་མོ་ཞེས་པ་སྟོང་ཕྲག་བཅུ་གཉིས་པ་དང་།  རིགས་ཐིགས་ལ་འགྲེལ་བ་སློབ་མ་ལ་ཕན་པ་མཛད།  སློབ་དཔོན་རྒྱལ་རྔ་གསུམ་པར་གྲགས་པ་དེས་ཀྱང་ཚད་མའི་གཞུང་ཕྲན་མང་དུ་མཛད་ནས་ཆོས་ཀྱི་གྲགས་པའི་དགོངས་པ་བཀྲལ།  སློབ་དཔོན་ཞི་བ་འཚོས་གཞུང་སྔ་མ་རྣམས་ཀྱི་དོན་བསྡུས་པ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ཞེས་བྱ་བའི་གཞུང་མཛད།  ཀཱ་མ་ལ་ཤཱི་ལས་དེའི་དོན་འགྲེལ་ཚད་ཆེན་དུ་གྲགས་པ་མཛད།       ཐམས་ཅད་མཁྱེན་གྲུབ་དང་ཕྱི་རོལ་དོན་གྲུབ་སོགས་དགེ་འདུན་སྲུང་གིས་མཛད།  གཏན་ཚིགས་ཀྱི་དེ་ཉིད་བསྟན་པ་སོགས་ཛེ་ཏ་རིས་མཛད་པ་དང་།   རིན་འབྱུང་ཞི་བ་དང་ཤེར་འབྱུང་སྦས་པ།  ཛྙཱ་ན་མི་ཏྲ་ལ་སོགས་པས་མཛད་པའི་གཞུང་ཕྲན་ཤིན་ཏུ་མང་པར་བྱུང་ཞིང་བོད་དུ་ཡང་འགའ་ཞིག་འགྱུར་རོ། །

          ༢   བོད་དུ་དར་ཚུལ། 

       བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་དམིགས་བརྟག་རང་འགྲེལ་དང་བཅས་པ་དང་།  གཏན་ཚིགས་ཐིགས་པ་དང་དེའི་འགྲེལ་བ།   རྒྱུད་གཞན་སྒྲུབ་པ་དང་དེའི་འགྲེལ་བ་སློབ་དཔོན་དུལ་བ་ལྷས་མཛད་པ་རྣམས་བསྒྱུར།  ཞང་ཡེ་ཤེས་སྡེས་སློབ་དཔོན་དུལ་བ་ལྷས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་བ་སློབ་མ་ལ་ཕན་པ་དང་།  ཛི་ན་མི་དྲས་མཛད་པའི་རིགས་ཐིགས་ཀྱི་འགྲེལ་བ་དོན་བསྡུས་བཅས་བསྒྱུར།  ལོ་ཆེན་བཻ་རོ་ཙ་ནས་ཙན་དྲ་གོ་མིས་མཛད་པའི་རིགས་པ་གྲུབ་པའི་སྒྲོན་མ་སོགས་བསྒྱུར།  ཕྱི་དར་གྱི་སྐབས་སུ་ཚད་མ་ཀུན་ལས་བཏུས་པ་སོགས་ཞ་མ་སེང་རྒྱལ་གྱིས་བསྒྱུར་པ་དང་།  རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་ཚད་མ་སྟོང་ཕྲག་བཅུ་གཉིས་པ་སོགས་ཐོག་མར་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཁྱུང་བོ་གྲགས་སེ་སོགས་ཀྱིས་བཤད་དེ་ཚད་མ་རྙིང་པ་ཞེས་གྲགས་པ་ཅུང་ཟད་དར།   རྔོག་བློ་ལྡན་ཤེས་རབ་ཀྱིས་དེ་དག་འགྱུར་བཅོས་ཤིང་།   རྣམ་ངེས་དང་རིགས་ཐིགས་སོགས་རྫོགས་པར་བསྒྱུར།  ལོ་ཆེན་དེ་དག་གི་དྲིན་ལས་དེང་སྐབས་བསྟན་འགྱུར་ཁྲོད་ན།   སློབ་དཔོན་ཕྱོགས་ཀྱི་གླང་བོའི་ཚད་མ་ཀུན་བཏུས་རང་འགྲེལ་དང་བཅས་པ།   ཚད་མ་སྡེ་བདུན།   ལྷ་དབང་བློའི་རྣམ་འགྲེལ་གྱི་འགྲེལ་བ།  ཤཱཀྱ་བློའི་རྣམ་འགྲེལ་གྱི་འགྲེལ་བཤད་ཆེན་མོ།   ཤེར་འབྱུང་སྦས་པའི་རྣམ་འགྲེལ་གྱི་རྒྱན།  སློབ་དཔོན་རྒྱལ་བ་ཅན་གྱི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད།ཛ་མཱ་རིས་མཛད་པའི་རྣམ་འགྲེལ་གྱི་འགྲེལ་བ། སློབ་དཔོན་ཆོས་མཆོག་གི་རྣམ་ངེས་འགྲེལ་བ་འཐད་ལྡན་ཆེ་ཆུང་།  སློབ་དཔོན་དུལ་བ་ལྷས་མཛད་པའི་རིགས་ཐིགས།  གཏན་ཚིགས་ཐིགས་པ།  འབྲེལ་བ་བརྟག་པ།  རྒྱུད་གཞན་གྲུབ་པ།  དམིགས་བརྟག་སོགས་ཀྱི་འགྲེལ་བ།  སློབ་དཔོན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ།   སློབ་དཔོན་ཀ་མ་ལ་ཤཱི་ལའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་སོགས་པོད་ཉི་ཤུ་ལྷག་བཞུགས་ཡོད་དོ།  །

       ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་སྐབས་རྔོག་ལེགས་པའི་ཤེས་རབ་ལ་ལུང་བ་ཡ་གིར་དགོན་པ་ཞིག་བཏབ་སྟེ་བཤད་གྲྭ་བཙུགས་ན་འཆད་ཉན་དར་བར་འགྱུར་རོ་ཞེས་ལུང་བསྟན་པས་རྔོག་གིས་དེ་བཞིན་ཁས་བླངས་ཏེ།རེ་ཞིག་གསང་བ་གནང་དགོས་ཞེས་ཞུས་པས་རྗེས་སུ་དགོན་པའི་མིང་ལའང་གསང་ཕུ་ཞེས་ཐོགས།  ཇོ་བོ་རྗེ་སྐུ་འདས་རྗེས་རྔོག་ལེགས་པའི་ཤེས་རབ་ཀྱིས་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ༡༠༧༣ལོར་གསང་ཕུ་དགོན་ཕྱག་བཏབ་སྟེ་འཆད་ཉན་བཙུགས།   རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མ་དང་བྱམས་ཆོས་ཀྱི་བཤད་པ་མཛད་པས་སློབ་མ་ཉི་ཁྲི་ལྷག་ཙམ་འདུས།   སློབ་མའི་གཙོ་བོ་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་།  གྲོ་ལུང་བ་བློ་གྲོས་འབྱུང་གནས།  ཁྱུང་རིན་ཆེན་གྲགས་པ།  འབྲེ་ཤེས་རབ་འབར་དང་བཞིའོ།  །ཞང་ཚེ་སྤོང་གིས་གདན་ས་ལོ་སོ་གཉིས་ལ་བསྐྱངས།  དེའི་རྗེས་སུ་གཉལ་པ་རི་ལུས་ལོ་གཉིས།  རྣམ་པར་བས་ལོ་བརྒྱད་མཛད་རྗེས་ཆ་བ་ཆོས་ཀྱི་སེངྒེས་ལོ་བཅོ་བརྒྱད་ལ་གདན་ས་བསྐྱངས།  དེས་ཚད་མ་དང་དབུ་ཕར་སོགས་ལ་བཤད་པ་མཛད་པས་སློབ་མས་ས་སྟེང་ཁྱབ།  ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་སོགས་མཛད་ནས་བསྡུས་གྲྭ་ཞེས་པ་ཚད་མའི་སྒོ་འབྱེད་ཀྱི་སྲོལ་བཏོད།  གྲྭ་སྐོར་སྐབས་འཛིན་གྲྭར་བགོས་ནས་འཛིན་གྲྭ་གཅིག་པ་རྣམས་རེས་མོས་ཀྱིས་དམ་བཅའ་བས་ཁས་ལེན་བཟུང་ལུགས་དང་།  དྲི་བའི་ལན་འདེབས་ཚུལ།  རྟགས་གསལ་གཏོང་མཁན་གྱིས་འཛིན་གྲྭའི་དཀྱིལ་དུ་ལངས་ནས་གུས་འདུད་ཀྱི་རྣམ་པས་གཟན་སྐྱོར་ཕབ་ཅིང་ལག་པའི་ཐལ་གཅིག་རྡེབ་ནས་དྷིཿསྐད་བཏང་སྟེ་གཞུང་མགོ་ཚུགས་ཤིང་།  རིམ་པས་གཟན་སྐེད་པར་དཀྲིས་ནས་ཁས་ལེན་དྲི་བ་དང་།  ཐལ་འགྱུར་འཕེན་པ་དང་ཆབས་ཅིག་ལག་པ་རྡེབ་པ་།  ཁྱབ་མཐའ་འགོད་པ།  རྒྱུ་མཚན་འདྲི་བ།  འཁོར་གསུམ་བསྐོར་བ།  རྐང་བ་བརྡབ་པ་སོགས་ཀྱི་སྲོལ་བཏོད།  སློབ་མ་གྲངས་ལས་འདས་པའི་ནང་ནས་སྲས་ཀྱི་ཐུ་བོ་སེང་གེ་ཆེན་པོ་བརྒྱད་བྱུང་སྟེ།  གཙང་ནག་པ་བརྩོན་འགྲུས་སེང་གེ   དན་འབག་སྨྲ་བའི་སེང་གེ   འབྲུ་ཤ་བསོད་ནམས་སེང་གེ  རྨ་བྱ་རྩོད་པའི་སེང་གེ  རྩེགས་དབང་ཕྱུག་སེང་གེ  ཉང་བྲན་ཆོས་ཀྱི་སེང་གེ  ལྡན་མ་དཀོན་མཆོག་སེང་གེ དཔྱལ་བ་ཡོན་ཏན་སེང་གེ་སྟེ་བརྒྱད།   གཞན་ཡང་ས་སྐྱ་བསོད་ནམས་རྩེ་མོ།  ཕག་གྲུ་རྡོ་རྗེ་རྒྱལ་པོ་སོགས་སྐྱེས་བུ་དམ་པ་མང་དུ་བྱོན།   ད་ལྟའི་གདན་ས་ཆེན་པོ་རྣམས་ཀྱི་རྩོད་གྲྭའི་སྲོལ་ཡང་དེ་ནས་བྱུང་བ་ཡིན་ནོ།    །

        གཏུམ་སྟོན་བློ་གྲོས་གྲགས་པས་སྣར་ཐང་དགོན་པ་ཕྱག་བཏབ་སྟེ་མཁས་མང་རྒྱ་ཆེར་འཕེལ།  བཅོམ་ལྡན་རིགས་རལ་གྱིས་བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་བཀོད་དེ་ཐེངས་དང་པོར་ཕྱོགས་བསྒྲིགས་གནང་།  ཚད་མའི་བསྟན་བཅོས་སྡེ་བདུན་རྒྱན་གྱི་མེ་ཏོག་དང་།  རྣམ་ངེས་འགྲེལ་ཆེན་རྒྱན་གྱི་མེ་ཏོག་གཉིས་མཛད།  མཆིམས་འཇམ་པའི་དབྱངས་ཀྱི་རྣམ་འགྲེལ་འགྲེལ་བ་དང་།  སྣར་ཐང་བ་དོན་གྲུབ་ཀྱི་ཚད་མའི་ཊཱིཀྐ་སོགས་ཡོད།  ས་སྐྱའི་ཕྱོགས་སུ་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱའི་དགོན་པ་ཕྱག་བཏབ་རྗེས།  དེའི་གདུང་རྒྱུད་ལ་ས་སྐྱ་ཀུན་དགའ་སྙིང་པོའི་རྗེས་རྗེ་བཙུན་བསོད་ནམས་རྩེ་མོས་གསང་ཕུར་ཚད་མ་ལ་སྦྱངས་པ་མཛད་པ་དང་།  ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་ལེའུ་བཅུ་གཅིག་ཅན་དང་།  དེའི་རང་འགྲེལ་དང་བཅས་པ་མཛད་ནས་འཆད་ཉན་མང་དུ་གནང་།  གསུང་ལས་སྐྱེས་པའི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེས་ཚད་མའི་བསྟན་བཅོས་རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད་དང་།  བཙུན་པ་སྟོན་གཞོན་གྱིས་རྣམ་འགྲེལ་འགྲེལ་བ་གངས་ཅན་གྱི་རྒྱན།  ལྷོ་པ་ཀུན་མཁྱེན་

རིན་ཆེན་དཔལ་གྱིས་ཚད་མའི་སྐོར་གྱི་ཡིག་ཆ།  བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་རྣམ་འགྲེལ་ཊིཀྐ ཉ་དབོན་ཀུན་དགའ་དཔལ་བའི་རྣམ་འགྲེལ་གྱི་ཊིཀྐ  དེའི་སློབ་མ་གཡག་མི་ཕམ་ཆོས་ཀྱི་བླ་མས་རྣམ་འགྲེལ་ཊིཀྐ་ཡིད་ཀྱི་མུན་སེལ།   རིགས་གཏེར་ཊིཀྐ་འོད་སྟོང་འཕྲོ་བ།  གཡག་རོང་དར་མ་རིན་ཆེན་གྱིས་རྣམ་འགྲེལ་ཊིཀྐ  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་རྣམ་འགྲེལ་ཊིཀ་ཆེན།  ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་རྣམ་འགྲེལ་ཊིཀ་ཆེན།  བོ་དོང་པཎ་ཆེན་གྱི་ཚད་མའི་དཀའ་འགྲེལ་ཆེན་མོ།  ཚད་མའི་དཀའ་གནད་བྱེ་བྲག་ཏུ་བཤད་པ་རིགས་པའི་སྙིང་པོ།  ཚད་མ་རིགས་གཏེར་གྱི་ཊིཀྐ  ཚད་མའི་བསྡུས་པ།  རྣམ་འགྲེལ་གྱི་ཊིཀྐ་སོགས་དང་།   གཡག་ཕྲུག་སངས་རྒྱས་དཔལ་བའི་སློབ་མ་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཚད་མ་མདོའི་འགྲེལ་བ།  ཚད་མའི་སྤྱི་དོན་ཆེན་མོ་སྡེ་བདུན་རྒྱན་དང་སྤྱི་དོན་ཆུང་བ་སྡེ་བདུན་གནད་ཀྱི་ཟླ་ཟེར།ཚད་མ་རིགས་གཏེར་གྱི་འགྲེལ་བ་སོགས་དང་།  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཚད་མ་རིགས་གཏེར་གྱི་འགྲེལ་བ་རྟོག་གེའི་འཁྲུལ་འཇོམས་ཆེན་མོ་དང་སྡེ་བདུན་དེ་ཉིད་བསྡུས་པ་རྟོག་གེའི་སྙིང་པོ།  ཚད་མ་རྣམ་འགྲེལ་གྱི་རྣམ་བཤད།  ཚད་མའི་ལོ་རྒྱུས་སྡེ་བདུན་བང་མཛོད།  དཀའ་འགྲེལ་རིགས་པའི་སྣང་བ། སྡེ་བདུན་ངག་རོལ་བཅས་དང་།  དེའི་སློབ་མ་ཆོས་ལུང་དཀའ་བཅུ་པའི་རིགས་གཏེར་གྱི་འགྲེལ་བ་རིགས་པའི་མགུལ་རྒྱན། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་རྣམ་འགྲེལ་གྱི་རྣམ་བཤད་ཀུན་བཟང་འོད་ཟེར།རྣམ་འགྲེལ་གྱི་ངག་དོན་ཀུན་བཟང་ཉི་མ།  རིགས་གཏེར་དཀའ་འགྲེལ་སྡེ་བདུན་རབ་གསལ།  རིགས་གཏེར་ཊིཀ་ཆུང་རིགས་གཏེར་གསལ་བྱེད་སོགས་དང་།  པཎ་ཆེན་འབུམ་ཕྲག་གསུམ་པའི་རིགས་གཏེར་གྱི་ཊིཀྐ   འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་རྣམ་འགྲེལ་ཊིཀྐ་གཞུང་དོན་རབ་གསལ།  མུས་ཆེན་

རབ་འབྱམས་པའི་རྣམ་འགྲེལ་ཊིཀྐ་སྡེ་བདུན་དགོངས་རྒྱན། རིགས་གཏེར་ཊིཀྐ་རིགས་ལམ་གསལ་བའི་ཉི་མ།རྣམ་རིགས་གཉིས་ཀའི་སྤྱི་དོན་རྡོ་རྗེ་ཐོག་འབེབས།  གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རིགས་གཏེར་འགྲེལ་བཤད་རིགས་ལམ་གསལ་བའི་ཉི་མ།  མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་རིགས་གཏེར་དགོངས་དོན་གསལ་བར་བྱེད་པའི་ལེགས་བཤད་ངག་གི་དཔལ་སྟེར།  མཁན་བློ་གྲོས་བཟང་པོའི་རིགས་གཏེར་ལེགས་བཤད་བཟང་པོ་གསུམ་ལྡན་སོགས་ཡོད་དོ།   །

   བཀའ་རྙིང་ཕྱོགས་སུ་ཀརྨ་ཆོས་གྲགས་རྒྱ་མཚོའི་ཚད་མའི་ལེགས་བཤད་ཆུ་བོ་ཀུན་འདུས་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ།  འབྲུག་པ་པད་མ་དཀར་པོའི་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དོན་གཏན་ལ་ཕབ་པའི་བསྟན་བཅོས་འཇམ་དབྱངས་དགོངས་རྒྱན་དང་།  ཚད་མ་སྡེ་བདུན་མདོ་དང་བཅས་པའི་སྤྱི་དོན་རིགས་པའི་སྙིང་པོ།  འཇམ་མགོན་བློ་གཏེར་དབང་པོའི་རིགས་གཏེར་མཆན་འགྲེལ་སྡེ་བདུན་གསལ་བའི་སྒྲོན་མེ། སྡེ་བདུན་སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེ་མིག  འཇུ་མི་ཕམ་པའི་རྣམ་འགྲེལ་འགྲེལ་བ་ལེགས་བཤད་སྣང་བའི་གཏེར།    ཚད་མ་ཀུན་བཏུས་ཀྱི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ།  རིགས་གཏེར་མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན།  གཞན་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ཀྱི་རྣམ་ངེས་འགྲེལ་ཆེན་ཚིག་དོན་རབ་གསལ།  ཚད་མ་རྣམ་ངེས་བསྡུས་པ།  འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་མཐའ་དཔྱོད་དང་སྤྱི་དོན་རིན་ཆེན་སྒྲོན་མེ་སོགས་དང་།   དགེ་ལུགས་པའི་ཕྱོགས་སུ་རྗེ་བླ་མ་ཙོང་ཁ་པའི་ཚད་མའི་ལམ་ཁྲིད་ཅེས་པ་རྣམ་འགྲེལ་ལེའུ་གཉིས་པའི་

བརྗོད་བྱ་རྣམས་ས་བཅུ་ལམ་ལྔ་དང་སྦྱར་པ་དང་།  སྡེ་བདུན་ཡིད་ཀྱི་མུན་སེལ།  མངོན་ལེའུའི་ཊཱིཀྐ  རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ནི་དགེ་ལུགས་པའི་ཚད་མར་སློབ་མཁན་དག་གིས་རང་ལུགས་སུ་འཛིན།  གཞན་རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ།  རིགས་ཐིགས་ཊཱིཀྐ་ལེགས་བཤད་སྙིང་པོའི་གཏེར།  འབྲེལ་བརྟག་རྣམ་བཤད་ཉི་མའི་སྙིང་པོ།  ཚད་མ་མདོའི་རྣམ་བཤད།  རིགས་གཏེར་རྣམ་བཤད་ལེགས་བཤད་སྙིང་པོ།  མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྣམ་འགྲེལ་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། རྗེ་དགེ་འདུན་གྲུབ་པའི་རྣམ་འགྲེལ་འགྲེལ་བ།ཚད་མའི་སྤྱི་དོན་རིགས་རྒྱན།  རྗེ་སྨོན་ལམ་དཔལ་བའི་རྣམ་འགྲེལ་ཊཱིཀྐ  སྨར་ཁམས་གྲགས་པ་བཟང་པོའི་རྣམ་འགྲེལ་སྤྱི་དོན་ལུང་རིགས་སྒྲོན་མེ།  འཇམ་དབྱངས་དགའ་བློའི་རྣམ་འགྲེལ་རིགས་པའི་རྒྱ་མཚོའི་དོན་གསལ།  པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དཀའ་འགྲེལ་དགོངས་པ་རབ་གསལ།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་འགྲེལ་མཐའ་དཔྱོད་སྐལ་བཟང་འཇུག་ངོགས།  བློ་རྟགས་མཐའ་དཔྱོད་གསེར་གྱི་ཕྲེང་བ།  གུང་ཐང་བསྟན་པའི་སྒྲོན་མེའི་རིགས་ལམ་འཕྲུལ་ལྡེ།  དམིགས་བརྟག་འགྲེལ་བ།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་སྡེ་བདུན་སྙིང་ནོར།  བསྟན་དར་ལྷ་རམས་པའི་སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་པའི་གཏམ་རིན་ཆེན་ཐེམ་སྐས།  དམིགས་བརྟག་འགྲེལ་བ་མུ་ཏིག་ཕྲེང་མཛེས།  རྟགས་རིགས་ཟིན་བྲིས་ཉི་མའི་འོད་ཟེར།  གུང་རི་རྒྱལ་མཚན་བཟང་པོའི་ཚད་མའི་བསྟན་བཅོས་མཁས་པ་དགའ་བསྐྱེད།  ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེའི་ཚད་མའི་སྟོང་ཐུན་མཁས་པའི་ཡིད་འཕྲོག  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་འགྲེལ་རྒྱལ་ཚབ་དགོངས་པ་རབ་གསལ།  ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གི་རྣམ་འགྲེལ་སྦྱོར་ཊཱིཀ་མཁས་པའི་མགུལ་རྒྱན།  སྤྱི་དོན་རིགས་རྒྱན་མུན་སེལ།  སངས་རྒྱས་དཔལ་རིན་གྱི་རྣམ་འགྲེལ་སྤྱི་དོན་རིན་ཆེན་གཏེར་མཛོད།  བྱང་སྟོན་བློ་གྲོས་རྒྱ་མཚོའི་རྣམ་འགྲེལ་རྣམ་བཤད་ཊཱིཀ་ཆེན་ལྟ་བའི་མེ་ལོང་།  དྲི་མེད་བཤེས་གཉེན་གྱི་རྣམ་འགྲེལ་ཡིད་བཞིན་ནོར་བུ།  རྟ་ནག་དགེ་འདུན་བློ་བཟང་གི་རྣམ་འགྲེལ་མཐའ་དཔྱོད།  ཤཱནྟི་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་འགྲེལ་ལུང་རིགས་བང་མཛོད།  ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱི་རྣམ་འགྲེལ་བློ་གསལ་མགུལ་རྒྱན།  གྲྭ་ཆུང་ཡོན་ཏན་རྒྱ་མཚོའི་རྣམ་འགྲེལ་ཉི་མའི་འོད་ཟེར།  འོལ་ཁ་རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱི་ཚད་མ་གྲུབ་པའི་ཟུར་རྒྱན་གཞན་ཕན་རྒྱ་མཚོ།དཀའ་ཆེན་བློ་བཟང་བཟོད་པའི་ཚད་མའི་ལམ་རིམ་རྣམ་འགྲེལ་མཛེས་རྒྱན་སྐལ་ལྡན་འཇུག་ངོགས།  དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོའི་ཚད་མའི་དཀའ་གནད་གསལ་བར་བྱེད་པ་དུས་ཀྱི་མེ་ལོང་།  རྗེ་ཡེ་ཤེས་རྒྱ་མཚོའི་གཏན་ཚིགས་རིགས་པའི་སྣང་བ་དང་རྣམ་འགྲེལ་ལེའུ་གཉིས་པའི་འགྲེལ་བ་རིགས་པའི་མེ་ལོང་།       ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་རྣམ་འགྲེལ་གྱི་རྣམ་བཤད་གཟུར་གནས་དགྱེས་པའི་མཆོད་སྤྲིན།  སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་ཚད་མའི་དགོངས་རྒྱན།  དགེ་བཤེས་ཚེ་དབང་གི་སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་སོགས་དང་།བསྡུས་གཞུང་གྲགས་ཆེ་བ་ཡང་།  བཙན་པོ་བསྡུས་གྲྭ།   རྭ་སྟོད་བསྡུས་གྲྭ།  བསེ་བསྡུས་གྲྭ།མཁན་ཆེན་བསྡུས་གྲྭ།  རབ་འབྱམས་པ་བསོད་ནམས་དབང་རྒྱལ་གྱི་བསྡུས་གཞུང་ལེགས་བཤད་ཉི་མའི་འོད་ཟེར།  ཤཱནྟི་བའི་བསྡུས་གྲྭ།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བསྡུས་གྲྭ།  གུ་ཤྲི་བློ་བཟང་ཚེ་འཕེལ་གྱི་བསྡུས་གཞུང་གསུང་རབ་རྒྱ་མཚོའི་འཇུག་ངོགས།  ཡོངས་འཛིན་བསྡུས་གྲྭ།  མགར་རྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོའི་རིགས་ལམ་དཔག་བསམ་མེ་ཏོག  དམུ་དགེ་བསམ་གཏན་གྱི་བློ་གསལ་རིགས་སྒོ་སོགས་ཚད་མའི་སྐོར་གྱི་བསྟན་བཅོས་བགྲང་ལས་འདས་པ་བཞུགས་སོ།  །

              གཉིས་པ།   ཕར་ཕྱིན།

      ༡     འཕགས་ཡུལ་དུ་དར་ཚུལ།

   ཕར་ཕྱིན་གཞུང་གི་བཤད་བྱ་རྩ་བའི་མདོ་ནི།  སྟོན་པས་གསུངས་པའི་འཁོར་ལོ་བར་བ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ།  མདོ་འདིའི་དགོངས་འགྲེལ་ལ་ཤིང་རྟའི་སྲོལ་གཉིས་བྱུང་བ་ལས།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ནི་དབུ་མའི་སྐབས་སུ་འཆད་ཅིང་།ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྗེ་བཙུན་བྱམས་པ་མགོན་པོས་ཇི་ལྟར་བཀྲལ་བའི་ཚུལ་ནི།  ཐུབ་པ་ཆེན་པོ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་དགུ་བརྒྱ་ལོན་པ་ན།  ཐོགས་མེད་སྐུ་མཆེད་འཇིག་རྟེན་དུ་བྱོན་ནས་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་དོན་མཆོག་ཏུ་གྱུར་པ་རྣམས་གདུལ་བྱ་རྣམས་ཀྱིས་རྟོགས་པར་དཀའ་ཞིང་།  རང་ཉིད་ཀྱང་ཐུབ་པའི་གསུང་གི་གསང་བ་ཐམས་ཅད་ལ་ལྐོག་ཏུ་གྱུར་པར་མཁྱེན་ནས།  ཐུབ་པའི་གསུང་གི་གསང་བ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་མངའ་བ་རྒྱལ་ཚབ་ཆེན་པོ་བྱམས་པ་མགོན་པོ་ལོ་བཅུ་གཉིས་ཀྱི་རིང་ལ་བསྒྲུབས་པས་ཞལ་བསྟན་རྗེས་སུ་བཟུང་ནས་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གསན་པ་དང་།  ཕྱི་རབས་གདུལ་བྱ་རྣམས་རྗེས་སུ་བཟུང་ཕྱིར་

བྱམས་ཆོས་སྡེ་ལྔ་སྟེ་མངོན་རྟོགས་རྒྱན།  མདོ་སྡེ་རྒྱན།  ཆོས་ཉིད་རྣམ་འབྱེད།  དབུས་མཐའ་རྣམ་འབྱེད།   རྒྱུད་བླ་མ་ལྔ་པོ་སྐྱེས་སུ་གནང་བ་བཟུང་ནས་མི་ཡུལ་དུ་ཡི་གེར་བཀོད་པ་དང་།  མངོན་རྟོགས་རྒྱན་གྱི་འགྲེལ་བ་དེ་ཉིད་རྣམ་ངེས་དང་།  རྒྱུད་བླའི་འགྲེལ་བ།  མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་བ།  ས་སྡེ་ལྔ།  སྡོམ་རྣམ་གཉིས་སོགས་མཛད་དེ་རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེ།  དེའི་གཅུང་དབྱིག་གཉེན་གྱིས་བརྩམས་པའི་དོགས་པ་ཡོད།ཡུམ་གསུམ་གནོད་འཇོམས་ནི་མདོའི་དགོངས་པ་རྣམ་རིག་ཙམ་དུ་བཀྲལ་བའི་བསྟན་བཅོས་ཡིན་ནོ།  །

        སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེས་ཡུམ་དོན་ངོ་བོ་ཉིད་མེད་པར་སྨྲ་པའི་དབུ་མའི་ཚུལ་དང་མཐུན་པར་རྒྱན་དང་ཉི་ཁྲི་སྦྱར་བའི་འགྲེལ་བ་ཉི་ཁྲི་སྣང་བ་མཛད་པ་དེ་ནི་མདོ་རྒྱན་སྦྱར་བའི་འགྲེལ་བའི་ཐོག་མ་ཡིན་ལ།  དེ་ཕྱིན་ཆད་མདོ་རྒྱན་སྦྱོར་བའི་སྲོལ་བཏོད།  དེའི་སློབ་མ་བཙུན་པ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད།  དེ་ནས་མཆོག་གི་སྡེ།  དུལ་བའི་སྡེ།  ཡང་དག་རྣམ་པར་སྣང་མཛད་སོགས་ཀྱིས་ཀྱང་ཡུམ་རྒྱས་འབྲིང་དང་སྦྱར་པའི་འགྲེལ་བ་ཅི་རིགས་པར་མཛད། སློབ་དཔོན་སེང་གེ་བཟང་པོས་མཁས་པ་སྔ་མ་དག་གིས་ཤེར་ཕྱིན་གྱི་མདོའི་དགོངས་པ་འགྲེལ་ཚུལ་མཐའ་དག་ཐུགས་སུ་ཆུད་ཅིང་།  ཡུམ་བར་མ་རྒྱན་དང་སྦྱར་བ་ཉི་ཁྲི་ལེ་བརྒྱད་མ་དང་།  བརྒྱད་སྟོང་པ་དང་སྦྱར་པ་བརྒྱད་སྟོང་འགྲེལ་ཆེན་རྒྱན་སྣང་།  མདོ་སྡུད་པ་དང་སྦྱར་བ་སྡུད་འགྲེལ་རྟོགས་སླ།  འགྲེལ་བ་དོན་གསལ་སོགས་མཛད།  ཤེར་ཕྱིན་གྱི་གཞུང་གི་དགོངས་པ་དངོས་རྟོགས་པར་དཀའ་བ་སྨོས་ཅི།  འགྲེལ་བ་དོན་གསལ་གྱི་གཞུང་འདིའང་མདོ་རྒྱན་སྦྱར་པའི་འགྲེལ་བ་ཡིན་མིན་དུ་བཞེད་པ་མང་ངོ་།  །འོན་ཀྱང་མདོ་རྒྱན་མ་སྦྱར་པའི་འགྲེལ་བ་ཡིན་པར་གསལ་ལ་འགྲེལ་བ་འདི་ཚིག་ཉུང་ཞིང་དོན་གསལ་བའི་འགྲེལ་བ་ཕུལ་དུ་བྱུང་བ་ཞིག་ཡིན་པས།  ཕྱིས་ཀྱི་ཤེར་ཕྱིན་འཆད་པོ་མཐའ་དག་སློབ་དཔོན་འདིའི་རྗེས་སུ་འབྲངས་ནས་འཆད་པ་དང་ཊཱིཀྐ་བྱེད་མཁན་མང་བར་གྲགས་སོ།  །སློབ་དཔོན་གྱི་དངོས་སློབ་ལས་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་བ་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ་ལ་འཇམ་བཤད་དང་།  ཤེར་འབྱུང་བློ་གྲོས་ཀྱི་མངོན་རྟོགས་རྒྱན་གྱི་འགྲེལ་བའི་བསྡུས་དོན་ལ་རྩུབ་བཤད། གསེར་གླིང་བའི་འགྲེལ་བ་རྟོགས་དཀའི་སྣང་བར་བཏང་སྙོམས་ཀྱི་བཤད་པ་ཞེས་ཡོངས་སུ་གྲགས་ཤིང་།  སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྡུད་འགྲེལ་དང་མངོན་རྟོགས་རྒྱན་གྱི་འགྲེལ་བ་ཤེས་རབ་སྒྲོན་མེའི་ཕྲེང་བ།  སློབ་དཔོན་རིན་འབྱུང་ཞི་བའི་འགྲེལ་བ་དག་ལྡན་ཞེས་བྱ་བ་ཉི་ཁྲི་དང་སྦྱར་བ།  བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག  ཇོ་བོ་རྗེའི་ཤེར་ཕྱིན་དོན་བསྡུས་སྒྲོན་མ།འཇིགས་མེད་འབྱུང་གནས་སྦས་པའི་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་འོད་སོགས་སྤྱིར་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་བར་རྒྱ་འགྲེལ་ཉེར་གཅིག་ཡོད་ཅིང་།  དེ་ལའང་མདོ་རྒྱན་སྦྱར་པའི་འགྲེལ་བ་བཅུ་གཉིས་དང་།  མ་སྦྱར་པའི་འགྲེལ་བ་དགུ་ཡོད་པར་གྲགས་སོ།  །

   གཞན་བྱམས་ཆོས་ཕྱི་མ་བཞིའི་འགྲེལ་བ་ནི་སློབ་དཔོན་ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་བ།  དབྱིག་གཉེན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་བ།  དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་བ།  ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ།  བཙུན་པ་ངོ་བོ་ཉིད་མེད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བ།  སློབ་དཔོན་བློ་གྲོས་བརྟན་པའི་དབུས་མཐའི་འགྲེལ་བཤད།  མདོ་སྡེ་རྒྱན་གྱི་འགྲེལ་བཤད་སོགས་ཤིན་ཏུ་མང་ངོ་།  །

           ༢    བོད་དུ་དར་ཚུལ།

   གངས་ཅན་གྱི་ལྗོངས་འདིར་འཁོར་ལོ་བར་བ་ཤེར་ཕྱིན་གྱི་སྐོར་འཕགས་ཡུལ་ན་གང་བཞུགས་ཐམས་ཅད་བྱོན་པར་གྲགས།  བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར།   རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་རང་གི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིག་དམར་པོར་གྲགས་པ་བླ་འགྱུར་ཆུང་ངུ་།  ཡང་དབས་མཉྫི་ཤྲི།  ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་དཔེ་བླངས་ཏེ་བསྒྱུར་པ་།བཙན་པོའི་དབུ་སྐྲའི་གཞོབ་རམ་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིག་སྔོན་པོར་གྲགས་པ་པོད་བཞི་མ་ཞིག་ཀྱང་ཡོད་པར་གྲགས།  རེག་ཟིག་དམར་སྔོ་གཉིས་ན་འགྲེས་རྐང་ཐམས་ཅད་མི་རྒྱས་པས་བཻ་རོ་ཙ་ནས་སླར་ཡང་ཞུ་ཆེན་མཛད་ནས་འགྲེས་རྐང་ཆད་པ་རྣམས་བསབས།  ཚིག་སྣ་བསྲིངས་ཏེ་བརྗོད་བདེ་བར་བསྒྱུར།   འདི་དུས་ལོ་ཙཱ་བ་ཉིད་ཀྱིས་ཕྱག་བྲིས་མཛད་དེ་བཞུགས་སྣོད་ལས་འབྲམ་ཤ་སྒྲོ་ཅན་དུ་གྲགས་པ་མཆིམས་ཕུ་ན་ཡོད་པ་བླ་འགྱུར་འབྲིང་པོ།  ཁྲི་རལ་གྱི་དུས་སུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་སློབ་དཔོན་སེང་གེ་བཟང་པོའི་རྒྱན་འགྲེལ་བམ་པོ་ལྔ་པ་དང་།  བུད་དྷ་ཤྲཱིཛྙ་ནས་མཛད་པའི་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ།  ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་འབུམ་དང་ཉི་ཁྲི་ལྔ་སྟོང་།  ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉེར་བདུན་པ།  རྡོར་གཅོད་དབུ་མར་བཀྲལ་བ།  ལོ་ཙཱ་བ་ཡེ་ཤེས་སྙིང་པོས་ཤེར་སྙིང་རྒྱ་ཆེར་བཤད་པ་དོན་བརྒྱད་མ་སོགས་གླེགས་བམ་འགའ་རེ་བསྒྱུར་ཏེ་འཆད་ཉན་གནང་ན་ཡང་རྐང་ཚུགས་པ་ཞིག་མ་བྱུང་སྟབས་འདིའི་རྒྱུད་འཛིན་བོད་དབུས་གཙང་མདོ་སྨད་བཅས་སུ་མ་བྱུང་བར་མངོན་ནོ། །

       བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོ་འཕགས་ཡུལ་དུ་བྱོན་དེ།  པཎ་ཊི་ཏ་ཛི་ན་མི་ཏྲ་ལས་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པ་གསན་ནས་བཤད་སྲོལ་གྱི་སྒོ་ཐོག་མར་བཏོད།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་ཁུ་ཆེན་པོ་ལྷ་སྡིངས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ལ་ཕར་ཕྱིན་བཤད་པ་ལེགས་པར་བསྩལ།  ཇོ་བོ་རྗེ་དང་ལོ་ཆེན་རིན་བཟང་གཉིས་ཀྱིས་འགྲེལ་བཤད་རྟོགས་དཀའི་སྣང་བ་བསྒྱུར་པ་དང་།  བརྒྱད་སྟོང་པ་དང་།  ཉི་སྣང་།  བརྒྱད་སྟོང་འགྲེལ་ཆེན་སོགས་སྔར་བསྒྱུར་པ་མང་པོ་ལ་ཞུ་དག་མཛད།  འབྲོམ་སྟོན་གྱིས་འབྲོམ་སྟོང་བཙན་ནམ་མགོ་བླ་མ་ལ་བཤད་པ་སོགས་ཀྱིས་བཤད་སྲོལ་ཆེ་བ་ཞིག་བྱུང་།  ཡང་ཇོ་བོས་ཕྱག་དར་སྟོན་པ་ལ་བཤད་པའི་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་ཡང་དར་རོ།   །

     རྔོག་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་དུ་པཎ་ཊི་ཏ་བསྟན་སྐྱོང་ངམ་འབུམ་ཕྲག་གསུམ་པ་ལས་ཤེར་ཕྱོགས་ཀྱི་གཞུང་ལུགས་མཐའ་དག་གསན།  གཞན་ཡང་མཁས་གྲུབ་དུ་མ་ལས་མདོ་རྒྱུད་ཡོངས་སུ་རྫོགས་པ་ཞུས།བལ་ཡུལ་ཕམ་མཐིང་གི་གཙུག་ལག་ཁང་ན་བཞུགས་པའི་འབུམ་ལས་ཏིང་ངེ་འཛིན་གྱི་མིང་ཆད་པ་བསབས་པ་སོགས་འགྱུར་བཅོས་དང་། མངོན་རྟོགས་རྒྱན་རྩ་འགྲེལ་འགའ་ཞིག་ཀྱང་འགྱུར་བཅོས་དང་གསར་འགྱུར་ཅི་རིགས་པར་མཛད།  དེ་དག་གི་བཤད་པའང་དཔྱིས་ཕྱིན་པར་གཏན་ལ་ཕབ་པ་དང་།ཕར་ཕྱིན་འགྲེལ་བ་ཆེ་ཆུང་སོགས་མཛད་དེ་དར་རྒྱས་མཛད། འགྲེལ་བ་དེ་ནི་བོད་ཀྱི་ཕར་ཕྱིན་འགྲེལ་བ་རྣམས་ཀྱི་ཐོག་མ་ཡིན་པར་བཤད་དོ། །ལོ་ཙཱ་བའི་སློབ་མ་འབྲེ་ཤེས་རབ་འབར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད་དེ་ལོ་ཆེན་གྱི་བཤད་རྒྱུན་བསྐྱངས། དེའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་རྣམ་པར་བཤད་པ་མང་དུ་མཛད་དེ་འཆད་ཉན་རྒྱ་ཆེར་སྤེལ།  དེའི་སློབ་མ་ཁུ་ཤེར་བརྩོན་གྱིས་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་

པའི་ཊཱིཀྐ་ཆེ་འབྲིང་ཆུང་གསུམ་བཅས་བརྩམས།  སྐར་ཆུང་རིང་མོར་གྲགས་པ་གཞོན་ནུ་ཚུལ་ཁྲིམས་ཀྱིས་མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པ་དང་སྡུད་པ་ལ་སོགས་པའི་ཊཱིཀྐ་མང་དུ་མཛད།  ཁུ་དང་སྐར་ཆུང་གཉིས་ཀྱི་སློབ་མ་ཞང་ཡེ་བ་སྨོན་ལམ་ཚུལ་ཁྲིམས་ཀྱིས་འགྲེལ་བ་དོན་གསལ་དང་རྣམ་ངེས་ཊཱིཀ་ཆེན་བརྩམས།  དེའི་སློབ་མ་དབང་ཕྱུག་རྒྱལ་པོས་ཕར་ཕྱིན་གྱི་ཊཱིཀྐ་ཤིན་ཏུ་རྒྱས་པ་ཞིག་མཛད།  ཡང་ལོ་ཙཱ་བའི་ཐུགས་སྲས་གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱིས་ལོ་ཙཱ་བ་ཆེན་པོའི་གསུང་མཐའ་དག་ལ་གཅེས་སྤྲས་སུ་བཟུང་ནས་སྔགས་མཚན་ཉིད་ཀྱི་བཤད་པའི་འགྲེལ་བ་མང་དུ་མཛད་པ་དང་།  ཁྱད་པར་དུ་ལོ་ཙཱ་བའི་འགྲེལ་ཆུང་གི་ཊཱིཀྐ་ལ་བརྟེན་ནས་རྣམ་པར་བཤད་པའང་བརྩམས།  དེའི་སློབ་མ་ཆ་བ་ཆོས་ཀྱི་སེང་གེས་ལོ་ཆེན་གྱི་འགྲེལ་ཆུང་ལ་ཊཱིཀྐ་ཆེན་མོ་དང་།  བྱམས་ཆོས་ཕྱི་མ་བཞི་སོགས་ལ་འགྲེལ་བ་མང་དུ་མཛད།  ཞང་ཚེ་སྤོང་བ་ཆོས་ཀྱི་བླ་མས་ཀྱང་ཕར་ཕྱིན་གྱི་ཊཱིཀྐ་འགའ་བརྩམས་པ་སོགས་མང་ལ།  གཞན་གཙང་ནག་པ་བརྩོན་འགྲུས་སེང་གེ   རྨ་བྱ་བྱང་ཆུབ་བརྩོན་འགྲུས།  བར་ཕུ་བ།  གཉལ་ཞིག་པ།  བཟང་རིངས་པ།  ཕུ་ཐང་དར་དཀོན།  ས་པན།  འུ་ཡུག་པ་སོགས་ཀྱིས་ཀྱང་ཕར་ཕྱིན་སྐོར་གྱི་འཆད་ཉན་དང་འགྲེལ་བ་མང་དུ་མཛད་པ་དང་།  ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བའི་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ།  བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱི་ཕར་ཕྱིན་ཊཱིཀྐ  འཇམ་དབྱངས་གསར་མའི་ཕར་ཕྱིན་ཊཱིཀྐ  བཅོམ་ལྡན་རིགས་པའི་རལ་གྲིའི་ཕར་ཕྱིན་ཊཱིཀྐ་སོགས་དང་།  བུ་སྟོན་ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལས་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་བས་གསན་ཅིང་།  ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་བསམ་འཕེལ་དབང་གི་རྒྱལ་པོ་སོགས་ཆེ་འབྲིང་ཆུང་གསུམ་དང་།  དེའི་ཐུགས་སྲས་རོང་སྟོན་སྨྲ་བའི་སེང་གེས་འགྲེལ་བ་དོན་གསལ་གྱི་ཊཱིཀྐ་དང་འབུམ་ཊཱིཀ་ཆེན་མོ་སོགས་མཛད་ཅིང་འཆད་ཉན་དར་རྒྱས་མཛད།  ཡབ་སྲས་དེ་གཉིས་ཀྱི་བཤད་པའི་ཆུ་རྒྱུན་མ་ཉམས་པར་རྒྱུན་རིང་གནས་སོ།  །རྗེ་ཉ་དབོན་ཀུན་དགའ་དཔལ་བས་མངོན་རྟོགས་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་དང་།  རྗེ་བཙུན་རེད་མདའ་བས་མངོན་རྟོགས་རྒྱན་གྱི་ཊཱིཀྐ་ཉི་མའི་འོད་ཟེར་སོགས་མང་དུ་མཛད་དེ་རྒྱ་ཆེར་སྤེལ་ལོ།   །

   རྒྱལ་བ་ཙོང་ཁ་པས་བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ཞེས་གྲགས་པའི་དགེ་བཤེས་ཆེན་པོ་བྱམས་ཆོས་ལ་ཤིན་ཏུ་མཁས་པ་དེ་ལས་མདོ་སྡེ་རྒྱན་སོགས་བྱམས་ཆོས་རྣམས་ལེགས་པར་གསན་ཅིང་ཐུགས་སུ་ཆུད་པར་མཛད་ཅིང་།  རྗེ་བཙུན་རེད་མདའ་བ་དང་ཉ་དབོན་ཀུན་དགའ་དཔལ་བ་སོགས་ཀྱི་སྤྱན་སྔར་ཡང་ཕར་ཕྱིན་གྱི་བཤད་པ་རྒྱས་པར་གསན་ཏེ་ཚལ་གུང་ཐང་དུ་ཕར་ཕྱིན་འགྲེལ་བཤད་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མཛད་པས་གངས་ཅན་མཁས་པ་ཀུན་གྱི་ཡིད་འཕྲོག་པར་གྱུར་ཏེ་བསྟོད་བསྔགས་མང་དུ་མཛད་པ་དང་།  ཐུགས་སྲས་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་པོ་རྒྱན།  མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་བཤད་རྟོགས་དཀའི་སྣང་བ།   ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ཆེན་མོ།  སྐབས་བརྒྱད་པའི་མཐའ་དཔྱོད་བསམ་འཕེལ་ཡིད་བཞིན་ནོར་འཕྲེང་།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་སྤྱི་དོན་ལེགས་བཤད་སྐལ་བཟང་ཀླུ་དབང་བྱེ་བའི་རོལ་མཚོ།  མཐའ་དཔྱོད་ལེགས་བཤད་གསེར་ཕྲེང་མཁས་པའི་མགུལ་རྒྱན།  པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ།  མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ།  རྒྱལ་དབང་ལྔ་པའི་ཕར་ཕྱིན་མཐའ་དཔྱོད་བློ་བཟང་དགོངས་རྒྱན།  གུང་རུ་ཆོས་འབྱུང་བའི་ཕར་ཕྱིན་ལུང་རིགས་གཏེར་མཛོད།  ཤནྟི་བ་བློ་གྲོས་རྒྱལ་མཚན་གྱི་ཤེར་ཕྱིན་དོན་གསལ།  མཁས་གྲུབ་བསྟན་པ་དར་རྒྱས་ཀྱི་ཕར་ཕྱིན་སྤྱི་དོན་རྣམ་བཤད་སྙིང་པོ་རྒྱན་གྱི་སྣང་བ་དང་མཐའ་དཔྱོད་ལེགས་བཤད་པདྨ་དཀར་པོའི་ཕྲེང་བ།   རྩ་ཊཱིཀ་ཆེན་མོ།  གཙང་སྟོན་བྱམས་པ་བཀྲ་ཤིས་ཀྱི་ཕར་ཕྱིན་མཐའ་དཔྱོད་བློ་གསལ་ཡིད་ཀྱི་མཛེས་རྒྱན།  ཀུན་མཁྱེན་ཆོས་འབྱོར་བཟང་པོའི་རྒྱན་འགྲེལ་བསམ་འཕེལ་དབང་རྒྱལ།  ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱི་མཐའ་དཔྱོད་རྒོལ་ངན་བྲག་རི་འཇོམས་པའི་གནམ་ལྕགས།   གྲྭ་ཆུང་ཡོན་ཏན་རྒྱ་མཚོའི་ཕར་ཕྱིན་ལུང་གི་རྒྱ་མཚོ།  གསེར་བསམ་སྨོན་རམས་པ་བསྟན་འཛིན་གྲགས་པའི་རྒྱན་འགྲེལ་ཀུན་གསལ་མེ་ལོང་།  ལ་མོའི་ཁྲི་ཆེན་བློ་བཟང་བསྟན་པའི་ཉི་མའི་མཐའ་དཔྱོད་མཁས་པའི་མགུལ་རྒྱན།  དཔལ་ལྡན་ཆོས་རྗེའི་ཕར་ཕྱིན་ཟུར་མཆན་ཡུམ་དོན་རབ་གསལ་སྒྲོན་མེ།  ཚིག་འགྲེལ་བྱམས་མགོན་ཞལ་ལུང་།  སྒོ་བློ་དབུ་ཕར་ཡིག་ཆའི་འགལ་འདོད་བློ་གསལ་དགའ་སྟོན།  ལྷ་རམས་པ་སྐལ་བཟང་ལྷ་དབང་གི་རྒྱན་འགྲེལ་ཡུམ་དོན་གསལ་བ།  བློ་གྲོས་ལེགས་འཕེལ་གྱི་མཐའ་དཔྱོད་ནོར་ཕྲེང་སྐལ་བཟང་མགུལ་རྒྱན།  ཨ་བག་དཔལ་ལྡན་བཟང་པོའི་གསེར་ཕྲེང་གི་མཆན་འགྲེལ་ལེགས་བཤད་ནོར་བུའི་ཆུན་པོ། བིས་པ་འཇམ་དབྱངས་གྲགས་པའི་གསེར་ཕྲེང་གི་མཆན།རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་རྗེ་ཡབ་སྲས་ཀྱི་ཕར་ཕྱིན་བཞེད་མཚམས་དགོངས་མཛོད་འབྱེད་པའི་ལྡེ་མིག སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཀྱི་སྡོམ་ཚིག་སྦས་དོན་གཏམ་གྱི་སྙིང་པོ།  དེའི་ཟུར་རྒྱན་དོགས་སློང་མཛུབ་མོ་རི་སྟོན་འཕྲོ་ཅན།  ལྷ་རམས་པ་ཡེ་ཤེས་རྒྱ་མཚོའི་གསེར་ཕྲེང་སྡོམ་ཚིག  ཀུན་དགའ་རིན་ཆེན་གྱི་ཕར་ཕྱིན་སྤྱི་མཐའ།  རྗེ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱི་སྒོ་མང་ཕར་ཕྱིན་གྱི་མཆན་འགྲེལ་བཞད་པའི་དགོངས་རྒྱན།  ཀུན་མཁྱེན་འཇིགས་མེད་དབང་པོའི་སྐབས་བརྒྱད་པའི་མཐའ་དཔྱོད་མདོར་བསྡུས། གུང་ཐང་བསྟན་པའི་སྒྲོན་མེའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ།  སྐབས་བཞི་པའི་བསྡུས་དོན།   སྡུད་པའི་མཆན།  འགྲེལ་བའི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ཕར་ཕྱིན་ཊཱིཀྐ་དང་།  སྤྱི་དོན་དང་མཐའ་དཔྱོད་ཟུང་འབྲེལ།  ཧལ་ཧ་བསྟན་པའི་སྒྲོན་མེའི་སྒོ་མང་ཕར་ཕྱིན་མཆན་འགྲེལ་གསེར་གྱི་ལྡེ་མིག  བྱམས་ཆེན་རབ་འབྱམས་པའི་རྒྱན་གྱི་སྤྱི་དོན་རྣམ་བཤད་རྒྱས་པ།  ཆ་ཧར་དགེ་བཤེས་ཀྱི་རྒྱན་འགྲེལ་དངོས་གྲུབ་འབྱུང་གནས།  རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་ཀུན་བཟང་ཞིང་གི་ཉི་མ་ཐར་འདོད་མུན་སེལ།  ཕར་ཕྱིན་མཐའ་དཔྱོད་སྐལ་བཟང་འཇུག་ངོགས།  སྐབས་བཞི་པའི་བསྡུས་དོན་གྱི་འགྲེལ་བ་སྐལ་བཟང་རེ་སྐོང་། ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཕར་ཕྱིན་ཟིན་བྲིས་སྣ་ཚོགས།  བསེ་ངག་དབང་བཀྲ་ཤིས་ཀྱི་

ཕར་ཕྱིན་ཟིན་བྲིས།  སྡེ་བ་འཇམ་དབྱངས་ཐུབ་བསྟན་ཉི་མའི་འགྲེལ་བ་དོན་གསལ་གྱི་བསྡུས་དོན་སྣང་བའི་ཉི་མ།  ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པའི་སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཀྱི་མཆོད་བརྗོད་སོགས་ཀྱི་འགྲེལ་བ།  བློ་ཆེན་མཁན་པོ་བློ་བཟང་རྡོ་རྗེའི་རྒྱན་གྱི་དོན་གསལ་བར་བྱེད་པ་བློ་བཟང་རྒྱལ་བའི་དགོངས་རྒྱན།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མངོན་རྟོགས་རྒྱན་གྱི་བསྡུས་དོན་ཤེར་ཕྱིན་མཛོད་སྒོ་འབྱེད་པའི་ལྡེ་མིག  དམུ་དགེ་བསམ་གཏན་གྱི་སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཀྱི་སྙན་ངག་གི་འབྲུ་འགྲེལ།ལྡེ་ཚའི་ཡེ་ཤེས་རྒྱ་མཚོའི་རྒྱན་འགྲེལ་ཚིག་དོན་གསལ་བའི་ཉི་མ།  ཕར་ཕྱིན་རྒྱ་མཚོའི་འཇུག་ངོགས་སོགས།རྗེ་དགེ་འདུན་རྒྱ་མཚོའི་མངོན་རྟོགས་རྒྱན་གྱི་ཚིག་འགྲེལ།  རྗེ་འཇམ་དབྱངས་རྒྱ་མཚོའི་ཕར་ཕྱིན་དོགས་དཔྱོད་བླ་མའི་གསུང་རྒྱུན་བདུད་རྩིའི་ཐིགས་པ་སོགས་ཤིན་ཏུ་མང་ངོ་།   །

   གྲུབ་མཐའ་གཞན་པའི་ཕྱོགས་སུ་འགོས་ལོ་གཞོན་ནུ་དཔལ་གྱི་རྒྱན་འགྲེལ་དཔག་བསམ་སྙེ་མ།  གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་ཤེར་ཕྱིན་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་དཀའ་གནས་རྣམ་པར་བཤད་པ་ཡུམ་དོན་རབ་གསལ་དང་།  རྒྱན་གྱི་གཞུང་སྔ་ཕྱིའི་འབྲེལ་བ་དང་དཀའ་གནས་ལ་དཔྱད་པ་སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད།  རྒྱན་གྱི་མཚོན་བྱེད་ཆོས་རྣམས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྦས་དོན་རབ་གསལ་བཅས་དང་།  འཇམ་དབྱངས་བློ་གཏེར་དབང་བོའི་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་ཡུམ་དོན་གསལ་བའི་སྒྲོན་མེ།  བྱམས་པ་ཕུན་ཚོགས་ཀྱི་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་བློ་གསལ་སྙིང་གི་ནོར་བུ།  འཇུ་མི་ཕམ་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་དང་།  མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎ་ཊ་རི་ཀའི་དོ་ཤལ།  རྒྱུད་བླ་མའི་མཆན་འགྲེལ་མི་ཕམ་ཞལ་ལུང་།  ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་ཡེ་ཤེས་སྣང་བ་རྣམ་འབྱེད།  དབུས་མཐའི་འགྲེལ་བ་འོད་ཟེར་ཕྲེང་བ།  རྫ་དཔལ་སྤྲུལ་གྱི་མངོན་རྟོགས་རྒྱན་གྱི་གསེར་ཕྲེངསྤྱི་དོན་དང་འབྲུ་འགྲེལ།  ས་བཅད་དང་། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་རྒྱན་འགྲེལ་ཡུམ་དོན་གསལ་བའི་མེ་ལོང་སོགས་ཤིན་ཏུ་མང་ངོ་།  །  

  ཕར་ཕྱིན་ནི་གཞུང་ཤིན་ཏུ་རྒྱ་ཆེ་བས་ཆོས་གྲྭ་སོགས་སུ་གཞུང་གསར་འཛིན་གྲྭ་ཞེས་ཐོག་མར་ས་ལམ་དང་གྲུབ་མཐའ།  དོན་བདུན་ཅུར་སྦྱངས་པ་དང་།  དེ་ནས་ཕར་ཕྱིན་ཟུར་བཀོལ་བཞི་དང་བཅས་པར་སྦྱངས་སྲོལ་ཡོད་པས་དེ་དག་གི་ཡིག་ཆ་གྲགས་ཆེ་བ་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བ་དང་རང་འགྲེལ་ཀུན་བཟང་ཞིང་གི་ཉི་མ་དང་།  དོན་བདུན་ཅུའི་རྣམ་གཞག་མི་ཕམ་བླ་མའི་ཞལ་ལུང་།  ཀུན་མཁྱེན་འཇིགས་མེད་དབང་པོའི་ས་ལམ་ཐེག་གསུམ་མཛེས་རྒྱན།  གྲུབ་མཐའ་རིན་ཆེན་ཕྲེང་བ།   བསམ་སྒང་བའི་དོན་བདུན་ཅུའི་རྣམ་གཞག   རྗེ་ཤེས་རབ་རྒྱ་མཚོའི་དོན་བདུན་ཅུའི་བརྗེད་བྱང་།  ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན།  ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་དོན་བདུན་ཅུའི་དོགས་དཔྱོད་ལུང་རིགས་སྒྲོན་མེ།   གྲུབ་མཐའི་དོགས་དཔྱོད་ལུང་རིགས་རིན་ཆེན་གཏེར་མཛོད།  མཛོད་དགེ་བློ་བཟང་དཀོན་མཆོག་གི་གྲུབ་མཐའ་རྩ་བའི་ཚིག་ཊཱིཀ་ཤེལ་དཀར་མེ་ལོང་།  རྒྱལ་བ་དགེ་འདུན་རྒྱ་མཚོའི་གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས།   ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་གྱི་མེ་ལོང་།  སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་རྩ་འགྲེལ་ལེགས་བཤད་རྒྱ་མཚོ།  ལྷ་མོའི་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེའི་གྲུབ་མཐའ་ནོར་བུའི་ཕྲེང་བ།   དཔལ་ལྡན་ཆོས་རྗེའི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་དཀའ་གནད་མདུད་འགྲོལ།   རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གྲུབ་མཐའི་རྣམ་གཞག་གསལ་བའི་མེ་ལོང་།  རབ་འབྱམས་སྨྲ་བ་བློ་བཟང་འཕྲིན་ལས་ཀྱི་དོན་བདུན་ཅུའི་རྣམ་གཞག་ལེགས་བཤད་སྒྲོན་མེ།རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙིང་པོ།   རྒྱལ་བ་དགེ་འདུན་རྒྱ་མཚོའི་དྲང་ངེས་དཀའ་འགྲེལ་དགོངས་དོན་གསལ་བྱེད་སྒྲོན་མེ།  ཀུན་མཁྱེན་བླ་མའི་དྲང་ངེས་མཐའ་དཔྱོད་རྒྱས་པ་བཻ་ཌྰུར་དཀར་པོའི་གན་མཛོད།མཐའ་དཔྱོད་བསྡུས་པ་བློ་གསལ་མགྲིན་རྒྱན།   གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་འགྲེལ་རྣམ་རིག་གཞུང་བརྒྱའི་སྣང་བ།   དྲང་ངེས་དཀའ་འགྲེལ་ལེགས་བཤད་སྙིང་པོའི་ཡང་སྙིང་།  དབལ་མང་པཎཊི་ཏའི་དྲང་ངེས་ཟིན་བྲིས་ཆུ་རྒྱུན་དག་བྱེད་མཆོད་ཡོན།  གུང་རི་ཆོས་འབྱུང་བའི་དྲང་ངེས་མཐའ་དཔྱོད་པད་དཀར་ཕྲེང་བ།  སེ་ར་རྗེ་བཙུན་པའི་དྲང་ངེས་སྤྱི་དོན་རྒོལ་ངན་ཚར་གཅོད་རིན་ཆེན་ཕྲེང་བ་དང་མཐའ་དཔྱོད།  པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དྲང་ངེས་དཀའ་འགྲེལ་ལེགས་བཤད་སྙིང་པོའི་དགོངས་རྒྱན།   པཎ་ཆེན་བསོད་ནམས་གྲགས་པའི་དྲང་ངེས་མཐའ་དཔྱོད་ཨུཏྤལའི་ཕྲེང་བ།  མཁས་གྲུབ་བསྟན་དར་བའི་དྲང་ངེས་སྤྱི་དོན་པད་དཀར་ཕྲེང་བ་དང་མཐའ་དཔྱོད།  སྡོམ་ཚིག་བློ་གསལ་གཞོན་ནུའི་མགུལ་རྒྱན།   གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲང་ངེས་དཀའ་འགྲེལ་བསྟན་པའི་སྒྲོན་མེ།  གུང་ཐང་བློ་གྲོས་རྒྱ་མཚོའི་ལེགས་བཤད་སྙིང་པོའི་དཀའ་འགྲེལ་རིན་ཆེན་སྒྲོན་མེ།  པྲ་ཏི་བློ་བཟང་དགེ་ལེགས་ཀྱི་ལེགས་བཤད་སྙིང་པོའི་དགོངས་དོན་གསལ་བར་བྱེད་པའི་མེ་ལོང་།    པཎ་ཆེན་བདེ་ལེགས་ཉི་མའི་དྲང་ངེས་མཐའ་དཔྱོད།   རྗེ་དྲུང་ཤེས་རབ་དབང་པོའི་དྲང་ངེས་དཀའ་འགྲེལ་སྐལ་བཟང་མགུལ་རྒྱན།  བློ་བཟང་འཕྲིན་ལས་ཡེ་ཤེས་ཀྱི་དྲང་ངེས་དོན་བསྡུས་བློ་གསལ་གཞོན་ནུའི་མགུལ་རྒྱན།   བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲང་ངེས་ཟིན་བྲིས་བདུད་རྩིའི་ཟེགས་མ།   རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་འགྲེལ་ཆེན་ལེགས་བཤད་སྙིང་པོའི་འཇུག་ངོགས་དང་བསྡུས་དོན།   རྗེ་བླ་མའི་བསམ་གཟུགས་ཟིན་བྲིས།  ཀུན་མཁྱེན་བླ་མའི་བསམ་གཟུགས་མཐའ་དཔྱོད་ཆེན་མོ་ཐུབ་བསྟན་མཛེས་རྒྱན།  འབེལ་གཏམ་ཙིནྟ་མ་ཎིའི་ཕྲེང་མཛེས།  ཀུན་མཁྱེན་འཇིགས་མེད་དབང་པོའི་བསམ་གཟུགས་ལེགས་བཤད་བུམ་བཟང་།   བསེ་ངག་དབང་བཀྲ་ཤིས་ཀྱི་བསམ་གཟུགས་མཐའ་དཔྱོད་ལེགས་བཤད་མཛོད་ཀྱི་སྒོ་འབྱེད།གུང་རུ་ཆོས་འབྱུང་བའི་བསམ་གཟུགས་མཁས་པའི་མགུལ་རྒྱན།  མཁས་གྲུབ་བསྟན་དར་བའི་བསམ་གཟུགས་སྤྱི་དོན་པད་དཀར་ཕྲེང་བ་དང་མཐའ་དཔྱོད།  ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱི་བསམ་གཟུགས།

རྗེ་བཙུན་པའི་བསམ་གཟུགས་སྤྱི་མཐའ།  ཀུན་མཁྱེན་བླ་མའི་རྟེན་འབྲེལ་མཐའ་དཔྱོད་ལུང་རིགས་གཏེར་མཛོད།  བསེ་ངག་དབང་བཀྲ་ཤིས་ཀྱི་རྟེན་འབྲེལ་མཐའ་དཔྱོད་ལེགས་བཤད་རྒྱ་མཚོ།  གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྟེན་འབྲེལ་ལུང་རིགས་བང་མཛོད།  སྒོ་མང་དམ་ཆོས་པའི་རྟེན་འབྲེལ་སྤྱི་དོན་མཐའ་དཔྱོད་དང་བཅས་པ་ལུང་རིགས་འོད་འབར་ནོར་བུའི་ཕྲེང་བ།  མཁས་གྲུབ་བསྟན་དར་པའི་རྟེན་འབྲེལ་སྤྱི་དོན་ལེགས་བཤད་སྙིང་པོ་པད་དཀར་ཕྲེང་བ་དང་མཐའ་དཔྱོད།  གུང་རུ་ཆོས་འབྱུང་བའི་རྟེན་འབྲེལ་རིན་ཆེན་ཕྲེང་བ།   ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་ཀྱི་རྟེན་འབྲེལ་མཁས་པ་དགྱེས་པའི་འཛུམ་ཞལ།རྗེ་བླ་མའི་དགེ་འདུན་ཉི་ཤུའི་རྣམ་གཞག་བློ་གསལ་བགྲོད་པའི་ཐེམ་སྐས།  མཁས་གྲུབ་བསྟན་དར་བའི་དགེ་འདུན་ཉི་ཤུའི་སྤྱི་དོན་པད་དཀར་ཕྲེང་བ་དང་མཐའ་དཔྱོད།  བསེ་ངག་དབང་བཀྲ་ཤིས་ཀྱི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་སྐལ་བཟང་འཇུག་ངོགས་རྒྱས་བསྡུས།  རྗེ་བཙུན་པའི་དགེ་འདུན་ཉི་ཤུའི་མཐའ་དཔྱོད་མཁས་པའི་མགུལ་རྒྱན།   གུང་རུ་ཆོས་འབྱུང་བའི་དགེ་འདུན་ཉི་ཤུའི་རྣམ་གཞག་བློ་གསལ་བུང་བའི་དགའ་སྟོན།  ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མའི་དགེ་འདུན་ཉི་ཤུའི་རྣམ་གཞག་ཚིག་ཉུང་གོ་བདེ་དོན་གསལ་ནོར་བུའི་མེ་ལོང་།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ཕར་ཕྱིན་ཟུར་བཀོལ་བཞིའི་སྤྱི་དོན་སོགས་མང་ངོ་།   །

གཞན་བྱམས་ཆོས་ཕྱི་མ་བཞིའི་འགྲེལ་བ་གྲགས་ཆེ་བ་ནི།  རྒྱལ་སྲས་ཐོགས་མེད་བཟང་པོའི་མདོ་སྡེ་རྒྱན་གྱི་འགྲེལ་བ་རིན་པོ་ཆེའི་ཕྲེང་བ།   རོང་སྟོན་སྨྲ་བའི་སེང་གེའི་རྒྱུད་བླའི་འགྲེལ་བ་ངེས་དོན་གསལ་བྱེད་འོད་ཟེར།   ཆོས་ཉིད་རྣམ་འབྱེད་ཀྱི་རྣམ་བཤད་ལེགས་འདོམས་ལྷའི་རྔ་བོ་ཆེ།  དབུས་མཐའི་རྣམ་བཤད་མི་ཕམ་དགོངས་རྒྱན།   དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་བ་ཐུབ་བསྟན་རྒྱས་པའི་མེ་ཏོག   འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་རྒྱུད་བླའི་འགྲེལ་བ་དྲི་མེད་པད་དཀར་དགའ་ཚལ།   རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་མདོ་སྡེ་རྒྱན་གྱི་མཆན་འགྲེལ་ལུང་གི་སྒོ་བརྒྱ་འབྱེད་པའི་ལྡེ་མིག    གུང་རུ་རྒྱལ་མཚན་བཟང་པོའི་མདོ་སྡེ་རྒྱན་གྱི་རྣམ་པར་བཤད་པ།  འཇམ་དབྱངས་དགའ་བློའི་མདོ་སྡེ་རྒྱན་གྱི་གཞུང་འགྲེལ་ཀུན་བཟང་མཆོད་སྤྲིན།   རྗེ་རེད་མདའ་བའི་རྒྱུད་བླའི་འགྲེལ་བ་དགོངས་ཟབ་སྣང་བ།   ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་རྒྱུད་བླའི་རྣམ་བཤད།  འགོས་ལོ་གཞོན་ནུ་དཔལ་བའི་རྒྱུད་བླའི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་།   ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་རྒྱུད་བླའི་འགྲེལ་ཆེན་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་གསལ་བར་བྱེད་པ།  རྒྱལ་ཚབ་ཀྱི་རྒྱུད་བླའི་ཊཱིཀྐ   ཁྲི་རྒྱ་ནག་པའི་དབུས་མཐའི་འགྲེལ་བ་མི་ཕམ་དགོངས་ཟབ་གསལ་བའི་ལེགས་བཤད་སྒྲོན་མེ།   ས་བཟང་པཎ་ཆེན་གྱི་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ།   བསེ་ངག་དབང་བཀྲ་ཤིས་ཀྱི་མདོ་སྡེ་རྒྱན་གྱི་ཟིན་བྲིས་ཐེག་མཆོག་གསལ་བའི་ཉི་མ།  དམུ་དགེ་བསམ་གཏན་གྱི་རྒྱུད་བླ་མའི་འགྲེལ་བ་ཐུབ་བསྟན་ཡར་རྒྱས་སོགས་ཤིན་ཏུ་མང་ངོ་།    །

          གསུམ་པ།    དབུ་མ།

          ༡    འཕགས་་ཡུལ་དུ་དར་ཚུལ།

དབུ་མའི་གཞུང་གི་བཤད་བྱ་རྩ་བའི་མདོ་ནི།  ཤེར་ཕྱིན་གྱི་སྡེ་སྣོད་རིན་པོ་ཆེ་ཡིན་ལ།  མདོ་འདིའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་གཉིས་ཏེ།  མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་དང་།  རྗེ་བཙུན་བྱམས་པ་མགོན་པོས་ཇི་ལྟར་བཀྲལ་བའི་ཚུལ་གཉིས་ལས།  རྗེ་བཙུན་བྱམས་པ་མགོན་པོས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་བཀྲལ་བའི་ཚུལ་ནི་ཕར་ཕྱིན་གྱི་སྐབས་སུ་བཤད་ཟིན་ལ།  མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཇི་ལྟར་བཀྲལ་བའི་ཚུལ་ནི།  རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ནས།  ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པའི་གཞུང་རིགས་ཚོགས་དྲུག་དང་།  དེ་ཁོ་ན་ཉིད་ལུང་གི་སྒོ་ནས་གཏན་ལ་འབེབས་པ་ལ་མདོ་ཀུན་ལས་བཏུས་པ་སོགས་མཛད་དོ།  །རིགས་ཚོགས་དྲུག་ནི་རྩ་བ་ཤེས་རབ་དང་།  ཞིབ་མོ་རྣམ་འཐག  སྟོང་ཉིད་བདུན་ཅུ་པ།  རྩོད་བཟློག  རིགས་པ་དྲུག་ཅུ་པ།  རིན་ཆེན་ཕྲེང་བ་རྣམས་ཡིན་ནོ།།

    འདི་ལ་ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་གཞུང་བཞི།  ཡུལ་ཅན་སྟོང་ཉིད་རྟོགས་པའི་ལྟ་བ་ཐར་བ་ཐོབ་པའི་ལམ་གྱི་རྩ་བར་སྟོན་པའི་གཞུང་གཉིས་ཡོད་པ་ལས།  དང་པོ་ལ་ཡང་དགག་བྱ་བདེན་གྲུབ་གཙོ་བོར་འགོག་པའི་གཞུང་གཉིས་དང་།  བདེན་པར་མེད་ཀྱང་བྱ་བྱེད་འཐད་ཚུལ་སྟོན་པའི་གཞུང་གཉིས།  དང་པོ་ནི།  དངོས་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་བསྒྲུབ་བྱ་བདེན་དངོས་འགོག་པ་རྩ་བ་ཤེས་རབ་དང་།  དེའི་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་གཉིས་སོ།  །གཉིས་པ་ནི།  རྩ་ཤེས་རབ་བྱེད་བདུན་པར་སྐྱེ་གནས་འཇིག་གསུམ་བརྟག་པ་ལས་འཕྲོས་ནས་བདེན་པར་མེད་ཀྱང་བྱ་བྱེད་འཐད་ཚུལ་སྤྱིར་བསྟན་པ་སྟོང་ཉིད་བདུན་ཅུ་པ་དང་།རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་ནས་བདེན་པར་མེད་ཀྱང་དགག་སྒྲུབ་ཀྱི་རྣམ་གཞག་འཐད་ཚུལ་བསྟན་པ་རྩོད་བཟློག་གོ  །གཉིས་པ་ཡུལ་ཅན་སྟོང་ཉིད་རྟོགས་པའི་ལྟ་བ་ཐར་བ་ཐོབ་པའི་ལམ་གྱི་རྩ་བར་སྟོན་པ་ནི་རིན་ཆེན་ཕྲེང་བ་དང་རིགས་པ་དྲུག་ཅུ་པ་གཉིས་ཡིན་ཏེ།  འཇུག་པའི་རྒྱ་ཆེར་འགྲེལ་ལས།  བདེན་གཉིས་ཀྱི་ཚུལ་དེ་ལྟར་རྟོགས་པ་ནི་སངས་རྒྱས་ཐོབ་པ་ལྟ་ཅི་འཁོར་བ་ལས་གྲོལ་བ་ལ་ཡང་མེད་མི་རུང་ངོ་ཞེསརིན་ཕྲེང་དང་རིགས་པ་དྲུག་ཅུ་པགཉིས་ཀྱིས་སྟོན།  ཞེས་གསུངས་སོ།  །

  ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་ཚུལ་བསྟན་ཅིང་བཤད་པ་དང་ཉམས་སུ་ལེན་པ་རྣམས་ལ་དབུ་མ་པར་གྲགས་ཤིང་།  དེའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་སློབ་དཔོན་འཕགས་པ་ལྷས་དབུ་མ་བཞི་བརྒྱ་པ་མཛད།  ཡབ་སྲས་འདི་གཉིས་ཐལ་རང་ཀུན་གྱིས་ཚད་མར་འཛིན་པས་གཞུང་ཕྱི་མོའི་དབུ་མ་པར་གྲགས།  ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་སངས་རྒྱས་བསྐྱངས་དང་།  དེའི་སློབ་མ་ལེགས་ལྡན་འབྱེད།  དེའི་སློབ་མ་དཔལ་ལྡན་ཟླ་གྲགས་ཡིན་པར་གསན་ཡིག་དང་རྣམ་ཐར་དུ་མར་བཤད་དོ།  །སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་བ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་ལ།  ལེགས་ལྡན་འབྱེད་ཀྱིས་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ལ་སོགས་པའི་སྐྱོན་གསུམ་བརྗོད་ནས་དབུ་མ་རང་རྒྱུད་པའི་སྲོལ་ཕྱེས།  དཔལ་ལྡན་ཟླ་གྲགས་ཀྱིས་སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་ཅིང་ལེགས་ལྡན་རང་ཉིད་ལ་འཇུག་པ་སོགས་ཀྱིས་ལན་མཛད་ནས་ཐལ་འགྱུར་བའི་སྲོལ་རྒྱ་ཆེར་བཏོད།  དེར་དཔགས་ན་འདི་གསུམ་བླ་སློབ་མིན་ནམ་སྙམ།  སློབ་དཔོན་ལེགས་ལྡན་གྱི་རྩ་ཤེའི་འགྲེལ་ཆེན་ཤེས་རབ་སྒྲོན་མེ་དང་།  དབུ་མ་སྙིང་པོ།  དེའི་རང་འགྲེལ་རྟོག་གེ་འབར་བ།  སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཞེས་བྱ་བ་དང་།  ཕྱི་རོལ་འདོད་བརྗོད།   ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་འདོད་བརྗོད་རྒྱས་པ་བམ་པོ་བརྒྱད་ཅུ་པ་ཞིག་ཡོད་དེ།  ཕྱི་རོལ་པའི་འདོད་པ་བརྗོད་པ་ལ་དེ་ལས་རྒྱས་པའི་བསྟན་བཅོས་བོད་དུ་མ་འགྱུར་རོ།  །ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་རང་འགྲེལ་དང་བཅས་པ་ནི་ཕྱི་དོན་སོགས་གཞིའི་རྣམ་གཞག་ཕལ་ཆེར་མདོ་སྡེ་བ་དང་མཐུན་པར་འདོད་པས་ན་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་ཟེར།  ཟ་ཧོར་གྱི་མཁན་པོ་སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་མཛད་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་ཕྱེ་བ་དང་།  དེའི་སློབ་མ་ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་བམ་པོ་དགུ་པ་དང་།   སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་མཛད་ནས་དར་ཞིང་རྒྱས་པར་མཛད་ལ།  ཕྱི་དོན་མེད་པ་སོགས་གཞིའི་རྣམ་གཞག་ཕལ་ཆེར་རྣལ་འབྱོར་སྤྱོད་པའི་སེམས་ཙམ་པ་དང་མཐུན་པར་འདོད་པས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཟེར་རོ།  །

ཐལ་འགྱུར་བའི་གཞུང་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་དང་།  ཟླ་བ་གྲགས་པའི་རྩ་ཤེའི་འགྲེལ་བ་ཚིག་གསལ།  རིན་འཕྲེང་དང་རིགས་པ་དྲུག་ཅུ་པ།  བཞི་བརྒྱ་པ་བཅས་ཀྱི་འགྲེལ་བ།  དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ།  ཞི་བ་ལྷའི་བསླབ་བཏུས་དང་སྤྱོད་འཇུག   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལམ་སྒྲོན་དང་བདེན་གཉིས་རྩ་འགྲེལ་རྣམས་ཡིན་ནོ།  །དེ་ལ།ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་སངས་རྒྱས་བསྐྱངས།  །ཐལ་འགྱུར་འཐད་པའི་གསལ་བྱེད་ཟླ་བ་གྲགས། །ཞེས་གསུངས་ཡོད་ལ།  གཞི་ལམ་རྣམ་གསུམ་བདེན་མེད་ལྟ་བུ་སྟོང་ཉིད་དུ་གྱུར་པའི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཅིས་ཀྱང་སྦྱོར་ངག་ལ་ལྟོས་པ་མེད་པར་འགལ་བ་བརྗོད་པའི་ཐལ་འགྱུར་ཙམ་གྱིས་ཀྱང་བསྐྱེད་ནུས་པར་འདོད་པས་ན་ཐལ་འགྱུར་བ་ཞེས་བྱའོ།  །

           ༢   བོད་དུ་དར་ཚུལ།

   བསྟན་པ་སྔ་དར་གྱི་སྐབས་སུ་དབུ་མའི་རྩ་བ་ཤེས་རབ་སོགས་རིགས་ཚོགས་དྲུག་དང་།  འགྲེལ་བ་བུདྡྷ་པཱ་ལི་ཏ།  ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ།  འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་སོགས་ལོ་ཙཱ་བ་ཆེན་པོ་སྐ་ཅོག་གིས་བསྒྱུར་བ་དང་།  མཁན་ཆེན་ཞི་བ་འཚོ་དང་ཀ་མ་ལ་ཤཱི་ལ་གཉིས་ཀྱང་བོད་དུ་བྱོན་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཤད་སྲོལ་སྤེལ་བ་དང་།  དབུ་མ་རྒྱན་རྩ་འགྲེལ་དང་དབུ་མ་སྣང་བ་སོགས་བསྒྱུར་མོད་ཕྱི་དར་གྱི་བར་དུ་བཤད་རྒྱུན་མ་བྱུང་བར་མངོན་ནོ།  །ཕྱི་དར་གྱི་དུས་སུ་མཉམ་མེད་ཇོ་བོ་ཆེན་པོས་རྟོག་གེ་འབར་བ་གསུངས་ཤིང་རྔོག་གིས་བསྒྱུར་བ་དང་།  ཇོ་བོས་དབུ་མའི་མན་ངག་ཆེ་ཆུང་མཛད་པ་སོགས་དབུ་མའི་བཤད་རྒྱུན་མི་འདྲ་བ་ཁ་ཤས་བྱུང་།  རྔོག་སློབ་བརྒྱུད་དང་བཅས་པས་ཤེས་རབ་སྒྲོན་མེ་གཙོ་བོར་གྱུར་པའི་གཞུང་རྣམས་ལ་འཆད་ཉན་ལེགས་པར་མཛད་པ་དང་། གཞན་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།  ཇོ་བོ་གྲགས་འབྱོར་ཤེས་རབ།  པ་ཚབ་ཉི་མ་གྲགས་སོགས་ཀྱིས་དབུ་མ་བཞི་བརྒྱ་པ་རྩ་འགྲེལ།  དབུ་མ་རིན་པོ་ཆེའི་སྒྲོན་མ།  ཚིག་གསལ།  དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ།  འཇུག་པའི་འགྲེལ་བཤད་དོན་གསལ།  སྤྱོད་འཇུག་དཀའ་འགྲེལ་སོགས་བསྒྱུར་ནས་འཆད་ཉན་ལེགས་པར་མཛད་པ་ཡིན་ལ།  རྒྱ་དམར་པ་བྱང་ཆུབ་གྲགས་ཀྱིས་དབུ་མ་བདེན་གཉིས་ཀྱི་ཊཱིཀྐ་མཛད་པ་དང་།  སློབ་དཔོན་ཆ་བས་ཀྱང་དབུ་མ་བདེན་གཉིས་དང་།  དབུ་མ་རྒྱན།  དབུ་མ་སྣང་བ།སྤྱོད་འཇུག་ལ་སོགས་པའི་འགྲེལ་བ་མང་དུ་མཛད་པ་དང་།  སློབ་དཔོན་ཟླ་བར་དགག་པ་མང་དུ་མཛད་ནས་རང་རྒྱུད་པའི་སྲོལ་བསྐྱངས་སོ།  །དེའི་སློབ་མ་གཙང་ནག་པས་ཟླ་བའི་ལུགས་བཟུང་ནས་དབུ་མའི་བསྟན་བཅོས་མང་དུ་མཛད་པ་དང་།  པ་ཚབ་ཉི་མ་གྲགས་པའི་སློབ་མ་རྨ་བྱ་བྱང་བརྩོན་གྱིས་རྩ་བ་ཤེས་རབ་དང་ཚིག་གསལ་སྟོང་ཐུན་གྱི་ཊཱིཀྐ  འཇུག་འགྲེལ་གྱི་བསྡུས་དོན་དང་མཆན།  དབུ་མའི་བསྡུས་པ།རྟོག་གེ་ཐོ་བའི་ཊཱིཀྐའང་མཛད། ཞང་ཐང་སག་པས་འཇུག་པའི་ཊཱིཀྐ་དང་།  རིགས་པ་དྲུག་ཅུ་པའི་འགྲེལ་བ།  བཞི་བརྒྱ་པའི་ཊཱིཀྐ  རིན་ཆེན་ཕྲེང་བའི་ཊཱིཀྐ་སོགས་མང་དུ་མཛད་ཅིང་པ་ཚབ་ཀྱི་བཤད་པའི་རྒྱུན་ཙམ་བསྐྱངས་ལ།  དེ་ཡང་ཉམས་པར་གྱུར་པ་ན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་དབུ་མའི་བཤད་པ་མང་དུ་མཛད་པ་དང་།  འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་དང་།  བཞི་བརྒྱ་པའི་ཊཱིཀྐ་སོགས་མཛད་དེ་དར་ཞིང་རྒྱས་པར་བྱས་སོ།   །

      རྒྱལ་བ་ཙོང་ཁ་པ་ཆེན་པོས་ནི་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུས་ཏེ་རྗེ་རེད་མདའ་བ་ལས་དབུ་མའི་བཤད་པ་གསན་པ་དང་།  འཁྲུལ་བྲལ་ཐལ་འགྱུར་བའི་ལྟ་བ་ཡང་དག་པར་རྙེད་པ་ན་རང་གིས་ཇི་བཞིན་གཟིགས་པའི་ལམ་གྱི་གནད་དེ་ཉིད་གཞན་ལ་འདོམས་པར་དགོངས་ནས་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་།  འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།  ལེགས་བཤད་སྙིང་པོ་ཆེ་ཆུང་།  ལྷག་མཐོང་ཆེ་ཆུང་སོགས་མཛད་པ་དང་།  འཆད་ཉན་གྱིས་གཏན་ལ་ཕབ་ནས་རི་བོ་དགེ་ལྡན་པའི་ཕྱོགས་སུ་ཤིན་ཏུ་དར་བར་གྱུར་ལ།  རྗེས་འཇུག་མཁས་པས་མཛད་པའི་བསྟན་བཅོས་ཀྱི་རིམ་པ་ཡང་།  རྒྱལ་ཚབ་རྗེའི་དབུ་མ་རིན་ཆེན་ཕྲེང་བའི་འགྲེལ་བ་དོན་གསལ།  བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ།  མཁས་གྲུབ་རྗེའི་དབུ་མའི་སྟོང་ཐུན་སྐལ་བཟང་མིག་འབྱེད།  ལྟ་ཁྲིད་མུན་སེལ་སྒྲོན་མེ།  རྗེ་དགེ་འདུན་གྲུབ་པའི་འཇུག་འགྲེལ་དགོངས་གསལ་མེ་ལོང་།  རྩ་ཤེའི་སྦྱོར་ཊཱིཀ་རིན་ཆེན་ཕྲེང་བ།  བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་ལྟ་ཁྲིད་ཆེན་མོ།  རྒྱལ་དབང་ལྔ་པའི་དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས།  ཀུན་མཁྱེན་བླ་མའི་དབུ་མའི་མཐའ་དཔྱོད་ལུང་རིགས་གཏེར་མཛོད།  ཚིག་གསལ་སྟོང་ཐུན་གྱི་ཚད་མའི་རྣམ་བཤད་སྐལ་བཟང་སྙིང་གི་མུན་སེལ།  ཀུན་མཁྱེན་འཇིགས་མེད་དབང་པོའི་དབུ་མའི་མཐའ་དཔྱོད་ལུང་རིགས་སྒྲོན་མེ།  སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་དང་མཐའ་དཔྱོད།  པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ།  བརྒལ་ལན་ཟབ་དོན་ཡང་གསལ་སྒྲོན་མེ།  རྒྱལ་བ་དགེ་འདུན་རྒྱ་མཚོའི་འཇུག་པའི་རྣམ་བཤད་དགོངས་དོན་རབ་ཏུ་གསལ་བའི་རྒྱན།  སྟོང་ཉིད་བདུན་ཅུ་པའི་རྣམ་བཤད་དབུ་མའི་ལམ་གསལ་སྒྲོན་མེ།  རྟེན་འབྲེལ་བསྟོད་པའི་འགྲེལ་བ་བླ་ན་མེད་པའི་འཇུག་ངོགས།   མཁས་གྲུབ་བསྟན་དར་བའི་འཇུག་པའི་སྤྱི་དོན་རྣམ་བཤད་དགོངས་པ་རབ་གསལ་གྱི་དགོངས་པ་གསལ་བར་བྱེད་པའི་བློ་གསལ་སྒྲོན་མེ།  མཐའ་དཔྱོད་རིགས་པའི་རྒྱ་མཚོ་བློ་གསལ་འཇུག་སྒོ།  སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་འཇུག་པའི་རྣམ་བཤད་ཐར་འདོད་འཇུག་ངོགས།  སེ་རའི་ཡོན་ཏན་རྒྱ་མཚོའི་འཇུག་པའི་ཚིག་དོན་རབ་གསལ་དོན་ཐམས་ཅད་གྲུབ་པ།  སྟག་ལུང་གྲགས་པའི་དབུ་མའི་སྤྱི་དོན་རྣམ་བཤད་དགོངས་པ་རབ་གསལ་གྱི་དགོངས་དོན་གསལ་བའི་སྒྲོན་མེ།  པཎ་ཊི་ཏ་ལེགས་པ་དོན་གྲུབ་ཀྱི་དབུ་མའི་མཐའ་དཔྱོད་ལེགས་བཤད་གཏེར་མཛོད།  བསེ་ངག་དབང་བཀྲ་ཤིས་ཀྱི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ཐར་འདོད་འཇུག་ངོགས།  དགག་བྱ་ངོས་འཛིན་གྱི་ཟིན་བྲིས་མཁས་པ་དགྱེས་པའི་ཡིད་འཕྲོག   དབུ་མའི་ཟིན་བྲིས་ནོར་བུའི་ཕྲེང་མཛེས།  དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་ལྟ་བའི་ཟིན་བྲིས་འོད་ཟེར་སྟོང་འབར།  བླ་ཁོ་རྡོ་རྗེ་འཆང་གི་ཟབ་མོ་ལྟ་བའི་རྣམ་བཞག་བློ་བཟང་ཞལ་ལུང་།  རྗེ་འཇམ་དབྱངས་བསྟན་པའི་ཉི་མའི་ལྟ་བའི་དམིགས་ཁྲིད་ཐར་བའི་སྒོ་འབྱེད།  ལྟ་མགུར་འགྲེལ་བ་མཁས་པ་དགྱེས་པའི་མཆོད་སྤྲིན།  ལྷ་རམས་པ་སྐལ་བཟང་ལྷ་དབང་གི་འཇུག་འགྲེལ་ཟབ་རྒྱས་ཀུན་གསལ།  གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་ལྟ་བའི་ཟིན་བྲིས་ཐར་ལམ་སྣང་བ།  རྗེའི་བསྟོད་པ་དོན་ལྡན་མ་རྩ་འགྲེལ།  དཔལ་ལྡན་ཆོས་རྗེའི་འཇུག་པའི་ཚིག་འགྲེལ་ལེགས་བཤད་རྗེས་འབྲངས།རྗེ་ངག་དབང་བློ་བཟང་བཀྲ་ཤིས་ཀྱི་དབུ་མ་ལ་འཇུག་པའི་མཐའ་དཔྱོད་ལུང་རིགས་བང་མཛོད་སྐལ་ལྡན་རེ་བ་ཀུན་སྐོང་།  བྱམས་མེ་བློ་བཟང་བསྟན་པའི་ཉི་མའི་དབུ་མའི་མཐའ་དཔྱོད་བླ་མའི་གསུང་རྒྱུན་བདུད་རྩི་སྙིང་གི་གསོས་སྨན།  རྗེ་ཤེས་རབ་རྒྱ་མཚོའི་རྟེན་འབྲེལ་བསྟོད་པ་རྩ་འགྲེལ་གྱི་བརྗེད་བྱང་ཐུབ་དབང་དགྱེས་པའི་མཆོད་སྤྲིན།  སྐལ་བཟང་བསྟན་པ་རབ་རྒྱས་ཀྱི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་བདུད་རྩིའི་ཟེགས་མ།  དབལ་མང་པཎ་ཊི་ཏའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་རིན་ཆེན་ལྗོན་ཤིང་།  རྒྱལ་རོང་དགེ་བཤེས་ཚུལ་ཁྲིམས་ཉི་མའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ཡིད་ཀྱི་མུན་སེལ་ཤེས་རབ་སྒྲོན་མེ།  རྗེ་བློ་བཟང་དམ་ཆོས་ཀྱི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་མཁས་མང་དགྱེས་བྱེད།  ཕུར་ལྕོག་ངག་དབང་བྱམས་པའི་རྟེན་

འབྲེལ་བསྟོད་པའི་ཊཱིཀྐ་འོད་དཀར་ཕྲེང་བ།  ཨ་ལག་ཤ་ངག་དབང་བསྟན་དར་བའི་རྟེན་འབྲེལ་བསྟོད་པའི་དོན་འགྲེལ་རིན་ཆེན་ཕྲེང་བ།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་བླ་མའི་དགོངས་དོན་གསལ་བའི་ཟླ་བ།  ལྕང་སྐྱ་རོལ་བའི་རྡོ་རྗེའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་ནོར་བུའི་བང་མཛོད།  རྗེ་ཤེས་རབ་རྒྱ་མཚོའི་འཇུག་པའི་བརྗེད་བྱང་མཐར་འཛིན་ཚ་གདུང་སེལ་བའི་ཟླ་འོད།  རྗེའི་བསྟོད་པ་རྩ་འགྲེལ་གྱི་བརྗེད་བྱང་ནོར་བུའི་ཕྲ་ཚོམ།  ཆོས་ལྡན་རབ་འབྱོར་གྱི་ལྟ་ཁྲིད་ཟིན་བྲིས།  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ལྟ་ཁྲིད་ཡང་གསལ་སྒྲོན་མེ།  སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་ལྟ་ཁྲིད་ཀྱི་སྙན་བརྒྱུད་ལྟ་ངན་མུན་སེལ།  སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་དབུ་མའི་མཐའ་དཔྱོད་ཉུང་བསྡུས།  ལྟ་ཁྲིད་རྒྱས་པ་ཞི་བདེའི་ཟིལ་མངར།  འབྲིང་བོ་ལེགས་བཤད་ཟླ་ཟེར།  བསྡུས་པ་བློ་གཞོན་རྣ་རྒྱན།  ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་ལྟ་ཁྲིད་ངེས་དོན་རབ་གསལ།  ཀུན་མཁྱེན་འཇིགས་དབང་གི་ལྟ་མགུར་འགྲེལ་བ་ཚིག་གི་སྒྲོན་མེ།  འཇམ་དབྱངས་དགའ་བློའི་ལྟ་བའི་དོགས་གཅོད་མཁས་པའི་སྙིང་གཏམ།  ལྟ་ཁྲིད་དེ་ཉིད་གསལ་བྱེད།  ལྟ་ཁྲིད་བསྡུས་པ་འཇམ་དཔལ་ཞལ་ལུང་།  འཇུག་འགྲེལ་དགོངས་པ་རབ་གསལ།  དབུ་མ་ཐེག་མཆོག་ལྷུན་པོ།   པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་བདག་མེད་གཏན་ལ་འབེབས་པའི་རྣམ་གཞག རྩ་ཤེའི་མཆོད་བརྗོད་ཀྱི་གཞུང་ཉུང་ངུས་རྣམ་པར་ཕྱེ་བ་དེ་ཉིད་གསལ་བ།  རྗེ་ཧལ་ཧ་དམ་ཚིག་རྡོ་རྗེའི་ལྟ་ཁྲིད་དགའ་ལྡན་སྙན་བརྒྱུད་ཟབ་དོན་སྙིང་པོ་རབ་གསལ།  ཆོས་ལྡན་རབ་འབྱོར་གྱི་སྟོང་ཉིད་གཏན་ལ་འབེབས་པ་མཐར་འཛིན་ཀུན་འཇོམས།  ལྟ་ཁྲིད་རྨོངས་པའི་མུན་སེལ་ནོར་བུའི་སྒྲོན་མེ།  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདག་འཛིན་ཤགས་འདེབས།  ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་རྩ་ཤེའི་འགྲེལ་བ་དཔག་བསམ་ལྗོན་ཤིང་།  དབུ་མའི་ལྟ་ཁྲིད་རྟེན་འབྲེལ་རིགས་པའི་ཡང་སྙིང་།  དགེ་བཤེས་དཀོན་མཆོག་ནོར་བུའི་ཐལ་བཟློག་གི་འབེལ་གཏམ།  སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱི་ཐལ་བཟློག་དཀའ་གནས་གཏན་འབེབས་ཚིག་གསལ་ལྡེ་མིག  གུང་རུ་རྒྱལ་མཚན་བཟང་པོའི་དབུ་མའི་སྟོང་ཐུན་ཆུང་བ། འཇུག་པའི་འགྲེལ་བ།  རྗེ་སྐྱབས་མཆོག་དཔལ་བཟང་གི་རྩ་ཤེའི་ཊཱིཀྐ  རྗེ་བློ་བཟང་བསྟན་པ་ཆོས་འཕེལ་གྱི་དབུ་མ་འཇམ་དབྱངས་ཞལ་ལུང་མཁས་པའི་དགོངས་རྒྱན།  དཔའ་རིས་རབ་གསལ་གྱི་དབུ་མའི་སྟོང་ཐུན་ཟབ་དོན་ལྟ་བའི་མིག་སྨན།  ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོའི་དབུ་མའི་དཀའ་གནད་སྣང་གཏེར།  རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཐལ་བཟློག་དང་ཆོས་ཅན་མཐུན་སྣང་བའི་ཐད་ཀྱི་དོགས་གཅོད།  ལྟ་ཁྲིད་ངེས་དོན་གནད་ཀྱི་སྙིང་པོ།  དངུལ་ཆུ་དྷརྨ་བྷ་དྲའི་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ཟབ་དོན་ལྟ་བའི་འདྲེན་བྱེད།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བདག་མེད་རྟོགས་པའི་ལྟ་བའི་རིམ་པ་ཐར་ལམ་གསལ་བྱེད།  དབུ་མ་ལ་འཇུག་པའི་དགོངས་པ་ཡང་གསལ་སྒྲོན་མེ།  རྩ་ཤེའི་བསྡུས་དོན་དཀའ་འགྲེལ་ཟབ་མོའི་དེ་ཉིད་གསལ་བྱེད།  རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས།  གུང་ཐང་བློ་གྲོས་རྒྱ་མཚོའི་དབུ་མ་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་གསལ་བར་བྱེད་པའི་ཉིན་བྱེད་སྣང་བ་ཟབ་ལམ་ལྟ་བའི་མིག་འབྱེད།  འཇུག་པ་རང་འགྲེལ་དང་བཅས་པའི་མཆན་འགྲེལ་བསྡུས་དོན་རིན་པོ་ཆེའི་ལྡེ་མིག  སྟོང་ཉིད་བདུན་ཅུ་པའི་འགྲེལ་བ་གནད་དོན་གསལ་བྱེད།  ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྩ་བ་ཤེས་རབ་ཀྱི་རིགས་པའི་དེ་ཉིད་སྣང་བར་བྱེད་པའི་དོན་སྦྱོར་ངག་གི་སྒྲོན་མེ།  ལྟ་བའི་མྱོང་བྱང་།  རྩ་བ་ཤེས་རབ་ཀྱི་ས་བཅད།   བླ་མ་ལམ་རིམ་པའི་དབུ་མ་རིགས་ཚོགས་དྲུག་གི་འགྲེལ་བ།  རྗེ་ཡེ་ཤེས་རྒྱ་མཚོའི་འཇུག་པའི་འགྲེལ་བ།   རྗེ་འཇམ་དབྱངས་རྒྱ་མཚོའི་འཇུག་པའི་རྣམ་བཤད་ལེགས་བཤད་ཀུན་བཏུས།  རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོའི་བསྡུས་དོན་ལྟ་བ་དྲན་པའི་ཆུ་རྒྱུན་སོགས་ཤིན་ཏུ་མང་ངོ་། །

  གྲུབ་མཐའ་གཞན་པའི་མཁས་པའི་ཁྲོད་ན་ཡང་ཇོ་ནང་ཏཱ་ར་ན་ཐའི་གཞན་སྟོང་དབུ་མའི་རྒྱན།  གཞན་སྟོང་དབུ་མ་སྙིང་པོ།  གཞན་སྟོང་དབུ་མ་ཆེན་པོ་ཆོས་ཐམས་ཅད་ཀྱི་གནད་བསྟན་བཅོས་ཡིད་བཞིན་ནོར་བུ།  བོ་དོང་བའི་དབུ་མ་རྒྱན་གྱི་ཊཱིཀྐ  དབུ་མ་བདེན་གཉིས་ཀྱི་ཊཱིཀྐ  འབྲུག་པ་པདྨ་དཀར་པོའི་དབུ་མ་ཡང་དག་པར་བརྗོད་པ་དང་།  དེའི་འགྲེལ་བ་དབུ་མའི་གཞུང་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ།  ཀརྨ་མི་བསྐྱོད་རྡོ་རྗེའི་དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་དྭགས་བརྒྱུད་གྲུབ་པའི་ཤིང་རྟ།  གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་རྩ་ཤེའི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར།  དབུ་མའི་སྤྱི་དོན་ངེས་དོན་རབ་གསལ།  ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར།  འཇུག་པའི་ས་བཅད་དང་དཀའ་གནས་དཔྱད་པ་ལྟ་ངན་གསལ་བྱེད།  རྫ་དཔལ་སྤྲུལ་གྱི་རྩ་ཤེའི་བསྡུས་དོན་ས་བཅད་རབ་གསལ།  འཇུ་མི་ཕམ་གྱི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་།  དབུ་མ་རྩ་ཤེའི་མཆན་འགྲེལ་གནས་ལུགས་རབ་གསལ་ཀླུ་དབང་དགོངས་རྒྱན།  དབུ་མ་ལ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་།  རྫོགས་ཆེན་མཁན་གཞན་དགའི་རིགས་ཚོགས་དྲུག་དང་བཞི་བརྒྱ་པ།  འཇུག་པ་སོགས་ཀྱི་མཆན་འགྲེལ།  འཇམ་མགོན་བློ་གཏེར་དབང་པོའི་དབུ་མ་ལ་འཇུག་པའི་མཆན་འགྲེལ་དགོངས་པ་གསལ་བའི་སྒྲོན་མེ།  མཁན་བྱམས་པ་ཕུན་ཚོགས་ཀྱི་འཇུག་པའི་བསྡུས་འགྲེལ་ཚིག་དོན་གསལ་བར་བྱེད་པའི་སྒྲོན་མེ་སོགས་གྲགས་ཆེན་མང་པོ་དང་། ཐལ་འགྱུར་བའི་སློབ་དཔོན་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བ་ཡང་རྒྱལ་སྲས་ཐོགས་མེད་ཀྱི་སྤྱོད་འཇུག་འགྲེལ་བ་ལེགས་བཤད་རྒྱ་མཚོ།   ས་སྐྱ་བསོད་ནམས་རྩེ་མོའི་སྤྱོད་འཇུག་

འགྲེལ་བ།  བུ་སྟོན་རིན་ཆེན་གྲུབ་ཀྱི་འགྲེལ་བ།  དཔའ་བོ་གཙུག་ལག་ཕྲེང་བའི་འགྲེལ་བ།  འབྲུག་པ་པད་དཀར་བའི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ།  རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་རྒྱལ་སྲས་འཇུག་ངོགས།   རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་ཊཱིཀྐ་རིན་པོ་ཆེའི་ཕྲེང་བ།  ཀུན་དགའ་རྒྱལ་མཚན་གྱི་གཞུང་དོན་གསལ་བྱེད་དགའ་བ་རྒྱ་མཚོ།  འཇམ་དབྱངས་བློ་གྲོས་ཀྱི་རྣམ་བཤད་གཞུང་དོན་རབ་གསལ་སྣང་བ།  ཧལ་ཧ་བློ་བཟང་དཔལ་ལྡན་གྱི་ཚིག་དོན་ཀུན་གསལ་སྐལ་བཟང་འཇུག་ངོགས།  ཁང་གསར་བློ་བཟང་ཚུལ་ཁྲིམས་ཀྱི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ལས་རྩ་འགྲེལ་སོ་སོར་འབྱེད་པ་ནག་པོ་འགྲོ་ཤེས།  བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་འབྲུ་འགྲེལ་རྒྱལ་སྲས་ལམ་བཟང་གསལ་བའི་སྒྲོན་མེ།  ཕ་བོང་ཁ་པའི་སྤྱོད་འཇུག་མཆན་འགྲེལ།  ཐུབ་བསྟན་ཆོས་ཀྱི་གྲགས་པའི་སྤྱོད་འཇུག་འགྲེལ་བཤད་རྒྱལ་སྲས་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེ་མི་ཟད་འཇོ་བའི་བུམ་བཟང་།  ཤེར་ལེའི་འགྲེལ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ།  ཤེར་ལེའི་སྤྱི་དོན་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ།  མཁན་པོ་ཀུན་བཟང་དཔལ་ལྡན་གྱི་སྤྱོད་འཇུག་ཚིག་འགྲེལ་འཇམ་དབྱངས་ཞལ་ལུང་བདུད་རྩིའི་ཐིགས་པ།  འཇུ་མི་ཕམ་གྱི་ཤེར་འགྲེལ་ཀེ་ཏ་ཀ་དང་།  དེ་ལ་དཔའ་རིས་རབ་གསལ་དང་བྲག་དཀར་བློ་བཟང་དཔལ་ལྡན།  ལྡན་མ་བློ་བཟང་ཆོས་དབྱིངས་སོགས་ཀྱི་དགག་ལན་ཡང་ལན་དང་བཅས་པ།  ལམ་རིམ་པ་ངག་

དབང་ཕུན་ཚོགས་ཀྱི་འགྲེལ་བ།   རྗེ་འཇམ་དབྱངས་རྒྱ་མཚོའི་རྣམ་བཤད་སྐལ་བཟང་ལེགས་ལམབགྲོད་པའི་ཐེམ་སྐས་བློ་གསལ་སྤྱི་ནོར་སོགས་ཤིན་ཏུ་མང་ངོ་།   །

         བཞི་པ།     མངོན་པ།

         ༡    འཕགས་ཡུལ་དུ་དར་ཚུལ།

   འདིའི་བཤད་བྱའི་གཞི་ལ་གཉིས་ཏེ།  ཐེག་པ་ཆེན་པོའི་ཆོས་མངོན་པ་དང་།  ཐེག་པ་དམན་པའི་ཆོས་མངོན་པའོ།  །དང་པོ་ནི།  དམ་པའི་ཆོས་མ་མོར་གྲགས་པ་ཆོས་ཀུན་གྱི་གཞི་དང་འཇུག་སྒོར་གྱུར་པ།ཐེག་ཆེན་མངོན་པའི་སྡེ་སྣོད་ཉིད་དོ།   གཉིས་པ་ནི།  མངོན་པ་སྡེ་བདུན་ཏེ།  ཇི་སྐད་དུ།  ཆོས་ཀྱི་ཕུང་བོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་གལ་བུས།  །ཁམས་ཀྱི་ཚོགས་ནི་གང་པོས་བྱས།  །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས།  །ཡེ་ཤེས་ལ་འཇུག་ཀ་ཏའི་བུས།  རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས།  །ཡང་དག་འགྲོ་བའི་རྣམ་གྲངས་ནི།  །གསུས་པོ་ཆེ་ཡིས་བྱས་ཞེས་གྲགས།  །ཞེས་པ་ལྟར་དགྲ་བཅོམ་པ་དག་གིས་བརྩམས་པར་གྲགས་སོ།  །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ།  བདུན་པོ་འདི་སངས་རྒྱས་ཀྱི་བཀའ་ཡིན་ཏེ།  སྟོན་པས་ཡུལ་དུས་ཐ་དད་ལ་ཐོར་བུར་གསུངས་པ་རྣམས་ཉན་ཐོས་དགྲ་བཅོམ་པས་བསྡུས་པ་ཡིན་ཏེ།  དཔེར་ན་ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ།  །དེ་ལྟ་མ་ཡིན་ན་བཀའ་ལ་སྡེ་སྣོད་གསུམ་དུ་མ་ཚང་བར་འགྱུར་རོ་ཟེར།  མདོ་སྡེ་པ་ལ་སོགས་པ་ན་རེ།  མ་མོ་ནི་འདུལ་བ་དང་མདོ་སྡེ་གཉིས་ཀའི་སྤྱི་ཁྱབ་བམ་གསེབ་ཚགས་ནས་བསྟན་པས་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བའི་སྐྱོན་མེད་ལ།  བདུན་པོ་དེ་བསྟན་བཅོས་སུ་འདོད་དོ།  །དེ་ནས་རིམ་པར་འཕགས་ཡུལ་དུ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་ནུབ་ཅིང་།  སྟོན་པ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་འཕགས་པ་ཐོགས་མེད་སྐུ་མཆེད་བྱོན་པ་ཡིན་ཏེ།  འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལས་ཐེག་ཆེན་མངོན་པ་སྟོང་ཕྲག་བརྒྱ་པ་སོགས་གསན་ནས་མངོན་པ་ཀུན་ལས་བཏུས་པ་བརྩམས་པ་དང་།  གཅུང་དབྱིག་གཉེན་གྱིས་ཁ་ཆེའི་ཡུལ་དུ་སློབ་དཔོན་འདུས་བཟང་བསྟེན་ནས་མངོན་པ་སྡེ་བདུན་དང་བྱེ་བྲག་ཏུ་བཤད་པ་ཆེན་མོ་སོགས་གསན་པས་ཚེགས་མེད་དུ་མཁྱེན།  གཅེན་ལས་ཐེག་ཆེན་གསན་ནས་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་བརྩམས།  འབུམ་སྡེ་གོ་དགུ་ཐུགས་ལ་མངའ་ཞིང་ཟངས་སུ་འབྲུ་མར་གྱིས་སྐུ་བྱིངས་ནས་ཞག་བདུན་དུ་ཞལ་འདོན་མཛད་དོ།  །དེ་ནས་བྱེ་བྲག་ཏུ་སྨྲ་བ་རིམ་པས་ཁ་དྲངས་པའི་ཕྱིར་མདོ་སྡེ་པའི་ལྟ་བ་ལ་གནས་ཤིང་ཁ་ཆེ་བའི་ལུགས་ལ་ཟུར་ཟ་བ་མངོན་པའི་མཛོད་བརྩམས་ནས་སྐྱེས་དང་བཅས་ཁ་ཆེ་འདུས་བཟང་ལ་བསྐུར།  ཡང་དེ་གསལ་བར་བྱ་ཕྱིར་མཛོད་ཀྱི་རང་འགྲེལ་བརྩམས་ཏེ་བསྐུར་བས།  སློབ་དཔོན་འདུས་བཟང་གིས་དེའི་ལན་དུ་བརྩམས་པའི་བསྟན་བཅོས་ལྟ་བའི་གཟི་བརྗིད་འབར་བ་ཞེས་པ་ཤོ་ལོ་ཀ་ཁྲི་ཡོད་པ་ཞིག་དང་།  རིགས་པའི་རྗེས་འབྲངས་ཞེས་པ་ཤོ་ལོ་ཀ་ཆིག་འབུམ་ཉི་ཁྲི་ཡོད་པ་གཉིས་བརྩམས་ཏེ་ཕུལ་བར་བཤད་ལ།  གཞུང་འདི་གཉིས་རྒྱའི་ལོ་ཙཱ་བ་ཆེན་པོ་ཐང་སན་ཙང་གིས་རྒྱ་ནག་གི་སྐད་དུ་བསྒྱུར་ཡོད་ལ།  རང་ཅག་བོད་སྐད་དུ་འགྱུར་མི་སྣང་ངོ་།  །སློབ་དཔོན་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞིར་གྲགས་པ་ལས་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པས་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་དང་།  རབ་བྱེད་སྡེ་བརྒྱད་ཀྱི་འགྲེལ་བ་སོགས་མཛད།  གཞན་སློབ་དཔོན་འདུས་བཟང་གི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་དང་མཐུན་པ།  རྒྱལ་བའི་སྲས་གྲགས་པའི་བཤེས་གཉེན་གྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ།  སློབ་དཔོན་གང་བ་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་

ཀྱི་རྗེས་སུ་འབྲངས་པ།  དགེ་སློང་ཞི་གནས་ལྷའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ་མདོ་དང་སྦྱར་བ།  སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཆོས་མངོན་པ་མཛད་ཀྱི་འགྲེལ་བ་གནད་ཀྱི་སྒྲོན་མ་སོགས་དང་།  མངོན་པ་ཀུན་བཏུས་ལ།  སློབ་དཔོན་རྒྱལ་བའི་སྲས་ཀྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་སོགས་ཡོད་དོ།  །

      ༢    བོད་དུ་དར་ཚུལ།

   གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་ཚེ་པཎ་ཊི་ཏ་ཛི་ན་མི་ཏྲ་དང་།  ལོ་ཙཱ་བ་སྐ་བ་དཔལ་བརྩེགས།  ཞང་ཡེ་ཤེས་སྡེ་སོགས་ཀྱིས་འཕགས་པ་མོ་གལ་གྱི་བུས་མཛད་པའི་གདགས་པའི་བསྟན་བཅོས་ལས་འཇིག་རྟེན་གདགས་པ་དང་།  ལས་གདགས་པ།  རྒྱུ་གདགས་པ་གསུམ་དང་།  ཆོས་མངོན་པ་མཛོད་རང་འགྲེལ་དང་བཅས་པ།  འགྲེལ་བཤད་རྒྱལ་སྲས་མ་སོགས་བསྒྱུར་ནས་བཤད་པ་དང་།  བསྟན་པ་ཕྱི་དར་གྱི་དུས་ལོ་ཆེན་པ་ཚབ་ཉི་མ་གྲགས་པ་དང་།  དགེ་སློང་ཤེས་རབ་འོད་ཟེར།  ལོ་ཙཱ་བ་འཇམ་དཔལ་གཞོན་ནུ་སོགས་ཀྱིས་སློབ་དཔོན་གང་བ་སྤེལ་གྱི་མཛོད་ཀྱི་འགྲེལ་བཤད་དང་།  སློབ་དཔོན་ཕྱོགས་ཀྱི་གླང་པོའི་མཛོད་འགྲེལ་གནད་ཀྱི་སྒྲོན་མ་སོགས་བསྒྱུར་ནས་འཆད་ཉན་ཡང་དག་པར་མཛད་དོ།  །

   མངོན་པ་མཛོད་ཀྱི་བཤད་རྒྱུན་ནི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གང་བ་སྤེལ།  དེའི་སློབ་མ་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ལ་ལོ་ཆེན་སྐ་ཅོག་ཞང་གསུམ་གྱིས་མངོན་པའི་བཤད་པ་གསན་ཞིང་ཕྱི་དར་གྱི་བར་དུ་བཤད་རྒྱུན་མ་ནུབ་པ་ཡིན་ཏེ།   བུ་སྟོན་ཆོས་འབྱུང་ལས།  ཛི་ན་མི་ཏྲས་སྐ་ཅོག་ཞང་གསུམ།  ནམ་སྣང་ཟླ་བའི་རྡོ་རྗེ།  དཔལ་གྱི་རྡོ་རྗེ།  རྒྱལ་བ་ཡེ་ཤེས།  ཅོག་གྲུ་མཆོག་གི་ཡེ་ཤེས།  སེ་བཙུན་གཞོན་ནུ།  གར་མི་ཡོན་ཏན་གཡུང་དྲུང་།  ཁུ་སྟོན་ཤེས་རབ་བརྩོན་འགྲུས།  ར་ཁྲི་བཟང་འབར།  རྒྱ་རྒྱལ་བུ་ཚུལ་ལེ།  བྲང་ཏི་དར་མ་སྙིང་པོ།  དེའི་སློབ་མ་འབན་རོག་གཉིས་ལ་སོགས་པའི་བར་དུ་མངོན་པའི་བཤད་རྒྱུན་མ་ཆད་པར་བྱུང་བའི་ཕྱིར་རོ།  །ཞེས་གསུངས་སོ།  །དེ་ཡང་སེ་བཙུན་གཞོན་ནུ་དབང་ཕྱུག་གི་དུས་སུ་བཤད་རྒྱུན་ཁམས་སུ་འཕོས་པར་དེབ་སྔོན་ལས་བཤད་ལ།  གར་མི་ཡོན་ཏན་གཡུང་དྲུང་ནི་འོལ་ཁ་རྫིང་ཕྱིའི་གཙུག་ལག་ཁང་བཞེངས་མཁན་ཇོ་བོ་སྤྱན་འདྲེན་དུ་མངའ་རིས་སུ་ཡང་བྱོན་པ་དེ་ཡིན་པར་མངོན།  འདིར་འབན་རོག་གཉིས་ལ་བརྒྱུད་པར་གསུངས་པའི་འབན་ལ་བརྒྱུད་ཚུལ་ནི།  བྲང་ཏི་དར་མ་སྙིང་པོ་ནས་རིམ་གྱིས་ཀོ་ཡེ་འབྱུང་།  འབན་དཀོན་མཆོག་རྡོ་རྗེ།  ཐོ་ཀུན་དགའ་རྡོ་རྗེ།  འཇད་པ་སྟོན་སྐྱབས།  འཇད་པ་གཞོན་བྱང་།  ཞང་འབྲིང་འཚམས་པ།  བོ་དོང་བ་རིན་ཆེན་རྩེ་མོ།  སྟག་སྡེ་བ་སེངྒེ་རྒྱལ་མཚན།  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།  ལོ་ཆེན་བྱང་ཆུབ་རྩེ་མོ།  རྗེ་བཙུན་རེད་མདའ་བ་ཆེན་པོ་ལ་རྗེ་བདག་ཉིད་ཆེན་པོས་གསན་ཅིང་།  དེ་ལ་རྒྱལ་ཚབ་ཀྱིས་གསན་པ་ལས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གསན་ནས་མཛོད་ཊཱིཀ་ཐར་ལམ་གསལ་བྱེད་མཛད།  རོག་གི་བཤད་རྒྱུན་ནི།  བྲང་ཏི་དར་མ་སྙིང་པོ་ནས་རོག་ཆོས་ཀྱི་བརྩོན་འགྲུས།  ཡར་ནག་པ།  ཉང་ཐེར་མ།  གཟད་རིང་མོ།  སྤྱིལ་བུ་བ།  སྟག་སྟོན་ཤེས་རབ་འོད་ཟེར།  ལྷོ་གྲུབ་པ་སེང་གེ།  ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོའི་བར་དང་།  དེ་ལ་བུ་སྟོན་རིན་ཆེན་གྲུབ་པས་གསན་པ་དང་།  དེ་ལ་དམར་སྟོན་ཁུ་དབོན་གྱིས་གསན་པའི་བཤད་རྒྱུན་རྗེ་དགེ་འདུན་གྲུབ་ལ་མངའ་བ་སྟེ།    དེ་གཉིས་ནི་བསྟན་པ་སྔ་དར་གྱི་དུས་ནས་བཤད་རྒྱུན་བར་མ་ཆད་དུ་བྱུང་བའོ།   །

དབྱིག་གཉེན་གྱི་སློབ་མ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་ནས།  ཁ་ཆེ་དྲི་མེད་སྦས་པ།  དེའི་སློབ་མ་སྨྲྀ་ཏི་ཛྙཱ་ན་ཀིརྟི་བོད་དུ་བྱོན་པ་ལ།  གཡས་ཆེན་པོ་ཤེས་རབ་གྲགས་པས་གསན་པ་ནས་རིམ་བཞིན།  རྭ་ཞགས་ཟླ་བ།  མཆིམས་ཞང་བཙུན།  མཆིམས་ལྷ་རྗེ་གོ་ཆ།  མཆིམས་བརྩོན་འགྲུས་སེངྒེ།  འདིས་ནག་འབྱམས་སུ་གྲགས་པའི་མཛོད་ཊཱིཀ་ཞིག་མཛད་པར་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ན་གསལ་ལོ།  །དེས་མཆིམས་དོན་གྲུབ་རྒྱལ་མཚན།  མཆིམས་བརྩོན་འགྲུས་རྒྱལ་མཚན།  མཆིམས་བློ་གྲོས་བརྟན་པ།  མཆིམས་ནམ་མཁའ་གྲགས་རྣམས་རིམ་པར་བླ་སློབ་ཡིན་ནོ།  །མཆིམས་ནམ་མཁའ་གྲགས་ཀྱིས་ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་ཞིག་མཛད་ཡོད་ལ་ད་ལྟའི་མཆིམས་མཛོད་དུ་གྲགས་པའི་མཛད་པ་པོ་དང་མི་གཅིག་སྟེ།  འདི་བ་ནི་བཅོམ་ལྡན་རིགས་རལ་གྱི་བླ་མ་ལམ་མཆོག་རིན་པོ་ཆེ་རྩོམ་མཁན་དེ་ཉིད་ཡིན་ལ།  མཆིམས་མཛོད་དམ་འགྲེལ་བ་མངོན་པའི་རྒྱན་རྩོམ་པ་པོ་ནི་མཆིམས་ནམ་མཁའ་གྲགས་དང་བཅོམ་ལྡན་རིགས་རལ་གྱི་སློབ་མ་མཆིམས་འཇམ་པའི་དབྱངས་ཞེས་གྲགས་པ་དེ་ཡིན་ལ།  ཧོར་གྱིས་གདན་དྲངས་ནས་པ་ཡན་ཐུ་རྒྱལ་པོའི་མཆོད་གནས་མཛད་སྐབས་ཡོ་བྱད་ཚན་ཆེན་པོ་བསྐུར་པའི་སྟེང་ནས་བཅོམ་ལྡན་རིགས་རལ་དང་དབུས་པ་བློ་གསལ་སོགས་ཀྱིས་སྣར་ཐང་དུ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཐོག་མར་བཞེངས་པའོ། །དེ་ནས་མཁས་པ་ཡོན་ཏན་འོད་ཟེར།  བཤེས་གཉེན་ཆོས་མགོན་པ།  སྐྱོར་ལུང་པ་བློ་གྲོས་བཟང་པོ།  དམར་སྟོན་དཔལ་ལྡན་རིན་ཆེན།  དམར་སྟོན་རྒྱ་མཚོ་རིན་ཆེན་གྱི་བར་དུ་བརྒྱུད་པ་ལས་རྒྱལ་བ་དགེ་འདུན་གྲུབ་ཀྱིས་གསན་པའོ།  །ཡང་གང་བ་སྤེལ་ནས་རིམ་པར།  ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ཞེས་ཡོངས་སུ་གྲགས་པའི་པཎ་གྲུབ་དགུང་ལོ་བརྒྱ་ཕྲག་བརྒལ་བ་བཞུགས་ཤིང་བོད་དུ་བྱོན་པ་དེ་ལས་ས་སྐྱ་པན་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་གསན་ཞིང་།  དེ་ནས་འཕགས་པ་རིན་ཆེན།  ཞང་མདོ་སྡེ་དཔལ།  མཉམ་མེད་གྲགས་པ་རྒྱལ་མཚན།  དོན་རིན་གྲགས་པ་རྒྱལ་མཚན།  བླ་མ་དམ་པ་བསོད་ནམས་རྒྱལ་མཚན།  ཉ་དབོན་ཀུན་དགའ་དཔལ་བ།  རྗེ་བཙུན་རེད་མདའ་བ་ཆེན་པོའི་བར་རིམ་བཞིན་བརྒྱུད་ཅིང་།  དེ་ལས་རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས་གསན་པ་སྟེ།  འདི་གཉིས་ནི་བསྟན་པ་ཕྱི་དར་གྱི་དུས་སུ་གསར་དུ་བྱུང་བའི་བཤད་རྒྱུན་ཡིན་ནོ།    །

དེ་དག་གི་རྗེས་སུ་འབྲངས་པའི་མཁས་དབང་དག་གིས་མཛད་པའི་བསྟན་བཅོས་ནི།  དགེ་ལུགས་པའི་ཕྱོགས་སུ།  རྒྱལ་བ་དགེ་འདུན་གྲུབ་ཀྱི་མཛོད་ཀྱི་རྣམ་བཤད་ཐར་ལམ་གསལ་བྱེད།   པཎ་ཆེན་བསོད་ནམས་གྲགས་པའི་ཆོས་མངོན་པ་མཛོད་ཀྱི་དགོངས་པ་ལེགས་པར་བཤད་པ་ཤེས་བྱ་རབ་གསལ།  རྒྱལ་དབང་ལྔ་པའི་མངོན་པ་མཛོད་ཀྱི་རྣམ་བཤད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཛོད་ཀྱི་དགོངས་འགྲེལ་ཐུབ་བསྟན་ནོར་བུའི་གཏེར་མཛོད།  ཀུན་མཁྱེན་འཇིགས་མེད་དབང་པོའི་མཛོད་ཀྱི་དོན་ལེགས་པར་བཤད་པ་རིན་ཆེན་གྲུ་གཟིངས་གནས་ཁ་ཤས།  རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་མངོན་པ་མཛོད་ཀྱི་སྤྱི་དོན་དཀའ་གནས་ལེགས་པར་བཤད་པ་ནོར་བུའི་བང་མཛོད།  པཎ་ཆེན་བདེ་ལེགས་ཉི་མའི་མཛོད་ཀྱི་སྤྱི་དོན།  འབྲུག་རྒྱལ་དབང་སྤྲུལ་སྐུ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱི་མངོན་པ་མཛོད་ཀྱི་དགོངས་དོན་གསལ་བྱེད་ལེགས་བཤད་ཉིན་བྱེད་སྣང་བ།  གུང་ཐང་བསྟན་པའི་སྒྲོན་མེའི་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས།  གུང་རི་རྒྱལ་མཚན་བཟང་པོའི་མཛོད་འགྲེལ།  གླིང་སྨད་དཀོན་མཆོག་ཆོས་འཕེལ་གྱི་མཛོད་འགྲེལ།  ཧལ་ཧ་བསྟན་སྒྲོན་གྱི་མཛོད་ཀྱི་དོགས་དཔྱོད་བློ་གསལ་དགའ་བསྐྱེད།  ངག་དབང་དཔལ་ལྡན་གྱི་མངོན་པ་མཛོད་ཀྱི་དོགས་གཅོད་བློ་གསལ་རོལ་རྩེད།  ཁ་རྒྱའི་དཀོན་མཆོག་དར་རྒྱས་ཀྱི་མཛོད་ཀྱི་ས་བཅད་སྤྱི་དོན་གསལ་བའི་སྒྲོན་མེ།  གུང་ཐང་བློ་གྲོས་རྒྱ་མཚོའི་ཆོས་མངོན་རྒྱ་མཚོའི་དགོངས་དོན་བརྗེད་བྱང་དུ་བཀོད་པ་རིན་ཆེན་སྒྲོན་མེ།  མཛོད་ཀྱི་དྲིས་ལན་མུན་སེལ་སྒྲོན་མེ།  བྲག་དཀར་བློ་བཟང་དཔལ་ལྡན་གྱི་མཛོད་ཀྱི་དཀའ་གནས་བློ་གསལ་བྱེ་བའི་འཇུག་ངོགས།  མཛོད་ཀྱི་འགྲེལ་བ་ལེགས་བཤད་གསེར་གྱི་ལྡེ་མིག  ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་མངོན་པ་མཛོད་ཀྱི་དོགས་དཔྱོད།  དྲུང་ཆེན་དངོས་གྲུབ་རྒྱ་མཚོའི་མཛོད་ཀྱི་རྣམ་བཤད་བློ་གསལ་བློའི་པདྨོ་ཁ་འབྱེད།  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་ཆོས་མངོན་པ་མཛོད་ཀྱི་ཊཱིཀྐ་རྒྱལ་བའི་དགོངས་པ་རབ་གསལ།  ཕུང་པོ་ལྔའི་རྣམ་གཞག་ཆོས་མངོན་སྙིང་པོ།  བྱ་བྲལ་དགེ་བཤེས་ཀྱི་མཛོད་སྡོམ།  དགེ་བཤེས་ལྷ་མོའི་ཚུལ་ཁྲིམས་ཀྱི་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་འགྲེལ་བ།  དྭགས་པོ་བྱམས་པ་ཆོས་མཆོག་གི་མཛོད་ཊཱིཀ་མཐོང་པ་དོན་ལྡན།  འཇམ་དབྱངས་བློ་བཟང་བཤེས་གཉེན་གྱི་མཛོད་ཀྱི་སྤྱི་དོན་ལེགས་བཤད་ཉི་མའི་སྙིང་པོ།   མཛོད་འགྲེལ་དགོས་འདོད་ཀུན་འབྱུང་བསམ་འཕེལ་དབང་རྒྱལ།  དཀྱིལ་ཁང་སངས་རྒྱས་རྒྱ་མཚོའི་མཛོད་ལུང་རིགས་གཏེར་མཛོད། ཀུན་མཁྱེན་བློ་གྲོས་ལེགས་བཟང་གི་མཛོད་འགྲེལ་མཁས་པའི་ཡིད་འཕྲོག  ཤནྟི་བ་བློ་གྲོས་རྒྱལ་མཚན་གྱི་མཛོད་འགྲེལ་ལུང་རིགས་གཏེར་མཛོད།  ཤར་རྩེ་སྟོབས་ལྡན་འོད་ཟེར་གྱི་མཛོད་འགྲེལ།  རྗེ་ཡེ་ཤེས་རྒྱ་མཚོའི་མཛོད་མཆན་ཉི་མའི་འོད་ཟེར་དང་ཟུར་མཆན་ཡིད་ཀྱི་མུན་སེལ།  དམུ་དགེ་བསམ་གཏན་རྒྱ་མཚོའི་མཛོད་སྡོམ་གྱི་འབྲུ་འགྲེལ་ཚིག་དོན་རབ་གསལ་སོགས་ཡོད་དོ།  །

   གྲུབ་མཐའ་གཞན་པར་བཀའ་གདམས་པའི་དགེ་བཤེས་མོན་གྲ་བ་ཚུལ་ཁྲིམས་བཀྲ་ཤིས་ཀྱི་མཛོད་འགྲེལ་ཕུལ་དུ་བྱུང་བ།  རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་མཛོད་ཀྱི་བསྡུས་དོན་དང་ཊཱིཀྐ  ཀརྨ་མི་བསྐྱོད་རྡོ་རྗེའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་གྲུབ་བདེའི་དཔྱིད་འཇོ།  ས་སྐྱ་ངག་དབང་ཆོས་གྲགས་ཀྱི་དམ་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཇི་སྙེད་ཤེས་བྱའི་གསལ་བྱེད་ངག་གི་སྒྲོན་མེ།  རོང་སྟོན་ཤེས་བྱ་ཀུན་རིག་གི་མཛོད་ཊཱིཀ་ཤེས་བྱ་རབ་གསལ།  འབུམ་ཕྲག་གསུམ་པའི་མཛོད་ཀྱི་ཚིག་དོན་གསལ་བར་བྱེད་པའི་བསྟན་བཅོས་ལེགས་བཤད་ཉི་མའི་འོད་ཟེར།  ཀརྨ་སི་ཏུའི་ཆོས་མངོན་པ་མཛོད་ཀྱི་དོན་རྣམ་པར་འགྲེལ་བ་བརྒྱ་བྱིན་ཐོགས་པའི་ནོར་བུའི་འོད་སྣང་།  པན་ཆེན་ཤཱཀྱ་མཆོག་ལྡན་གྱི་མཛོད་ཀྱི་མཐའ་དཔྱོད་བྱེ་བྲག་བཤད་མཚོ།  གོ་རམས་པའི་མཛོད་འགྲེལ་ངོ་མཚར་གསུམ་ལྡན།  པཎ་ཆེན་བྱམས་པ་གླིང་པའི་ཆོས་མངོན་པ་མཛོད་ཀྱི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་སྣང་བ།  མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་མཛོད་ཀྱི་སྤྱི་དོན་ཤེས་བྱ་རྣམ་གསལ།  མུས་ཆེན་རབ་འབྱམས་པའི་མཛོད་ཊཱིཀ་ཆེན་མོ།  འབྲུག་པ་པད་མ་དཀར་པོའི་མངོན་པ་མཛོད་ཀྱི་བཤད་པ།  ཞྭ་ལུ་སྐྱོ་སྟོན་རིག་འཛིན་རྒྱལ་པོའི་མཛོད་ཀྱི་སྤྱི་དོན།  ཞྭ་ལུ་རིན་ཆེན་བསོད་ནམས་འཕེལ་གྱི་མཛོད་ཀྱི་རྣམ་བཤད་སྡེ་བདུན་གསལ་སྒྲོན།  མཛོད་ཀྱི་དཀའ་འགྲེལ་མཁས་པའི་ཡིད་འཕྲོག  ཞྭ་ལུ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཛོད་ཊཱིཀ  བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱི་ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་དང་མངོན་པ་ཀུན་ལས་བཏུས་ཀྱི་རྣམ་བཤད།  བུ་སྟོན་རིན་ཆེན་གྲུབ་པའི་མངོན་པའི་སྡེ་སྣོད་གསལ་བྱེད།  མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད་ཉི་མའི་འོད་ཟེར།  འཇུ་མི་ཕམ་པའི་ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན་སོགས་ཡོད་ལ།  ཆོས་མངོན་པ་ཀུན་ལས་བཏུས་པའི་འགྲེལ་བ་ནི།  རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་བཤད་པ་ལེགས་པར་བཤད་པའི་རྒྱ་མཚོ།  སློབ་དཔོན་དོལ་བ་རྒྱ་རིངས་ཀྱི་ཀུན་བཏུས་རྣམ་བཤད།  རྒྱལ་ཚབ་དར་མ་རིན་ཆེན་གྱི་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད་ཆོས་མངོན་རྒྱ་མཚོའི་སྙིང་པོ།  བཅོམ་ལྡན་རིགས་རལ་གྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད་རྒྱན་གྱི་མེ་ཏོག་སོགས་གྲགས་ཆེའོ།  །

          ལྔ་པ།   འདུལ་བ།

        ༡  འཕགས་ཡུལ་དུ་དར་ཚུལ།

   སྤྱིར་འཕགས་ཡུལ་དུ་ཉན་ཐོས་རྩ་བའི་སྡེ་བཞི་ལ་ལེགས་སྦྱར་སོགས་སྐད་རིགས་སོ་སོས་བཅིངས་པའི་རྩ་བའི་ལུང་སོ་སོར་ཐར་པ།  བཤད་པའི་ལུང་འདུལ་བ་སྡེ་བཞི་མི་འདྲ་བ་རེ་རེ།  བཞི་པོ་དེ་ལས་གྱེས་པ་བཅོ་བརྒྱད་སོ་སོ་ལའང་རྩ་བ་དང་བཤད་པའི་ལུང་ཐ་དད་པ་རེ་ཡོད་པར་གྲགས་སོ།  །འདུལ་བ་རྩ་བའི་ལུང་ནི་དགེ་སློང་ཕ་མའི་སོ་སོར་ཐར་པའི་མདོ་རྣམ་པ་གཉིས་པོ་དང་།  བཤད་པའི་ལུང་ནི་འདུལ་བ་ལུང་སྡེ་བཞི་ཡིན་ལ།  དེ་ཡང་ལུང་གཞི་དང་།  ལུང་རྣམ་འབྱེད་དང་།  ལུང་ཕྲན་ཚེགས།  གཞུང་དམ་པ་དང་བཞིའོ།   །

   གཞི་རྣམས་ཀྱི་དབྱེ་བ་ནི།  ལུང་གཞི་ལས།  རབ་བྱུང་གསོ་སྦྱོང་གཞི་དང་ནི།  །དགག་དབྱེ་དབྱར་དང་ཀོ་ལྤགས་གཉིས། །སྨན་དང་གོས་དང་སྲ་བརྐྱང་དང་།  །ཀོ་ཤམ་བྷི་དང་ལས་ཀྱི་གཞི།  །དམར་སེར་ཅན་དང་གང་ཟག་དང་།  །སྤོ་དང་གསོ་སྦྱོང་བཞག་པ་དང་།  །གནས་མལ་དང་ནི་རྩོད་པ་དང་།  །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན།  །ཞེས་གསུངས་པ་ལྟར་རོ།  །དེ་ཡང་ཀོ་ཤམ་བྷི་བའི་གཞི་ནི་ལས་བྱ་བའི་གཞི།  དམར་སེར་ཅན་གྱི་གཞི་ནི་ཕྱིར་བཅོས་པའི་གཞི།  གང་ཟག་གི་གཞི་ནི་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞི།  སྤོ་བའི་གཞི་ནི་ཡོངས་སུ་སྦྱོང་བའི་གཞི་ཡིན་ནོ།  །གཞི་བཅུ་བདུན་པོ་དེ་རྣམས་བསྡུས་ན།  སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་གཞི།  ཐོབ་པ་མ་ཉམས་པར་སྲུང་བར་བྱེད་པའི་གཞི།  ཉམས་ན་ཕྱིར་བཅོས་པའི་གཞི་དང་གསུམ་མོ།  །དང་པོ་ནི་རབ་ཏུ་བྱུང་བའི་གཞིའོ།  །གཉིས་པ་ནི་ལེའུ་བརྒྱད་དེ།  བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ནི།  གསོ་སྦྱོང་དང་དབྱར་དང་དགག་དབྱེའི་གཞི་དང་།  བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ་ནི།  སྲ་བརྐྱང་དང་གོས་དང་ཀོ་ལྤགས་དང་སྨན་དང་གནས་གཞི་དང་བཅས་བསྡོམས་པས་བརྒྱད་དོ།  །གསུམ་པ་ཕྱིར་བཅོས་ཀྱི་གཞི་བདུན་ནི།  ཕྱིར་བཅོས་པའི་གཞི་མན་ཆད་ནས་རྩོད་གཞི་ཡན་ཆད་དོ།  །ཕྱིར་བཅོས་པའི་སྡོམས་ལ།  དམར་སེར་ཅན་དང་གང་ཟག་དང་།  །སྤོ་དང་གསོ་སྦྱོང་བཞག་པ་དང་།  །གནས་མལ་དང་ནི་རྩོད་པ་དང་།  །དགེ་འདུན་འབྱེད་པ་ཕྱི་མ་ཡིན།  །ཞེས་པ་ལྟར་རོ།  །ལས་ཀྱི་གཞི་ནི་གསུམ་ཆར་ལ་གཏོགས་པས་གསུམ་གར་བསྡུའོ།  །

འདིར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་ལུང་སྡེ་བཞིའི་གོ་རིམ་དང་བརྗོད་བྱའི་གནས་ཚུལ་ནི།  ལུང་རྣམ་འབྱེད་སོ་སོར་ཐར་བའི་མདོའི་ཚིག་འགྲེལ་ལྟ་བུ།  ལུང་ཕྲན་ཚེགས་བསླབ་བྱ་ཕྲ་མོ་ཐམས་ཅད་རྒྱས་པར་བསྟན་པའི་སྒོ་ནས་སོ་ཐར་གྱི་སྤྱི་དོན་ལྟ་བུ།  ལུང་གཞི་མ་ཚང་བ་ཁ་སྐོང་བ་ལྟ་བུ།  ལུང་བླ་མ་དཀའ་བའི་གནད་གཏན་ལ་འབེབས་པ་ལ་ཤིན་ཏུ་གཅེས་པ་རྣམས་སོ།  །

   འཆད་བྱེད་བསྟན་བཅོས་ནི།  ཉན་ཐོས་ཐུན་མོང་མ་ཡིན་པའི་འདུལ་བ་བྱེ་བྲག་བཤད་མཛོད་ཆེན་མོས་འཆད་པར་གྲགས་ལ།  ཐེག་ཆེན་དང་ཐུན་མོང་བའི་འདུལ་བ་ནི།  དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ཡ་གྱལ་འདུལ་བ་རང་ལས་མཁས་པ་བྲམ་ཟེའི་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་འཁྲུགས་པ་གོ་རིམ་དུ་བསྡེབས་ནས་གཞི་བཅུ་བདུན་གྱི་ཁོངས་སུ་མདོ་རྩ་བ་རང་འགྲེལ་དང་བཅས་པ།ལས་ཀྱི་ཆོ་ག་ཕྱོགས་གཅིག་ཏུ་བསྡུས་པ་ཀརྨ་ཤ་ཏམ་སོགས་མཛད་པ་དང་།     དགྲ་བཅོམ་པ་ས་ག་ལྷས་མཛད་པའི་འདུལ་བ་ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད།  ཁ་ཆེ་དགེ་འདུན་བཟང་པོའི་ཀ་རི་ཀ་ལྔ་བཅུ་པ།  སློབ་དཔོན་ཤཱཀྱ་འོད་ཀྱིས་འདུལ་བ་སུམ་བརྒྱ་པ་རྩ་འགྲེལ་མཛད་པ་སོགས་ལས་ཀྱང་གཙོ་བོར་ཡོན་ཤཱཀ་གཉིས་ཡོངས་སུ་གྲགས་ཤིང་།  ཡོན་ཏན་འོད་ལ་འདུལ་བ་འབུམ་སྡེ་ཐོན་པའི་སློབ་མ་ཁོ་ནའང་ལྔ་བརྒྱ་ཙམ་བྱུང་བར་གྲགས་པ་ལས་ཆོས་ཀྱི་བཤེས་གཉེན་གྱིས་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་རྒྱ་བོད་ཀུན་ཏུ་ཚད་མར་བྱེད་པ་དེ་མཛད།  གཞན་ཡང་དྲི་མེད་བཤེས་གཉེན་གྱི་འདུལ་བ་ཀུན་ལས་བཏུས།  སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་ལུང་གཞིའི་རྒྱ་ཆེར་འགྲེལ།  སློབ་དཔོན་དུལ་བ་ལྷའི་རྣམ་འབྱེད་ཀྱི་འགྲེལ་བ།  སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཕྲན་ཚེགས་འགྲེལ་བ།  སློབ་དཔོན་དཔའ་བོའི་སོ་ཐར་གཞུང་འགྲེལ།  དགྲ་བཅོམ་པ་ཚོགས་དཔོན་གྱི་འདུལ་བ་ལ་བསྟོད་པ།  སློབ་དཔོན་དུལ་བ་ལྷའི་དེའི་འགྲེལ་བ།  སློབ་དཔོན་ཤེས་རབ་འབྱེད་ཀྱི་མདོ་རྩའི་འགྲེལ་བ།  སློབ་དཔོན་པད་མ་འབྱུང་གནས་ཀྱི་དགེ་ཚུལ་གྱི་ལོ་དྲི་བ་སོགས་གཞུང་ཤིན་ཏུ་མང་པོ་བཞུགས་སོ།  །

          ༢     བོད་དུ་དར་ཚུལ།

   བསྟན་པ་སྔ་དར་གྱི་སྐབས་སུ་ལོ་ཆེན་སྐ་བ་དཔལ་བརྩེགས་དང་།  ཅོག་རོ་ཀླུའི་རྒྱལ་མཚན།  ཞང་ཡེ་ཤེས་སྡེ་སོགས་ཀྱིས་སློབ་དཔོན་དཔའ་བོའི་སོ་སོར་ཐར་པའི་མདོའི་གཞུང་འགྲེལ།  སློབ་དཔོན་ཁྱད་པར་བཤེས་གཉེན་གྱི་སོ་སོར་ཐར་པའི་འགྲེལ་བ་འདུལ་བ་བསྡུས་པ།  སློབ་དཔོན་དྲི་མེད་བཤེས་གཉེན་གྱི་སོ་སོར་ཐར་བའི་མདོའི་རྒྱ་ཆེར་འགྲེལ་བ་འདུལ་བ་ཀུན་ལས་བཏུས་པ།  དཱ་ན་ཤཱི་ལའི་སོ་སོར་ཐར་བའི་ཚིག་གི་བརྗེད་བྱང་།  སློབ་དཔོན་དུལ་བ་ལྷའི་འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་བ།  སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་དང་།  ལས་ཆོག་ཀརྨ་ཤ་ཏམ།  སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་བ།  སློབ་དཔོན་ཤཱཀྱ་འོད་ཀྱི་སུམ་བརྒྱ་པ་དང་རང་འགྲེལ་འོད་ལྡན།  ཁ་ཆེ་དགེ་འདུན་བཟང་པོའི་ལྔ་བཅུ་པ་སོགས་བསྒྱུར་བ་དང་།  ཕྱི་དར་གྱི་སྐབས་རྨ་དགེ་བའི་བློ་གྲོས་དང་།  རྒྱལ་བའི་ཤེས་རབ།  ཤཱཀྱ་བཤེས་གཉེན།  ཚུལ་ཁྲིམས་འབྱུང་གནས།  བྱམས་པའི་དཔལ།  དབང་བོ་སྲུང་བ།  ནག་ཚོ་ཚུལ་ཁྲིམས་རྒྱལ་བ།  གཞོན་ནུ་མཆོག  དར་མ་གྲགས།  ཤཱཀྱ་བློ་གྲོས་སོགས་ཀྱི་སྔ་དར་སྐབས་ཀྱི་འགྱུར་བཅོས་མང་པོ་དང་།  གཞི་འགྱུར་མཛད་པ་ཡང་།  སོ་སོར་ཐར་པའི་འགྲེལ་བ་མི་བརྗེད་པའི་དྲན་བྱེད།  སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཕྲན་ཚེགས་ཀྱི་རྣམ་བཤད།  སློབ་དཔོན་ཡོན་ཏན་འོད་ཀྱི་མདོ་རྩའི་རང་འགྲེལ།  འཕགས་པ་ས་ག་ལྷའི་མེ་ཏོག་ཕྲེང་རྒྱུད།  དུལ་བ་ལྷའི་སུམ་བརྒྱ་པའི་རྣམ་བཤད་སློབ་མ་ལ་ཕན་པ།  དགེ་ཚུལ་གྱི་དང་པོའི་ལོ་དྲི།  དགེ་སློང་གི་དང་པོའི་ལོ་དྲི་སོགས་མང་དུ་བཞུགས་སོ།  །

   བཤད་རྒྱུན་ནི་བཅོམ་ལྡན་འདས་ནས་བསྟན་པའི་གཏད་རབས་བདུན་གྱི་བར་ནི་གྲགས་ཆེ་ལ།  དེ་ནས་ཕྱིར་མི་འོང་གློས་མི་འབེབས་པར་གྲགས་པ་ནི་གཏད་རབས་བདུན་གྱི་ཐ་མ་ལེགས་མཐོང་ཆེན་མོའི་སློབ་མར་བཤད་ཅིང་།  དེའི་སློབ་མ་ཁ་ཆེ་འདུས་བཟང་།  དེའི་སློབ་མ་དབྱིག་གཉེན།  དེའི་སློབ་མ་ཡོན་ཏན་འོད།  དེའི་སློབ་མ་ཤཱཀྱ་འོད།  དེའི་སློབ་མ་དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་མངའ་བདག་ཁྲི་རལ་གྱི་དུས་སུ་བོད་དུ་བྱོན་པ་ལས།  པཎ་ཊི་ཏ་ཛི་ན་མི་ཏྲ་ལ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་དང་གཡོ་དགེ་འབྱུང་ལ་སོགས་པས་འདུལ་བ་གསན་པར་བུ་སྟོན་ཆོས་འབྱུང་དུ་གསུངས་པས།  དེ་ལྟར་ན་དམར་གཡོ་གཙང་གསུམ་གྱིས་ཀྱང་ཛི་ན་མི་ཏྲ་ལ་ཐུག་པར་མངོན།  མཁས་པ་མི་གསུམ་ལས་བླ་ཆེན་བསྙེན་པར་རྫོགས་ཤིང་བླ་ཆེན་གྱིས་གཞན་གྱི་མཁན་པོ་མཛད་ཀྱི་བར་དུ་སྔར་གྱི་མཁན་པོ་ལས་འདུལ་བ་གསན་པ་དང་གཞན་གོ་རོང་སེངྒེ་གྲགས་པ་ལ་ཡང་འདུལ་བ་གསན་པར་བཤད་དོ།  །བླ་ཆེན་གྱི་སློབ་མ་གྲུམ་ཡེ་ཤེས་འབར་ལ་ཀླུ་མེས་དབང་ཕྱུག་གྲགས་ཀྱིས་གསན་ཅིང་དེ་ལ་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་གསན།  ཀླན་ཚུལ་བྱང་དང་།  ཀ་ཆུ་བ་ཚུལ་འབྱུང་།  སྣེ་བོ་གྲགས་རྒྱལ།  འཛིམས་པ་ཤེར་འོད་བཞི་ལ་གཟུས་ཀྱི་བུ་བཞིར་གྲགས་ཤིང་།  དེའི་ནང་ནས་འཛིམས་པ་མ་གཏོགས་པ་ལ་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་གསན།  རྒྱ་འདུལ་འཛིན་ལ་མཐའ་བཞི་བརྩོན་འགྲུས་འབར།  འདར་འདུལ་འཛིན།  རྨ་ཚོ་བྱང་ཆུབ་རྡོ་རྗེ།  ཇོ་སྟན་ནག་པོ་དར་ཚུལ་ཏེ་སློབ་མ་ཀྭ་བཞིར་གྲགས་པ་སོགས་འདུལ་བའི་འཆད་ཉན་ཕེར་བའི་གྲྭ་བ་སྟོང་ཕྲག་ལྷག་པ་བྱུང་། དེའི་ནང་ནས་ཇོ་སྟན་ནག་པོ་དར་ཚུལ་དང་རྒྱ་འདུལ་དངོས་ལ་ཡང་ཤ་མི་སྨོན་ལམ་ཚུལ་ཁྲིམས་ཀྱིས་གསན་ཞིང་།  དེའི་སློབ་མ་ཀ་བ་དར་སེང་གིས་ཐག་མ་བཟུང་སྟེ་འདུལ་བའི་བཤད་པ་མཛད་པས་སློབ་མ་ཐག་མ་རྡོར་གཞོན་སོགས་བྱུང་བར་བཤད་ལ།  ཤ་མིས་འདར་འདུལ་ལ་ཡང་ཐུག་པར་བཤད་དོ།  །ཐག་མས་བྱ་འདུལ་བརྩོན་འགྲུས་འབར་ལ་ཐུག་པར་བཤད་དེ་བྱ་འདུལ་གྱིས་ནི་རྨ་ཚོ་བྱང་རྡོར་ལ་འདུལ་བ་གསན་སྣང་བས་དེ་དག་ཐམས་ཅད་རྒྱ་འདུལ་གྱི་བཤད་རྒྱུན་འཛིན་པའོ།  །བྱ་འདུལ་གྱིས་མཛད་པའི་འདུལ་ཊཱིཀ་ལ་བྱ་ཊཱིཀ་ཅེས་སྔོན་དུས་སུ་འཆད་ཉན་ཆེས་ཆེར་དར་བར་སྣང་ངོ་།  །ཐག་མ་རྡོར་གཞོན་གྱི་སློབ་མ་སྦལ་ཏི་དགྲ་བཅོམ་པ་དབང་ཕྱུག་ཚུལ་ཁྲིམས་ཀྱིས་སྐྱོར་མོ་ལུང་བཏབ་སྟེ་འདུལ་བའི་བཤད་པ་སྤེལ་ཞིང་།  དེ་ནས་གདན་ས་རིམ་པར་མཁན་ཆེན་ཤེས་རབ་སེངྒེ།  བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག  བདེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས།  མཁན་ཆེན་ཤེས་རབ་རྡོ་རྗེ།  དཀའ་བཞི་བ་བློ་གསལ་སོགས་རིམ་པར་བྱོན་ནས་འདུལ་བའི་

བཤད་སྲོལ་བསྐྱངས་པ་ལས།  མཁན་ཆེན་དཀའ་བཞི་པ་བློ་གསལ་ལ་རྗེ་རིན་པོ་ཆེས་འདུལ་བ་གསན་ནས་མདོ་རྩའི་ཊཱིཀྐ་རྩོམ་བཞེད་ཀྱིས་མདོ་རྩའི་ཟིན་བྲིས།  གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས་སོགས་མཛད་ཅིང་།  རྗེ་བདག་ཉིད་ཆེན་པོ་ལ་འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་གསན་ནས་འདུལ་བའི་བསླབ་བྱ་ཆེན་མོ་དང་།  དགེ་ཚུལ་གྱི་བསླབ་བྱ་རྒྱས་བསྡུས།  གཞི་གསུམ་ཆོ་ག  འདུལ་བའི་གླེང་འབུམ་སོགས་མཛད་དོ།  །

 ཡང་ཤ་མི་ནས་གྲ་མི།  རྒྱ་དུར་དར་མ་ཡེ་ཤེས།  དེ་ལ་ཟངས་ཆེན་པ་དར་མ་བསོད་ནམས།  དེ་ལ་འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ།  །ཞེས་བསྔགས་པ་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་གསན་ཏེ་འདུལ་བའི་རྣམ་བཤད་ཉི་མའི་འོད་ཟེར་དང་།  མདོ་རྩའི་མཆན་འགྲེལ་མཐོང་བ་དོན་ལྡན་སོགས་མཛད།གཞན་སྟོད་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་པཎ་ཆེན་དྷརྨ་པཱ་ལ་གདན་དྲངས་ཏེ་འདུལ་བའི་འཆད་ཉན་སྤེལ།   དེའི་སློབ་མ་སངྒ་པཱ་ལ་དང་།  གུ་ན་པཱ་ལ།  པྲཛྙཱ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་གྱིས་འདུལ་བའི་འཆད་ཉན་མང་དུ་སྤེལ་བ་ལ་སྟོད་འདུལ་པར་གྲགས།  ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་བྱོན་ནས་འདུལ་བ་དང་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད།  ཚོགས་པ་བཞི་ལ་སོགས་པ་བཙུགས་པ་དང་།  ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ཡང་བསྙེན་པར་རྫོགས་པའོ།  །

   དེ་དག་གི་འཕྲིན་ལས་ལ་བརྟེན་ནས་བོད་ཀྱི་མཁས་དབང་རྣམ་པས་མཛད་པའི་འདུལ་བའི་བསྟན་བཅོས་ནི།   རྗེ་བླ་མའི་དགེ་ཚུལ་སློང་གི་བསླབ་བྱ་གནམ་རྩེད་ལྡེང་མ།  མདོ་རྩའི་ཟིན་བྲིས།  རྗེ་དགེ་འདུན་གྲུབ་པའི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ།  གླེང་འབུམ་ཆེན་མོ།  སོ་ཐར་མདོའི་རྣམ་བཤད་གཞུང་དོན་གསལ་བའི་ཉི་མ།  འདུལ་འཛིན་གྲགས་པ་རྒྱལ་མཚན་གྱི་བསླབ་བྱ་ཆེན་མོ།  གཞི་གསུམ་ཆོ་ག  སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱི་འདུལ་པའི་བསླབ་བྱ་གཞན་ཕན་སྙིང་པོ།  རྒྱལ་བ་དགེ་འདུན་རྒྱ་མཚོའི་དགེ་སློང་གི་བསླབ་བྱ་ལག་ལེན་གསལ་བའི་སྒྲོན་མེ།  ཀུན་གཟིགས་ལྔ་པའི་ལས་ཆོག་རྣམ་རྒྱལ་གསེར་མདོག  ཀུན་མཁྱེན་འཇམ་དབྱངས་བཞད་པའི་འདུལ་བའི་མཐའ་དཔྱོད་དང་། སྤྱི་བསྟན།  རྗེ་བློ་གྲོས་ལེགས་བཟང་གི་མདོ་རྩའི་སྤྱི་དོན་རིན་ཆེན་ཕྲེང་བའི་དགོངས་རྒྱན།  པཎ་ཆེན་བདེ་ལེགས་ཉི་མའི་འདུལ་བ་སྐལ་བཟང་ནོར་བུའི་ཕྲེང་བ།  སྐྱེད་ཚལ་མཁན་པོའི་འདུལ་བ་ལུང་རིགས་གཏེར་མཛོད།  རྗེ་བཙུན་པའི་འདུལ་བའི་སྤྱི་དོན་བློ་གསལ་མགུལ་རྒྱན་མུ་ཏིག་ཕྲེང་བ།  པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བ་ལུང་རིགས་ཉི་མ།རྗེ་ཉི་མ་ཐང་པའི་དུས་ཚིགས་གསལ་བར་བྱེད་པའི་ཉི་མ།  གུང་ཐང་བསྟན་པའི་སྒྲོན་མེའི་འདུལ་སྡོམ་ནོར་བུའི་ཕྲེང་བ།  ཀོང་པོ་ངག་དབང་ཚུལ་ཁྲིམས་ཀྱི་འདུལ་བའི་སྡོམ་ཚིག་བློ་གསལ་མགུ་བ་བསྐྱེད་པའི་ངོ་མཚར་འཕྲུལ་གྱི་མེ་ལོང་།  ལྷ་མོའི་ཚུལ་ཁྲིམས་རྒྱ་མཚོའི་འདུལ་སྡོམ་ནོར་བུའི་ཕྲེང་བའི་འགྲེལ་བ་ཀུན་བཟང་ཞིང་

གི་ཉི་མ།  མཁས་གྲུབ་རྗེའི་སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར།  རྗེ་ཤེས་རབ་རྒྱ་མཚོའི་མདོ་རྩའི་བརྗེད་བྱང་བླང་དོར་རྣམ་འབྱེད།  དབལ་མང་ཆུང་བ་སྐལ་བཟང་བསྟན་འཛིན་རབ་རྒྱས་ཀྱི་འདུལ་སྡོམ་འགྲེལ་བ་རིགས་འཕྲུལ་གཟི་འབར་མཁས་པའི་ཡིད་འཕྲོག  ཡོངས་འཛིན་གྲགས་པ་རྒྱ་མཚོའི་འདུལ་སྡོམ་འགྲེལ་བ།  སྨད་སོག་བསམ་གཏན་རྒྱ་མཚོའི་འདུལ་སྡོམ་གྱི་ཚིག་དོན་གསལ་བའི་སྒྲོན་མེ།  ངག་དབང་བློ་བཟང་བཀྲ་ཤིས་ཀྱི་འདུལ་བ་སྐལ་བཟང་མགྲིན་རྒྱན།  བྲག་དཀར་བློ་བཟང་དཔལ་ལྡན་གྱི་མདོ་རྩའི་སྤྱི་དོན་དང་དཀའ་འགྲེལ་འདུལ་གཞུང་ནོར་བུའི་ཕྲེང་བ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་འདུལ་བའི་ལས་ཆོག་རིན་པོ་ཆེའི་ཕྲེང་བ།  གུང་ཐང་བློ་གྲོས་རྒྱ་མཚོའི་འདུལ་བའི་དགོངས་དོན་གསལ་བར་བྱེད་པ་ཙིནྟ་མ་ཎིའི་འཕྲེང་མཛེས་བློ་གསལ་མགུལ་རྒྱན།  འདུལ་བ་མདོ་རྩའི་མཆན་འགྲེལ་དྲན་པའི་ཆུ་རྒྱུན།  སྡོམ་གསུམ་བསླབ་བྱ་དྭངས་གསལ་མེ་ལོང་།  གཞི་གསུམ་གྱི་ལག་ལེན་བཤད་པ་ཀེ་ཏ་ཀའི་ཕྲེང་མཛེས།  ཀུ་ཤྲཱི་དཀའ་བཅུ་པའི་མདོ་རྩའི་རྣམ་བཤད་དྲི་མ་མེད་པའི་རྒྱན།  རྗེ་འཇམ་དབྱངས་བསྟན་པའི་ཉི་མའི་མདོ་རྩའི་བསྡུས་དོན་ནོར་བུའི་ཕྲེང་བ།  ཤར་སྐལ་ལྡན་རྒྱ་མཚོའི་འདུལ་བའི་བསླབ་བྱ་བསྟན་པའི་མཛེས་རྒྱན།  ཞང་སྟོན་བསྟན་པ་རྒྱ་མཚོའི་སྡོམ་གསུམ་གྱི་རྣམ་གཞག་ཉེར་མཁོ་སྙིགས་མའི་གདུང་སེལ།  ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་འདུལ་སྡོམ་རྣམ་བཤད་འཕགས་ནོར་རིན་ཆེན་འདྲེན་པའི་གྲུ་གཟིངས།  ཨ་ཀྱཱ་ཡོངས་འཛིན་གྱི་འདུལ་བའི་སྡོམ་ཚིག་དང་འདུལ་བའི་གླེང་འབུམ་གྱི་བརྡ་བཀྲོལ་བློ་ལྡན་དགའ་བསྐྱེད།  སྒོ་མང་སྐལ་བཟང་དངོས་གྲུབ་ཀྱི་སྤྱི་བསྟན་གྱི་རྣམ་བཤད་ཐུབ་བསྟན་གསལ་བའི་སྒྲོན་མེ།  རྔ་རྒོད་ནམ་མཁའ་སེང་གེའི་འདུལ་བའི་བསླབ་བྱ་བློ་གསལ་དགའ་སྟོན།  དཔལ་ལྡན་ཆོས་རྗེའི་སྤྱི་བསྟན་གྱི་རྣམ་གཞག་འདུལ་གཞུང་གསལ་བྱེད།  ཧལ་ཧ་བསྟན་སྒྲོན་གྱི་འདུལ་བའི་སྡོམ་མཆན།  རྗེ་ཡེ་ཤེས་རྒྱ་མཚོའི་སོ་སོར་ཐར་བའི་མདོའི་གླེང་གཞི་གསལ་བྱེད།  གཞི་གསུམ་ཉམས་སུ་ལེན་ཚུལ་བརྗེད་བྱང་དུ་བཀོད་པ།  འདུལ་བ་སྤྱིའི་རྣམ་གཞག་ཚངས་སྤྱོད་བདུད་རྩའི་རོལ་མཚོ།   བསེ་ཚང་བློ་བཟང་དཔལ་ལྡན་གྱི་དམ་ཆོས་འདུལ་བའི་ཟིན་བྲིས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་སོགས་བགྲང་གིས་མི་ལང་བ་བཞུགས་སོ།  །

   གྲུབ་མཐའ་གཞན་པའི་ཕྱོགས་སུ་བུ་སྟོན་གྱི་འདུལ་བའི་སྤྱི་རྣམ་རིན་པོ་ཆེའི་མཛེས་རྒྱན།  མདོ་རྩའི་རྣམ་བཤད་འདུལ་བ་རྒྱ་མཚོའི་སྙིང་བོ་གསལ་བྱེད།  ལས་བརྒྱ་རྩ་གཅིག་གི་རྣམ་བཤད།  ལས་ཆོག་དྲི་མེད་ཕྲེང་བ་སོགས་དང་།  ཀརྨ་མི་བསྐྱོད་རྡོ་རྗེའི་སོ་ཐར་མདོའི་འགྲེལ་བ།  འདུལ་ཊཱིཀ་ཉི་མའི་འོད་ཟེར།  རོང་སྟོན་ཤེས་བྱ་ཀུན་རིག་གི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ།  ས་སྐྱ་ངག་དབང་ཆོས་གྲགས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ།  འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད།  རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་མདོ་རྩའི་རྣམ་བཤད་དྲི་མ་མེད་པའི་རྒྱན།  རྗེ་ཐུབ་བསྟན་ཆོས་ཀྱི་གྲགས་པའི་འདུལ་བ་གཞི་བཅུ་བདུན་གྱི་སྤྱི་དོན་ལེགས་བཤད་ནོར་བུའི་ཕྲེང་བ།  སྤྱི་བསྟན་གྱི་རྣམ་བཤད་འདུལ་གཞུང་མཛེས་པའི་རྒྱན་ཕྲེང་།  ལས་ཆོག་ཚིག་དོན་དང་བཅས་པའི་རྣམ་བཤད་ཐུབ་བསྟན་གསལ་བའི་སྒྲོན་མེ།  འཇུ་མི་ཕམ་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ།  སོ་ཐར་མདོའི་མཆན་འགྲེལ་ཉུང་ངུ་ངེས་ལེགས་ཐེམ་སྐས།  ས་པཎ་གྱི་སྡོམ་གསུམ་རབ་དབྱེ་རང་མཆན་དང་བཅས་པ།  གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་འདུལ་བའི་བསླབ་བྱ་རྒྱ་མཚོའི་སྙིང་པོ།  སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ།  སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ།  སྡོམ་གསུམ་འཁྲུལ་སྤོང་བསྡུས་དོན་ཁ་སྐོང་དང་བཅས་པ།  འབྲུག་པ་པདྨ་དཀར་པོའི་སྡོམ་གསུམ་རྒྱན་ཞེས་བྱ་བའི་བསྟན་བཅོས་དང་དེའི་རྒྱ་ཆེར་འགྲེལ།  སྡོམ་པ་གསུམ་གྱི་སྙིང་པོ་བསྟན་པ།  གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་སྡོམ་གསུམ་དྲིས་ལན་ལུང་གི་ཚད་མ་འཁྲུལ་སྤོང་དགོངས་རྒྱན་སོགས་མང་དུ་ཡོད་དོ།  །

   དེ་ལྟར་གོང་དུ་བཀའ་པོད་ཆེན་པོ་རྣམ་ལྔའི་གཞུང་ཐོག་མར་འཕགས་ཡུལ་དུ་དར་ཚུལ་དང་།  དེ་ནས་བོད་དུ་བསྒྱུར་ཚུལ།  འཆད་ཉན་གྱི་རྒྱུན་ཇི་ལྟར་བྱུང་ཚུལ།  དེ་ལ་བརྟེན་ནས་བོད་ཀྱི་མཁས་དབང་རིམ་བྱོན་གྱིས་མཛད་པའི་བསྟན་བཅོས་གྲགས་ཅན་སོགས་ངོ་སྤྲོད་རགས་ཙམ་བྱས་པ་དེ་ཙམ་གྱིས་རྫོགས་སོ། །

 སྨྲས་པ།  འཛམ་གླིང་རིག་པའི་སྐྱེད་ཚལ་དུ།  །གཞི་ལམ་འབྲས་བུའི་ཁྱད་ཆོས་ཀྱི།  །

      མངོན་པར་བཀྲ་བའི་པད་དཀར་ལྗོན།  །གངས་ཅན་རིག་པ་ལས་གཞན་ཅི།  །

      དེ་བས་ཚུལ་འདིའི་བྱུང་བ་ཡི།  །གཏམ་གྱི་སྙིང་པོ་མདོར་བསྡུས་པ།  །

      རང་བཟོ་དྲི་མས་ཡོངས་སྤངས་ཏེ།  །ཚད་ལྡན་མཁས་པའི་གཞུང་ལས་དྲངས།   །

      དགེ་འདིས་བདག་བློའི་ཡོལ་གོ་རུ།  །རིག་པའི་བདུད་རྩིས་རབ་གཏམས་ཏེ།   །

      མཐའ་དབུས་སྐྱེ་འགྲོ་མ་ལུས་པ།  །ཚིམ་པའི་རྟེན་འབྲེལ་འགྲིག་པར་སྨོན།   །            


上一篇:༄༅།།རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་སྐྱིད་སྡུག་ལམ་འཁྱེར།

下一篇:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་བྱ་བའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་འཚོགས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731090 位访客