《མ་ཎི་བཀའ་འབུམ》་ལས་སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ། རྒྱལ་བོ་སྲོང་བཙན་སྒམ་པོ།

发布时间:2018-06-01 08:15:24

སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ།

 རྒྱལ་བོ་སྲོང་བཙན་སྒམ་པོ།

  《སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པཞེས་པའི་རྩོམ་ཡིག་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་སྟེ་ཡོངས་གྲགས་སུམ་ཎི་བཀའ་འབུམཞེས་པ་ལས་བཤུས། བཀའ་འབུམ་འདི་སྟོད་ཆ་དང་སྨད་ཆ་པོད་གཉིས་ཡོད་དེ། བརྗོད་བྱ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དང་། བླ་མ་བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོའི་ཞལ་གདམས། ལོ་རྒྱུས་ཆེན་མོ་སོགས་སྟོད་ཆ་དང་། ཞལ་གདམས་ཀྱི་སྐོར། ཡི་གེ་དྲུག་པའི་དགུ་ཕྲིགས་བསྟོད་པ། སྐུ་གསུང་ཐུགས་ལ་བསྟོད་པ། ཞལ་གདམས་ཐུན་མོང་མ་ཡིན་པ། བཀའ་ཆེམས་བཀའ་ཁོལ་མ་སོགས་སྨད་ཆར་བསྡུས་ཏེ་པར་དུ་བཀོད་ཡོད།

        

 སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པ།

        ༄༅། ། ཨོཾ་མ་ཎི་པདྨ་ཧཱུཾ2། ཐུགས་རྗེ་ཆེན་པོའི3སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་བསྲོང(སྲོང)བཙན་རྒམ(སྒམ)པས། བོད་འབངས་སྤྱི་འཐུན(མཐུན)ལ་གསུངས་པ། བོད་ཀྱི་མི་རྣམས་ཉོན་ཅིག བོད་ཁ་བ་ཅན་གྱི་མི་རྣམས་སྤྲེའུ་དང་བྲག་སྲིན་མོའི་བུར་སོང་བས། ཁོང་ཙོལ(ཅོལ)ཆུང་ལ་ཁ་སྦྲིན། ཁྲེལ་འཛེམ་དང་ངོ་ཚ་ཆུང་ལ་གསར་འགྲོགས་ལ་དགའ། དད་པ་ཆུང་ལ་སྡིག་ལ་མི་འཛེམ། འགྲན་སེམས་ཆེ་ལ་ཕྲག་དོག་ཆེ། འདོད་ཐག་ཉེ་ལ་ཚིག་མི་བཙན་པས། དུས་ཕྱི་མའི་མི་རྣམས་ཆོས་དང་གང་ཟག་གཉིས་ཀ་ལ་གསར་འགྲོགས་ཆེ་བས། ཆོས་བྱེད་པ་ལ་སྒྲོ་སྐུར་འདོགས། ཆོས་ལ་ནི་གསར་སྔས་ཆེ་བས་དར་སྐྱེན་ལ་ནུབ་སྐྱེན། སྒྲུབ་མི་ནུས་པར་བཤད་འདོད། བསོད་ནམས་དང་འདུ་འཛི་ལ་དགའ། ཆོས་བརྒྱད4ཀྱི་གྲགས་པ་འདོད་པ་ཤེས་ཐག་འབྱུང་བས། དེའི་དུས་སུ་ཐུགས་རྗེ་ཆེན་པོའི་བསྟན་པ་དར་བས་ལྷ་དཀར་པོ་སྒོམ་པ་མང་། རྡོ་དཀར་པོ་ཟ་བའི་དུས། ཆོས་དར་ལ་མ་སྨིན་པའི་དུས་བྱ་བ་ཡིན་པ། དེའི་ཚེ་ཐུགས་རྗེ་ཆེན་པོའི་ཆོས་བྱེད་པར་འདོད་ན་འཁོར་བའི་མཚན་ཉིད་མི་རྟག་པ་ཡིན། རང་རྟག་ཏུ་རེ་སྟེ་ཚེའི་འགྲིབ་ལུགས་བུད་མེད་ཀྱི་གྲུའུ་འཐུལ་བ་བཞིན་འཛད་པ་ཡིན། ཉི་མ་ནུབ་ཁའི་གྲིབ་སོ་བཞིན་འདེད་དེ། བྲོས་པས་མི་ཐར། ཐོ་ཡོར་ལ་བྱ་སྒྲོ་བཙུགས་པ་རླུང་གིས་གཡོ་བ་ལྟར་ནམ་འཆི་ཆ་མེད་པ་ཡིན། བཙོན་གསོད་སར་ཁྲིད་པ་ལྟར་འཆི་བ་ལ་ཇེ་ཉེར་སོང་ནས་འཆི་ངེས་པ་ཡིན། མི་ཤ་འོ་དང་མི་དོང་བ་ཕྲད་པ་ལྟར་འཆི་བ་ལ་བླུ་ཐབས་མེད་པ་ཡིན། དེ་ལ་ཚེ་འདི་བས་ཕྱི་མ་མི་དྲན་པ་ཡིན། དེ་ལྟར་དུག་ལྔ5རང་ཁར་སྤྱད་ན། ཞེ་སྡང6གི་མེ་འབར་བས་དགྲ་མ་ཐུལ་གྱིས་དོགས་ནས་རང་གི་སྲོག་ལ་མི་ལྟ། འདོད་ཆགས7ཀྱི་ཆུ་གྲུགས་པས་གཉེན་མ་སྐྱོངས་ཀྱིས་དོགས་ནས། ནོར་རྫས་ལ་གདུང་སེམས་ཀྱི་ཟས་འདོད་པ་དང་འདྲ། གཏི་མུག8གི་མུན་པར་ཚུད་པས་རང་ངོ་རང་གིས་མ་ཤེས་པ་མུན་ཁུང་དུ་རྫས་ཚོལ(འཚོལ)བ་དང་འདྲ། ང་རྒྱལ9གྱི་རི་བོ་ལ་འཛེགས་པས་ང་བདག་གི་འགོང་བོ་དང་མ་བྲལ་བ་ཆུ་རྩལ་ཅན་ཆུས་ཁྱེར་བ་དང་འདྲ། ཕྲག་དོག10གི་ཚུབ་མར་ཚུད་པས་གཉིས་ཀ་ཕུང་བ་སྟོབས་ཅན་གཡང་སར་འཛིངས་པ་དང་འདྲ། ཉོན་མོངས་དུག་ལྔ་རང་ཁར་སོང་བ་རྩྭ་ལ་མེ་འཆེད(མཆེད)པ་དང་འདྲ། དུག་ལྔ་རང་ཁར་སྤྱད་པས་ཞེ་སྡང་གིས་དམྱལ་བར་སྐྱེ། ཚ་གྲང་གི་སྡུག་བསྔལ་མྱོང་། སེར་སྣས་ཡི་དྭགས་སུ་སྐྱེ། བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་། གཏི་མུག་གིས་བྱོལ་སོང་དུ་སྐྱེ། བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་། འདོད་ཆགས་ཀྱིས་མིར་སྐྱེ། འགྱུར་བའི་སྡུག་བསྔལ11མྱོང་། ཕྲག་དོག་གིས་ལྷ་མ་ཡིན་དུ་སྐྱེ། འཐབ་རྩོད་ཀྱི་སྡུག་བསྔལ12མྱོང་། ང་རྒྱལ་གྱིས་ལྷར་སྐྱེ། འཕོ་ལྟུང་གི་སྡུག་བསྔལ13མྱོང་། འགྲོ་དྲུག་སྡུག་བསྔལ་གྱིས་གཅིག་ནས་གཅིག་ཏུ་འཁོར་བས་སྡུག་བསྔལ་གྱི་མཐའ་མི་ཆོད་པ་ཡིན་ནོ། ། སྡུག་བསྔལ་དེ་ལས་བཟློག་པའི་ཐབས་བཀའ་རྒྱ་ཆེ་ལུང་གྲངས་མང་ཡང་། འགྲོ་དྲུག་གི་སྡུག་བསྔལ་ལས་ཐར་པར་བྱེད་པ་ལ་ཐུགས་རྗེ་ཆེན་པོ་ལས་ལྷག་པ་མེད། སྙིང་པོ་ཡི་གེ་དྲུག་པས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་ཡིན། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་ཡེ་ཤེས་ལྔ14ལྡན་ལྷ་ཡི་སྐྱབས། ། འཕོ་ལྟུང་ཞི་ནས་སྐྱེ་སྒོ་གཅོད། ། མ་སྙིང་རྗེ་ཆེན་པོ་ལྷ་མིན་སྐྱབས། ། འཐབ་རྩོད་ཞི་ནས་སྐྱེ་སྒོ་གཅོད། ། ཎི་བྱམས་པ་ཆེན་པོ་མི་ཡི་སྐྱབས། ། འགྱུར་བ་ཞི་ནས་སྐྱེ་སྒོ་གཅོད། ། པད་དགའ་བ་ཆེན་པོ་བྱོལ་སོང་སྐྱབས། ། གླེན་ལྐུགས་ཞི་ནས་སྐྱེ་སྒོ་གཅོད། ། མེ་བཏང་སྙོམས་ཆེན་པོ་ཡི་དྭགས་སྐྱབས། ། བཀྲེས་སྐོམ་ཞི་ནས་སྐྱེ་སྒོ་གཅོད། ། ཧཱུཾ་ཐུགས་རྗེ་ཆེན་པོ་དམྱལ་བའི་སྐྱབས། ། ཚ་གྲང་ཞི་ནས་སྐྱེ་སྒོ་གཅོད། ། ཐུགས་རྗེ་ཆེན་པོའི་བལྟ(ལྟ)བ་དགོངས་པ་ཕྱོགས་མེད་མཐའ་བྲལ།  སྒོམ་པ་རང་གསལ་འཛིན་མེད། སྤྱོད་པ་མཉམ་པ་རིས་མེད། འབྲས་བུ་ཆོས་སྐུ་འགྱུར་མེད། དམ་ཚིག་དྲི་མེད་རྣམ་དག འཕྲིན་ལས་འགྲོ་དོན་ཕྱོགས་མེད། ཐུགས་རྗེ་ཆེན་པོའི་བལྟ(ལྟ)དགོངས་ཡིན་ནོ། ། རང་གི་གྲོགས་སུ་དམ་པའི་ཆོས་བཟང་བས་ཐུགས་རྗེ་ཆེན་པོའི་ཆོས་ལ་ཆོད(མཆོད)ཅིག སྐྱེལ་མར་དཀོན་མཆོག་གསུམ་བཟང་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་རྒྱུན་མ་བཅད(གཅོད)ཅིག སུན་མར་བླ་མ་ཡི་དམ་མཁའ་འགྲོ་གསུམ་བཟང་བས་གསོལ་བ་རྒྱུན་མ་ཆད་པར་ཐོབ་ཅིག རྒྱབ་སྐྱོར་དུ་ལྟ་སྒོམ་སྤྱོད་པ་གསུམ་བཟང་བས་ཉམས་སུ་ལོངས་ཤིག སྡིག་པ་ཕྲ་མོ་ནས་སྤོངས་ཤིག་ཐིགས་པ་བསགས་པས་རྒྱ་མཚོ་ཙམ་དུ་འགྲོའོ། ། དགེ་བ་ཕྲ་མོ་ནས་གྱིས་ཤིག་རི་རབ་ཆེན་པོ་ཡང་རྡུལ་ཕྲ་རབ་ནས་གྲུབ་བོ། ། ཅི་བྱས་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོས་ཤིག ཕྱིའི་རྒྱ་མཚོ་ལ་མཆིལ་མ་གཅིག་བོར་བ་མི་འཛད་པ་ལྟར་ཡིན་ནོ། ། ཆེས་ཐུགས་རྗེ་ཆེན་པོའི་ཡང་སྙིང་། ཨོཾ་མ་ཎི་པད་མེ་ཧཱུཾ། ཞེས་པ་འདི་བས་ལྷག་པ་མེད་དོ། ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྙིང་པོ་མ་ནོར་བ་ཡིན་ནོ། ། ཞེས་སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པའོ། ། ཨྠི ། །


1.ཁ་བྱང་། སྤྲུལ་པའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པཞེས་པའི་རྩོམ་ཡིག་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་སྟེ་ཡོངས་གྲགས་སུམ་ཎི་བཀའ་འབུམཞེས་པ་ལས་བཤུས། བཀའ་འབུམ་འདི་སྟོད་ཆ་དང་སྨད་ཆ་པོད་གཉིས་ཡོད་དེ། བརྗོད་བྱ་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དང་། བླ་མ་བརྒྱུད་པའི་གསོལ་འདེབས། ཐུགས་རྗེ་ཆེན་པོའི་སྤྲུལ་པ་རྗེ་སྲོང་བཙན་སྒམ་པོའི་ཞལ་གདམས། ལོ་རྒྱུས་ཆེན་མོ་སོགས་སྟོད་ཆ་དང་། ཞལ་གདམས་ཀྱི་སྐོར། ཡི་གེ་དྲུག་པའི་དགུ་ཕྲིགས་བསྟོད་པ། སྐུ་གསུང་ཐུགས་ལ་བསྟོད་པ། ཞལ་གདམས་ཐུན་མོང་མ་ཡིན་པ། བཀའ་ཆེམས་བཀའ་ཁོལ་མ་སོགས་སྨད་ཆར་བསྡུས་ཏེ་པར་དུ་བཀོད་ཡོད།

2.ཨོཾ་མ་ཎི་པདྨེ་ཧཱུཾ། འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་གཟུངས་སྔགས་ཡི་གེ་དྲུག་མ་སྟེ། རྒྱལ་རབས་གསལ་བའི་མེ་ལོངལས། ཡི་གེ་དྲུག་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བ་གཅིག་ཏུ་བསྡུས་པའི་སྙིང་པོ། སངས་རྒྱས་རིགས་ལྔ་དང་གསང་བའི་བདག་པོ་རྣམས་ཀྱི་སྙིང་པོ་ཡིག་འབྲུ་རེ་རེ་ནས་བསྡུས་པའི་གཟུངས་སྔགས། དགེ་ལེགས་དང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕན་བདེའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། མཐོ་རིས་དང་ཐར་པའི་ལམ་ཆེན་པོ་ཡིན་ནོ་ཞེས་གསུངས་སོ། །

3.ཐུགས་རྗེ་ཆེན་པོ། སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བསྡུས་ཚིག་གམ་སྤྱན་རས་གཟིགས་ཀྱི་མིང་གི་རྣམ་གྲངས་ཏེ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་དགོངས་པས་གདུལ་བྱའི་ཁམས་དུས་རྟག་ཏུ་གཟིགས་ཤིང་སྡུག་བསྔལ་སོགས་ལས་སྐྱོབ་པར་མཛད་པས་ན་དེ་ལྟར་བརྗོད་དོ། །

4.ཆོས་བརྒྱད། འཇིག་རྟེན་ཆོས་བརྒྱད་ཀྱི་བསྡུས་ཚིག་སྟེ། བཤེས་སྤྲིངསལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། ། བདེ་དང་མི་བདེ་སྙན་དང་མི་སྙན་དང་། ། བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། ། ཞེས་གསུངས་པ་ལྟར་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པ་དང་། མ་རྙེད་པར་ཕོངས་པ། ལུས་ལ་ནད་མེད་ཅིང་སེམས་ཉམས་བག་བདེ་བ་དང་། མི་བདེ་བ། གཞན་གྱིས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཐོས་པའི་གཏམ་སྙན་པ་དང་། མི་སྙན་པ། རང་ལ་དངོས་སུ་བསྟོད་པ་དང་སྨད་པ་སྟེ། ཕན་གནོད་ཀྱི་དབང་གིས་དགའ་བ་དང་མི་དགའ་བར་འགྱུར་བའི་ཆོས་བརྒྱད་པོ་འདིའོ། །

5.དུག་ལྔ། རང་རྒྱུད་སྡུག་བསྔལ་བར་བྱེད་པའི་དུག་ལྟ་བུའི་སེམས་བྱུང་ལྔ་སྟེ། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་བཅས་ལྔའོ། །

6.ཞེ་སྡང་། ཁོང་ཁྲོའི་མིང་གི་རྣམ་གྲངས་ཏེ། ངོ་བོ་ནི། ཀུན་བཏུསལས། ཁོང་ཁྲོ་གང་ཞེ་ན། སེམས་ཅན་རྣམས་དང་། སྡུག་བསྔལ་དང་། སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། རེག་པར་མི་གནས་པ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ནོ། ། ཞེས་གསུངས་པ་ལྟར་རང་ཡུལ་རང་སྟོབས་ཀྱིས་མནར་སེམས་པའི་སེམས་བྱུང་ཞིག་གོ།

7.འདོད་ཆགས། དུག་ལྔའི་ནང་གསེས། ངོ་བོ་ནི། ཀུན་བཏུསལས། འདོད་ཆགས་གང་ཞེ་ན། ཁམས་གསུམ་པའི་རྗེས་སུ་ཆགས་པ་སྟེ། སྡུག་བསྔལ་བསྐྱེད་པའི་ལས་ཅན་ནོ། ། ཞེས་གསུངས་པ་ལྟར་དམིགས་ཡུལ་སྲིད་པའི་ཕུན་ཚོགས་ལ་དམིགས་ནས་རང་སྟོབས་ཀྱིས་ཆགས་པའམ་ཞེན་པའི་རྣམ་པ་ཅན། བྱེད་ལས་སྡུག་བསྔལ་སོགས་བསྐྱེད་པའི་སེམས་བྱུང་ཞིག་གོ།  

8.གཏི་མུག མ་རིག་པ་སྟེ། ངོ་བོ་ནི། ཀུན་བཏུསལས། མ་རིག་པ་གང་ཞེ་ན། ཁམས་གསུམ་པའི་མི་ཤེས་པ་སྟེ། ཆོས་རྣམས་ལ་ལོག་པར་ངེས་པ་དང་། ཐེ་ཚོམ་དང་ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། ། ཞེས་གསུངས་པ་ལྟར་ཁམས་གསུམ་གྱི་ཆོས་ཀྱི་ཚུལ་ཡང་དག་པར་མ་རྟོགས་པའམ་ཕྱིན་ཅི་ལོག་ཏུ་འཛིན་པའི་རྨོངས་པ་དང་། བྱེད་ལས་ཉོན་མོངས་གཞན་བསྐྱེད་པའི་སེམས་བྱུང་ཞིག་གོ། 

9.ང་རྒྱལ། དུག་ལྔ་དང་རྩ་ཉོན་དྲུག་གི་ནང་གསེས། ངོ་བོ་ནི། ཀུན་བཏུསལས། ང་རྒྱལ་གང་ཞེ་ན། འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་པ་སྟེ། མི་གུས་པ་དང་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ནོ། ། ཞེས་གསུངས་པ་ལྟར་རང་ཡུལ་ལ་རང་སྟོབས་ཀྱིས་སེམས་ཁེངས་པར་བྱེད་པའི་རྣམ་པ་ཅན། བྱེད་ལས་གཞན་ལ་མ་གུས་པ་དང་སྡུག་བསྔལ་འབྱུང་བའི་སེམས་བྱུང་ཞིག་གོ། 

10.ཕྲག་དོག དུག་ལྔ་དང་ཉེ་ཉོན་ཉི་ཤུའི་ནང་གསེས། ངོ་བོ་ནི། ཀུན་བཏུསལས། ཕྲག་དོག་གང་ཞེ་ན། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་ནས་གཞན་གྱི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བསྟོད་པར་གྱུར་པ་སེམས་ཁོང་ནས་འཁྲུགས་པ་ཞེ་སྡང་གི་ཆར་གཏོགས་པ་སྟེ་ཡིད་མི་བདེ་བ་དང་རེག་པར་མི་གནས་པའི་ལས་ཅན་ནོ། ། ཞེས་གསུངས་པ་ལྟར། གཞན་གྱི་ཕུན་ཚོགས་ལ་སེམས་རང་སྟོབས་ཀྱིས་འཁྲུགས་པར་བྱེད་པའི་རྣམ་པ་ཅན། བྱེད་ལས་ཡིད་མི་བདེ་བ་སྐྱེད་པར་བྱེད་པ་ཁོང་ཁྲོའི་ཆར་གཏོགས་པའི་སེམས་བྱུང་ཞིག་གོ། འདི་དང་ཁོང་ཁྲོ་གཉིས་ཁྱད་པར་ཡོད་དེ། འདི་ནི་ཁོང་འཁྲུགས་པ་ཙམ་ཡིན་ལ། ཁོང་ཁྲོ་ནི་འདིའི་སྟེང་གཞན་ལ་གནོད་པར་སེམས་པ་ཡིན་པའི་ཕྱིར་རོ། །

11.འགྱུར་བའི་སྡུག་བསྔལ། བཤེས་སྤྲིངས་འགྲེལ་བལས། ཚོར་བ་བདེ་བ་དང་འབྲེལ་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་ཡིན་ཞེས་གསུངས་ཏེ། ཟག་བཅས་ཀྱི་ཚོར་བ་བདེ་བ་ནི་ནམ་ཞིག་ན་ཡང་སྡུག་བསྔལ་བསྐྱེད་པ་ལ་འགྱུར་བའི་སྡུག་བསྔལ་ཞེས་ཟེར་རོ། ། 

12.འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་རང་གི་བསོད་ནམས་ཀྱིས་རང་བཞིན་གྱི་ལོངས་སྤྱོད་དང་ལྡན་པ་ལ། ལྷ་མིན་རྣམས་ཀྱི་ཕྲག་དོག་དང་ཞེ་སྡང་གིས་ལྷ་ལ་དམག་བྱེད་པར། ལྷ་རྣམས་ནི་བདུད་རྩི་དང་ལྡན་ཞིང་བསོད་ནམས་ཆེ་བས་ཤི་བ་ཉུང་བ་དང་། དཔུང་ཉམས་པར་མི་འགྱུར་ཞིང་། ལྷའི་དཔུང་ཚོགས་ལ་འཐབ་པར་ལྷ་མིན་རྣམས་བདུད་རྩི་མི་ལྡན་ཞིང་བསོད་ནམས་ཆེ་བས་ཤི་བ་ཉུང་བ་དང་། དཔུང་ཉམས་པར་མི་འགྱུར་ཞིང་།  ལྷའི་དཔུང་ཚོགས་ལ་འཐབ་པར་ལྷ་མིན་རྣམས་བདུད་རྩི་མི་ལྡན་ཞིང་བསོད་ནམས་དམན་པས། གསོད་དང་གཡུལ་ཉམས་པས་ཆེས་སྡུག་བསྔལ་བར་འགྱུར་བ་ལ་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ཞེས་བརྗོད་དོ། །

13.འཕོ་ལྟུང་གི་སྡུག་བསྔལ། ལྷའི་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཏེ། བཤེས་སྤྲིངསལས། ལྷ་ཡི་འཇིག་རྟེན་དག་ན་འཕོ་བ་ལ། ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། ། དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། ། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ། ཞེས་གསུངས་པ་ལྟར། ། ལྷའི་འཇིག་རྟེན་དག་ནས་ཚེ་འཕོ་བ་ལ་ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། དབང་མེད་དུ་དུད་འགྲོ་དང་། ཡི་དྭགས། དམྱལ་བ་དེ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་བར་འགྱུར་རོ། ། འཆི་འཕོ་བའི་ཚེ། ལྷའི་མངོན་ཤེས་ཀྱིས་རང་གང་དུ་སྐྱེ་བའི་གནས་མཐོང་བར་གྱུར་པས། གནས་འདིར་འཇུག་པ་ལ་སྐྲག་ཅིང་སྡུག་བསྔལ་གྱིས་ལུས་སྐམ་པར་འགྱུར་བ་ལ་སོགས་པ་ནི་ལྷའི་འཕོ་ལྟུང་གི་སྡུག་བསྔལ་ལོ། །

14.ཡེ་ཤེས་ལྔ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་སྒྲུབ་ཡེ་ཤེས།  ཆོས་དབྱིངས་ཡེ་ཤེས་ཏེ་ལྔའོ། ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་དྲི་མ་དག་སྟེ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་མོངས་པའི་ཡིད་བདག་ཏུ་ལྟ་བའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བདག་དང་གཞན་དུ་མི་འབྱེད་དེ་མཉམ་པས་ན་མཉམ་ཉིད་ཡེ་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་། མིག་ལ་སོགས་པའི་སྒོ་ལྔའི་རྣམ་པར་ཤེས་པ་ཆོས་སྣ་ཚོགས་ལ་ཐ་དད་པར་རྟོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་བྱ་སྒྲུབ་ཡེ་ཤེས་དང་། གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཏེ་ཆོས་དབྱིངས་ཡེ་ཤེས་སོ། །



上一篇:སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་བརྗོད་བྱའི་ས་བོན་དང་མཚོན་དོན་ལ་རགས་ཙམ་དཔྱད་པ་སྔོན་མེད་གསར་བཤད།

下一篇:བོད་ལ་སློབ་གཉེར་དུ་སོང་བ་རྣམས་ལ་བསླབ་བྱ་བྱས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2714687 位访客