སྒིས་སྟེང་བློ་བཟང་དཔལ་ལྡན།

发布时间:2018-06-01 10:18:37

བློ་བཟང་དཔལ་ལྡན།  

ཁོང་གི་མཚན་ཡོངས་རྫོགས་ལ་སྒིས་སྟེང་བློ་བཟང་དཔལ་ལྡན་ཟེར་ཞིང་། ཁོང་སྐུ་ན་ཆུང་ངུའི་དུས་ནས་རབ་ཏུ་བྱུང་སྟེ་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་ཤེས་བྱ་གནས་མཐའ་དག་ཁོང་དུ་ཆུད་པར་མཛད་པས་མཁས་པ་ཆེན་པོར་གྱུར་ཏེ།      མདོ་སྨད་ཀྱི་གྲྭ་ས་སྒྲུབ་སྡེ་ཆེ་བའི་བླ་སྤྲུལ་དང་དགེ་བཤེས། བོན་པོ་དང་རྙིང་མའི་རྒྱུད་འཛིན་གྱི་སྐྱེས་ཆེན། རྒྱ་རིགས་སོགས་རིས་མེད་ཀྱིས་སློབ་བུ་མང་པོ་བཅུ་ཕྲག་པའི་ཡོན་ཏན་གྱིས་བགོ་བཤས་ཚིམ་པར་མཛད།

བློ་བཟང་དཔལ་ལྡན་མཆོག་ནི་མདོ་སྨད་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུ་ཞེས་པའི་ཡུལ་དུ་རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ་སྤྱི་ལོ1881ལོར་སྐུ་འཁྲུངས་ཤིང་མཚན་པདྨ་བཀྲ་ཤིས་ཞེས་ཐོག་མར་གསོལ། དགུང་ལོ་བཅུ་བར་གླང་གྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། མཚན་བློ་བཟང་དཔལ་ལྡན་ཞེས་གསོལ་ཏེ། དབེན་གནས་དམ་པ་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ཞུགས། དེར་ཀློག་གི་སློབ་དཔོན་ཞིག་བསྟེན་ཏེ་ཕྲལ་སྦྱོར་གྱི་ཀློག་དང་སྐྱབས་འགྲོ་སོགས་བསླབས། དགུང་ལོ་བཅུ་གཉིས་པ་ཆུ་འབྲུག་ལོ་ནས་རྗེ་ཞྭ་དམར་པཎ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། གུར་དབང་འཇིགས་མེད་བསམ་གཏན། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་སྤངས་བློ་བཟང་བསྟན་པ་བཅས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་གི་རིག་གནས་དང་སྒོས་སུ་མདོ་སྔགས་ཀྱི་བཀའ་ཆོས་དབང་ལུང་མང་དུ་གསན། དགུང་ལོ་ཉི་ཤུ་བར་རབ་བྱུང་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ཆོས་གྲགས་ལས་བསྙེན་པར་རྫོགས། ལོ་དེར་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་ལས་དབྱངས་ཅན་བྱཱ་ཀ་ར་ཎ་རྩ་འགྲེལ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞིབ་ཏུ་སྦྱངས་པས་ཀུན་བཤད་ཀྱི་མཚན་ལ་མི་ཕམ་མཚོ་ཆུང་བཞད་པའི་ལང་ཚོ་ཞེས་གསོལ་ཞིང་། ཕྱིས་ཀ་ཙན་དབྱངས་གསུམ་གྱི་སྐོར་ལ་གཟིགས་རྟོགས་རྒྱ་ཆེར་མཛད་དེ་ནང་བྱན་ཆུད་པར་གྱུར།  སྙན་ངག རྒྱ་རྩིས། ནག་རྩིས། སྡེབ་སྦྱོར་སོགས་ཀྱང་བཤེས་གཉེན་འདི་ཉིད་ལས་མཁས་པར་སྦྱངས། དགུང་ལོ་ཉེར་བཞི་པ་ལ་སྒིས་སྟེང་དགོན་པར་གནང་བ་ཞུས་ཏེ་སྡེ་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས་ཏེ་ཞ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་དགེ་བཤེས་ཆེན་མོ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་ཀྱི་མདུན་ནས་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ། ཕར་ཕྱིན། དབུ་མ། མངོན་པ། མཛོད། འདུལ་བ་སོགས་ལ་ཞིབ་ཏུ་སྦྱངས་པས་མཁས་པའི་གོ་འཕང་བརྙེས།


上一篇:མི་རྟག་དྲན་པའི་གསུང་མགུར། དགེ་འདུན་ཆོས་འཕེལ།

下一篇:གུང་ཐང་སློབ་གཉེར་བསླབ་བྱ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930886 位访客