༄། །འོ་མཚོ་འཕྱུར་བའི་རླབས་སྒྲ།

发布时间:2018-06-05 09:39:09


སྟོན་མཚན་དག་པར་ཟླ་ཞལ་པད་མའི་ཁྱིམ། 

འདྲེན་བྱེད་བུང་བའི་ན་ཆུང་གར་སྟབས་རྩེན། 

མཚོ་སྐྱེས་ཟླ་བ་འཛིན་པའི་དང་སེམས་མཚོར། 

མངོན་འདོད་དད་འདུན་རླབས་ཀྱི་མེ་ཏོག་ལུད། 


བྱིལ་བྱིལ་རེག་བྱའི་མྱོང་ཚོར་ལེན་པ་རི་བོའི་རི་དྭགས་མལ་དུ་གཟིམ། 

ལྷུང་ལྷུང་གླུ་ལེན་ཆབ་ཀྱི་མཛའ་མོ་ནེའུ་གསིང་གཞོན་ནུའི་ཕང་བར་ཉུལ། 

སུམ་རྩེན་ས་ལ་འཕོས་པའི་འཁྲུལ་སྟེར་ཁང་ཁྱིམ་མེ་ཏོག་ཕྱོགས་ན་མཛེས། 

འཇིག་རྟེན་ངོ་མཚར་བསྡུས་པའི་ཡུལ་དེར་སེམས་ལྡན་སུ་ཡིད་ཆགས་མ་གྱུར། 


རང་བཞིན་དགའ་བ་འཁྱིལ་བའི་དབྱིབས་བཀོད་མཛེས། 

རྔ་ཟླུམ་འདྲ་བས་རྔ་བར་རྗེས་འབོད་སྙན། 

མངའ་རིས་སྐོར་གསུམ་སྟོད་ཀྱི་མངའ་རིས་ཆགས། 

མངའ་བ་བདེ་སྐྱིད་འཚོ་བས་འཚོ་བ་དེར། 


སྨད་ན་རོང་འགག་མི་ཆེན་ཐུལ་བ་བསྣོལ། 

བར་ན་འབྱོར་ལྡན་གྲོང་ཁྱེར་ལྷ་ལས་བརྒལ། 

སྟོད་ན་སྤང་ལྗོངས་གཡུ་ཡི་མེ་ལོང་བཀྲ། 

སྐྱིད་པའི་རྔ་ཡུལ་སྡེ་བཞིའི་བཅུད་ཀྱིས་གཏམས། 


རྒྱབ་རི་རྫ་བྲག་གནམ་ཏུ་འགྱིང་བ་དགྲ་འདུལ་སྲུང་མའི་གསས་མཁར་འདབས། 

ལྷ་ཆབ་སྨན་སྣ་ཟས་སུ་རོལ་བའི་ཕྱུགས་རིགས་ཕྲ་ཚོམ་བྱེད་པོས་བཀོད། 

ལོ་ལེགས་སྙེ་མའི་གསེར་འོད་རླབས་རིས་མིག་གི་དང་མ་ལེན་པར་འོངས། 

སྐྱིད་པའི་སྡེ་འབངས་མཐའ་ནས་རྒྱས་པ་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་། 


ཕྱི་བཀོད་རང་བྱུང་ཡིད་དགའ་ཆོས་འཛིན་དགའ་ལྡན་ས་ལ་བབས་པར་འཁྲུལ། 

ནང་བཅུད་རྟེན་གསུམ་བྱིན་རླབས་དྲོད་ཀྱིས་འདི་ཕྱིའི་བདེ་སྐྱིད་མྱུ་གུ་གསོ། 

བསླབ་གསུམ་རྒྱན་ལྡན་འདུས་པའི་མཁས་མང་བཤད་སྒྲུབ་བསྟན་པའི་རང་རྐང་འཛིན། 

ལེགས་བྱས་འཛིན་མའི་མཛེས་རྒྱན་འདི་ཀ་བསྔགས་པའི་ཕ་རོལ་སུ་ཡིས་རྫོགས། 


ཞི་དུལ་བཤེས་གཉེན་རྟ་ཐུལ་ཚོགས་ཀྱིས་ཚོགས་པའི་འདུན་ས་མཛེས་པར་བརྒྱན། 

བདེ་གསང་ཉམས་བསྟར་ཐོས་པ་དགའ་རྣམས་དགའ་བདེ་རྡོ་རྗེའི་ཐུགས་སུ་འབྱམས། 

རྩོད་ངག་ང་རོ་ཕྱོགས་གླང་ཆོས་གྲགས་ཆོས་སྐད་ཐལ་ཕྱིར་རོལ་མོ་འཁྲོལ། 

འཇིག་རྟེན་འདྲེན་པའི་བྱེད་པོ་གང་ཞིག་གང་དེར་བསྟན་པའི་རུ་མཚོན་སྒྲེང་། 


བཞད་པའི་རྡོ་རྗེར་འཕོས་ཁའི་གཏམ་གྱིས་མི་རྣམས་ཕྱི་ཕྱིར་ཡིད་རབ་དྲངས། 

མ་སྨད་ཆོས་རིག་འཕྲིན་ལས་ཤིང་རྟ་ཕྱོགས་ཀྱི་ར་བ་ཡངས་པོར་སོན། 

འཇམ་དཔལ་དབྱངས་ཀྱི་བློ་གྲོས་ན་ཆུང་སྤྲུལ་བའི་ཉི་ཟེར་འཁྱིལ་བའི་ངོགས། 

བདག་ཅག་དགའ་དད་པདྨོ་ཕྱོགས་པའི་རྣམ་པ་དུས་གཅིག་ཉིད་མ་ཡིན། 


བསྟན་པའི་སྒྲོན་མེས་གཅིག་བདུན་གོ་གཅིག་གོ་ས་བཟུང་བའི་བྱུང་རབས་ནས། 

བསྟན་འགྲོའི་རྩ་ལག་ཉིས་སྟོང་བཅུ་བདུན་བཅུ་ཕྲག་གཙུག་ལག་སྤེལ་བའི་རིང་། 

བསྟན་དང་བསྟན་འཛིན་བྲག་ལ་བརྡབ་པའི་བརྡབ་གསིག་དམར་བོས་ནོན་པ་འདིར། 

བསྟན་དང་འགྲོ་བའི་སྣོད་བཅུད་གང་དག་གང་ན་དགུན་ཚིག་སོས་རི་འདྲ། 


ངེས་འབྱུང་སྡེར་ཁྱིམ་སྤང་ལ་ཟུག 

བྱང་སེམས་ལུས་སྟོད་དར་ལ་བབ། 

ལྟ་བའི་མིག་ཡངས་གཡོ་བ་ཅན། 

དཔལ་ལྡན་རྒྱུད་པའི་སེང་ཁྱུ་དར། 


ལུང་གི་ལྷོ་སྤྲིན་སྟུག་པོར་ཆགས། 

རིགས་པའི་གླུ་ངག་དར་དིར་སྙན། 

འཆད་རྩོད་རྩོམ་པའི་ཆར་རྒྱུན་འཇོ། 

ཐོས་བསམ་གླིང་བའི་ཆར་དུས་བསྔགས། 


གནའ་རབས་སྲོལ་རྒྱུན་རིག་པའི་རི་མོ་ཐོད་ལ་བྲིས་པ་བཞིན་དུ་གསལ། 

དེང་རབས་བརྡ་འཕྲིན་ཚན་ཚན་རིག་པ་རུམ་ལ་བཅུག་པ་བཞིན་དུ་མངའ། 

ཡ་རབས་མཛངས་སྤྱོད་རྒྱུ་ཕྱུག་དཔལ་ཡོན་གཞན་ལས་བླངས་པ་བཞིན་ཏུ་ལྷག 

ཚོ་དྲུག་ཚོ་བཞི་ཕྱི་འབྲོག་རོང་སྡེ་དགའ་དད་ལྷ་སྡེ་བྱེད་པོས་བསྐྲུན། 


དེང་འདིར་རྣམ་རྒྱལ་ཁང་ཆེན་འཛིན་མའི་གཞིར། 

འཕོས་པའི་ངོ་མཚར་བཀོད་པ་ལྷུན་གྲུབ་སར། 

སྐྱིད་པའི་ལྷ་འབངས་དགའ་སྟོན་ཡོ་ལང་འཕྱུར། 

བདག་ཀྱང་ཡི་རང་དགའ་བའི་འོ་མཚོ་བསྐྱིལ། 


གཅེར་བུས་ཀུན་དགའ་ར་བ་སོགས། 

རྩིག་པ་སྡིག་པའི་རྒྱུ་ཞེས་སྨྲས། 

སྟོན་པས་ཀུན་དགའ་ར་བ་སོགས། 

བཞེངས་པ་ཁྱད་པར་འཕགས་བསྟོད་གསུངས། 


ལུས་ཀྱི་སྡོང་ལོ་རྣམ་གཡེང་ཆུ་ཕྲན་གྱིས། 

ཡངས་པའི་གཤོང་སར་ཁྱེར་བའི་འཁོས་ཆུང་མིག 

མཆོད་སྡོང་ལྷུན་པོའི་བྲང་ལ་ཐོགས་པ་ཙམ། 

སྔོན་བསགས་བསོད་ནམས་སྟོང་གིས་དྲངས་པར་ངེས། 


ས་ཐག་ཡུལ་གྱིས་བསྐལ་ན་ཡང་། 

བརྡ་འཕྲིན་ལག་པ་གཅིག་ཏུ་སྦྲེལ། 

རེ་བའི་མྱུ་གུ་འབུས་པའི་སར། 

ཚིག་སྦྱོར་ཐིགས་པའི་མཆོད་འཕྲེང་སྤེལ། 



ཞེས་བྱང་ཤར་མཐའི་ཡུལ་ལྗོངས་སུ་ཆགས་པ་ཏཱ་ཆིན་དགེ་ལྡན་ཕུན་ཚོགས་རྣམ་དག་གླིང་དབེན་ཁྲོད་ནས་སྒང་བ་བསྟན་པའི་རྒྱལ་མཚན་པས་དགའ་དད་གུས་པའི་ཡིད་ཀྱིས་སྐད་འཕྲིན་གྱི་ཐབས་ལམ་བརྒྱུད་དེ་ཕུལ་ལོ།། །།


上一篇:༄༅།།《བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་》ཀྱི་པར་ཕུད་འགྲེམས་སྤེལ་བྱས་པ། ​

下一篇:འཇམ་དབྱངས་བསྟོད་པ་གང་བློ་མ་བཞུགས་སོ།།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509917 位访客