བོད་ལ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

发布时间:2018-06-01 08:50:59

བོད་ལ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་ 


ཨོཾ་བདེ་ལེགས་སུ་གྱུར་ཅིག །

 

ལེགས་སྨོན་གྱིས་བསྐྲུན་དལ་འབྱོར་འཁྲི་ཤིང་རྩེར། །

 

མང་ཐོས་མེ་ཏོག་རྣམ་པར་རྒྱས་ཤུལ་དུ། །

 

མཁས་དབང་འབྲས་བུ་ཡོངས་སུ་སྨིན་པའི་དྲིས། །

 

རབ་འབྱམས་སྤྲོ་བ་དག་གི་སྙན་གྱི་སྒོར། །

 

ལུང་གི་ཆུ་གཏེར་དབུས་སུ་རྟག་ཉལ་ཡང་། །

 

རྟོགས་པའི་ཡོན་ཏན་གཤེར་གྱིས་མ་བརླན་པའི། །

 

ཤེས་རྒྱུད་སྐམ་ཐག་ཆད་པ་རྡོ་ཡི་སྤུན། །

 

ཅོལ་ཆུང་ཞིག་གིས་འདི་སྐད་གསོལ་ལ་དགོངས། །

 

རྟོག་གེའི་རིགས་པ་རྣོ་བ་ཙམ་ཞིག་ལ། །

 

མཁས་པ་མགུ་བའི་གནའ་སྐད་མི་འདུག་པས། །

 

གཞུང་གི་དོན་ལ་འབྱོར་ངེས་སློབ་གཉེར་ཞིག །

 

རྡོ་རུས་ཐུག་ངེས་ཡོང་བ་གལ་ཆེ་འོ། །

 

དེ་ཕྱིར་གྲྭ་བ་སོ་སོའི་འགལ་འདུ་ལ། །

 

གོ་ལུགས་མི་འདྲ་བ་རེ་ཡོད་ངེས་གཤིས། །

 

འཇམ་མགོན་བླ་མའི་ཁུངས་དང་ཉེར་གཏུགས་ཏེ། །

 

བརྡར་ཤ་ཆོད་ངེས་གྱིས་ཤིག་གྲོགས་པོ་དག །

 

སྒོས་སུ་སྔགས་ལ་བག་ཆགས་མ་ཐེབས་ན། །

 

སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །

 

ཅེས་སོགས་བསྔགས་པ་བརྗོད་པའི་དགོས་པ་ཡང་། །

 

སྟོར་ཉེན་ཆེའོ་སྙིང་གི་གྲོགས་པོ་དག། །

 

མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །

 

ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །

 

རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །

 

མཁས་པའི་སྙན་པ་རང་དང་མཉམ་དུ་འཆི། །

 

ཁ་ནས་རྩོམ་ཡང་སུག་བྲིས་མི་འབྱོར་ན། །

 

དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །

 

རྩོམ་ཚིག་ཡི་གེ་གཞུང་བཞིན་མ་བྱུང་ན། །

 

མཁས་པ་ཁྲེལ་ཞིང་དོན་ལོག་སྟོན་ཉེན་ཆེ། །

 

ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །

 

ཡིད་འོང་མཛེས་མར་གོས་ཧྲུལ་གྱོན་པ་བཞིན། །

 

མངོན་བརྗོད་གསར་རྙིང་བརྡ་ཡིས་མ་སྤུད་ན། །

 

གྲོང་ཚིག་འདྲེས་པས་མཁས་རྣམས་བཞད་གད་རྒྱུ། །

 

དེའི་ཕྱིར་རིག་གནས་ཀུན་ལ་མཁས་པ་དང་། །

 

མདོ་སྔགས་ཟུང་ལ་རིག་རྩལ་ཅི་ཡོད་ཀྱིས། །

 

མཁས་པར་སྦྱངས་ནས་ཕ་ཡུལ་འདིར་ཕེབས་ན། །

 

ད་གཟོད་བསྟན་པའི་ཞབས་འདེགས་འགྱུར་རོ་སྙམ། །

 

དེ་རིང་ཐུག་ཀྱང་ལབ་རྒྱུ་འདི་ལས་མེད། །

 

ནངས་པར་ཤི་ཡང་ཁ་ཆེམས་འདི་རང་ཡིན། །

 

ཞུས་པ་འདི་ལ་ཞུས་དག་མ་དགོས་པར། །

 

གང་ཞུས་དགོངས་པའི་ཡུལ་དུ་བསྐྱུར་མེད་འཚལ། །

 

བླ་མ་བདེན་ཚིག་གྲུབ་པའི་བདེན་མཐུ་དང་། །

 

བླ་མ་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །

 

བདག་ཅག་ལྷག་བསམ་འཛོམས་པའི་རྟེན་འབྲེལ་གྱིས། །

 

ཁྱེད་ཅག་ཅི་བསམ་དེ་ལྟར་འགྲུབ་གྱུར་ཅིག །


上一篇:《མ་ཎི་བཀའ་འབུམ》་ལས་སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ། རྒྱལ་བོ་སྲོང་བཙན་སྒམ་པོ།

下一篇:ཨ་ལག་ཤ་ངག་དབང་བསྟན་དར།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509888 位访客