སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་བརྗོད་བྱའི་ས་བོན་དང་མཚོན་དོན་ལ་རགས་ཙམ་དཔྱད་པ་སྔོན་མེད་གསར་བཤད།

发布时间:2018-05-31 04:51:04

 དང་པོ།  སྐྱ་བསེང་བུ་ལྔའི་རྟོགས་བརྗོད་སྤྱིར་བཤད་པ།

     སྐྱ་བསེང་བུ་ལྔའི་རྟོགས་བརྗོད་འདི་ནི་དུས་རབས་19པར་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་ས་སྐྱ་ལེགས་བཤད་ཀྱི་འགྲེལ་བའི་གཏམ་རྒྱུད་ཀྱི་གཞུང་ལྟར།   ཚིགས་བཅད་སྙན་ངག་གི་ལམ་ནས་བརྩམས་པའི་ཤོ་ལོ་ཀ་བརྒྱ་དང་ཞེ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཡིན་ལ།  སྙན་རྩོམ་འདིའི་མཚན་བྱང་ཁ་ཚང་ལ་སྐྱ་བསེང་བུ་ལྔའི་རྟོགས་པ་བརྗོད་པ་དབྱངས་ཅན་འཕང་འགྲོའི་རང་སྒྲར་འཕོས་པ་བློ་ལྡན་ཡིད་དབང་འདྲེན་པ་རྨད་བྱུང་འཕྲུལ་གྱི་ཤིང་རྟ་ཞེས་བྱ་ཞིང་།  ཉེ་སྔོན་རྟོགས་བརྗོད་འདི་ལ་པར་གཞི་མི་འདྲ་བ་གཉིས་མཆིས་ཏེ།   དང་པོའི་རྩོམ་གདན་དེ་ཁོང་ཚང་པཎ་ཆེན་སྐུ་ཕྲེང་དགུ་པ་དང་མཉམ་དུ་ཨ་མདོ་སྐུ་འབུམ་བྱམས་པ་གླིང་དུ་བཞུགས་རིང་བརྩམས་པ་ཞིག་ཡིན་ལ།ཅིག་ཤོས་ནི་ཕྱིར་གཙང་བཀྲ་ཤིས་ལྷན་པོར་ཕེབས་རྗེས་སྔར་གྱི་རྩོམ་གདན་ལ་འཕྲི་སྣོན་དང་ལེགས་བཅོས་མང་པོ་བྱས་མཐར་ཡོངས་སུ་གྲུབ་པ་ཞིག་ཡིན།    རྟོགས་བརྗོད་འདི་ནི་རླབས་ཆེན་གྱི་རྒྱལ་པོ་བྷ་ར་ཏའི་རྒྱུད་པ་ཞེས་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིན་ཅན།   གཞུང་ཚད་ཤོ་ལོ་ཀ་འབུམ་ལྷག་ཡོད་པར་གྲགས་པའི་གཏམ་རྒྱུད་རིང་མོ་དེའི་བརྗོད་དོན་སྙིང་པོ་ཉུང་ངུར་བསྡུས་པ་ཞིག་ཡིན་པར་གྲགས་ལ།  སྙན་རྩོམ་འདིར་ཁོང་ཚང་གིས་རྒྱལ་པོ་བྷ་ར་ཏའི་རྒྱུད་པར་འཁྲུངས་པའི་སྐྱ་བསེང་རིགས་དང་སྒྲ་ངན་རིགས་གཉིས་སྤྱིར་ཁྱིམ་རྒྱུད་གཅིག་གི་མི་ཡིན་མོད།  སྒྲ་ངན་གྱི་ཕྲག་དོག་དང་གཞན་གྱི་ངན་སྨྲས་སོགས་ཀྱིས་རྒྱལ་སྲིད་ཀྱི་དོན་ལ་མ་འཆམ་པར།   སྤུན་ཟླ་ནང་དམེས་ཀྱིས་གཡུལ་གྱི་འཁོར་ལོ་ཡུན་རིང་བསྐོར་མཐར།   མི་ཤི་ཁྱིམ་སྟོང་དུ་གྱུར་པའི་གཏམ་རྒྱུད་གཙོར་བཟུང་སྟེ་བྲིས་པ་ཞིག་རེད།

     གཉིས་པ།   སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་བརྗོད་བྱའི་ས་བོན་ལ་དཔྱད་པ།

     དཔྱོད་པ་མང་པོས་སྤྱི་མཐུན་དུ་འདོད་པ་ནི་སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་བརྗོད་བྱའི་ས་བོན་ནི་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཡིན་པར་བཞག་ཡོད། ལྟ་ཚུལ་འདི་ལ་སྤྱིའི་ཆ་ནས་བལྟས་ཚེ་གནོད་པ་མེད་ཀྱང་། ལྷ་སྒྲུང་དང་ཆོས་ལུགས། ལོ་རྒྱུས། ཡུལ་ཆོས་སོགས་ཀྱི་མཛོད་དུ་གྱུར་པའི་སྒྲུང་རབས་འདི་རུ། གཏམ་རྒྱུད་ཀྱི་བརྗོད་བྱ་གཙོ་བོ་ལས་རིང་དུ་བརྒལ་བའི་ཕལ་བའི་གཏམ་རྒྱུད་ཅི་རིགས་ཀྱིས་སྒྲུང་རབས་འདིའི་མགོ་མཇུག་བར་གསུམ་དུ་ཡོངས་སུ་བསྣོལ་ཞིང་བསྒྲིབས་ཏེ། ཏག་ཏག་བར་གསེས་ཀྱི་གཏམ་རྒྱུད་གཞན་མ་འདི་དག་གིས་ཀྱང་གླེགས་བམ་ཞིག་ཟུར་དུ་སྒྲུབ་ནུས་པར་བཞེད་པས། སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་བརྗོད་བྱའི་ས་བོན་དེ་ཐད་ཀར་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཀྱི་གཞུང་ཆེན་འདི་ལ་སྦྱར་ན་ཐལ་ཆེ་ཨེ་དྲགས་སྙམ།  དེས་ན་ཕྱིས་དཔྱོད་པ་དག་གི་དཔྱད་འབྲས་ལ་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་འདི་མི་གཅིག་གི་ལག་བརྒྱུད་ནས་བརྩམས་པ་ཞིག་ཡེ་ནས་མ་ཡིན་པར་མ་མཐར་ཡང་རྩོམ་མཁན་གསུམ་བརྒྱུད་ཡོད་དེ།  དྲང་སྲོང་རྒྱས་པས་རྒྱལ་ཁའི་གླུ་དབྱངས་དང་།  དམངས་སྐྱོང་﹙护民﹚གིས་བྷ་ར་ཏ།   དྲང་སྲོང་སོ་སྟ་﹙骚底仙人﹚ས་མ་ཧཱ་བྷ་ར་ཏ་ཞེས་ད་ལྟའི་རྣམ་པ་འདི་བརྩམས་པར་བཞེད།   དེ་ན་དྲང་སོང་རྒྱས་པས་མཛད་པའི་རྒྱལ་ཁའི་གླུ་དབྱངས་ཞེས་པའི་ནང་དུ་སྐྱ་བསེང་རིགས་དང་སྒྲ་ངན་རིགས་གཉིས་འཐབ་ནས་མཐར་སྐྱ་བསེང་རིགས་གཡུལ་ལས་རྒྱལ་བའི་གཏམ་རྒྱུད་འདི་རྐྱང་གཙོ་བོར་བསྟན་ལ་གཞུང་ཚད་ལ་ཤོ་ལོ་བརྒྱད་སྟོང་བརྒྱད་བརྒྱ་ཡོད།  དེ་ནས་དྲང་སྲོང་རྒྱས་པའི་སློབ་མ་དམངས་སྐྱོང་གིས་རང་གི་དགེ་རྒན་གྱིས་བརྩམས་པའི་ནང་དོན་དེར་ལེགས་བཅོས་དང་ཁ་གསབ་བྱས་ཏེ་ཚིགས་བཅད་ཉིས་ཁྲི་བཞི་སྟོང་ཅན་གྱི་བྷ་ར་ཏ་ཞེས་པ་གྲུབ།   ཕྱིས་ཀྱི་མ་ཧཱ་བྷ་ར་ཏ་ནི་དྲང་སྲོང་སོ་སྟིས་བྷ་ར་ཏར་འགྲེལ་བ་འགྲེལ་བཤད་ཀྱི་ཚུལ་གྱིས་ད་ལྟའི་རྣམ་པ་འདི་གྲུབ་པས།  མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ལ་འཕེལ་རྒྱས་ཁྲོད་ཀྱི་སྒྲུང་རབས་ཞེས་བརྗོད་ཀྱིན་ཡོད།   དེ་བས་ཁོ་བོས་བལྟས་ན་དྲང་སྲོང་རྒྱས་པས་མཛད་པར་གྲགས་པའི་རྒྱལ་ཁའི་གླུ་དབྱངས་ནི་རྟོགས་བརྗོད་འདིའི་དང་པོའི་ས་བོན་བསྙོན་མེད་དུ་འཁུམས།  རྒྱུ་མཚན་ནི།  1.གོང་དུ་བརྗོད་པ་ནང་བཞིན་མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་འདི་ལ་རྩོམ་མཁན་གསུམ་བརྒྱུད་ཡོད་པའི་དང་པོ་སྟེ།  རྒྱལ་ཁའི་གླུ་དབྱངས་ནི་བྷ་ར་ཏ་དང་མ་ཧཱ་བྷ་ར་ཏའི་དང་པོའི་རྩོམ་གདན་ཡིན།   2.ངེས་བརྗོད་རིག་བྱེད་སོགས་སུ་བྷ་ར་ཏའི་རིགས་ཀྱི་རྒྱུད་པར་སྒྲ་ངན་གྱི་རིགས་བྱ་བ་དེས་རྒྱལ་སྲིད་ལོ་མང་བསྐྱངས་ཚུལ་དང་།   དེ་མིན་མཆོད་སྦྱིན་རིག་བྱེད་སོགས་སུ་སྒྲ་ངན་གྱི་ཁྱིམ་རྒྱུད་ཁྲོད་སྤུན་ཟླ་ནང་དམེ་ཡིས་ཁྲག་གི་འཐབ་མོ་བསྐོར་ཞེས་པ་འདིས་རིགས་གཉིས་ཀྱི་འཐབ་མོ་དེ་སྔོན་གནའ་བོའི་རྒྱ་གར་དུ་དངོས་སུ་བྱུང་མྱོང་དེ་མཐོང་ཐུབ་པས།  རིགས་གཉིས་ཀྱི་འཐབ་མོ་གཙོར་སྟོན་པའི་དྲང་སྲོང་རྒྱས་པའི་རྒྱལ་ཁའི་གླུ་དབྱངས་ལ་ཁུངས་ཡོད་པར་བྱས།   3.མ་ཧཱ་བྷ་ར་ཏའི་གཏམ་རྒྱུད་ཁྲོད་བཀྲ་ཤིས་པའི་བསྟོན་ཚིག་སྟོན་པའི་ནང་དུ།   ཤེས་རབ་ཀྱི་ལྷ་མོ་སོགས་ལ་ཕྱག་མཆོད་བྱེད་དུས།    རྒྱལ་ཁའི་གླུ་དབྱངས་ཞེས་པའི་སྙན་ཚིག་དེ་འདོན་དགོས་པའི་བཅོས་པ་ཡོད་ཅེས་པ་འདིས།   སྔོན་དུས་སུ་དྲང་སྲོང་རྒྱས་པའི་མཛད་པའི་རྒྱལ་ཁའི་གླུ་དབྱངས་དེ་རང་རྐྱ་ཐུབ་པར་ཡོད་པ་བདེན་དཔང་བྱེད་ནུས། 4.རྒྱལ་ཁའི་གླུ་དབྱངས་དང་སྐྱ་བསེང་བུ་ལྔའི་རྟོགས་བརྗོད་གཉིས་ཀས་རིགས་གཉིས་ཀྱི་འཐབ་མོ་རྐྱང་བརྗོད་ཀྱི་ཡོད་པས་སོ།

     གསུམ་པ།   སྐྱ་བསེང་བུ་ལྔའི་རྟོགས་བརྗོད་ཀྱི་མཚོན་དོན་ལ་དཔྱད་པ།

     ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱི་འཚོ་བཞུགས་དུས་ནི་དུས་རབས་བཅུ་དགུ་པར་འཁེལ་ཞིང་།   སྐབས་དེའི་བོད་ཀྱི་ལོ་རྒྱུས་གནས་བབ་ནི་སྤྱིའི་ཆ་ནས་ཅུང་རྙོག་འཛིང་ཆེ་ལ་འགལ་བ་སྣ་ཚོགས་གནས་པ་ཞིག་ཡིན་ཏེ།   རྒྱལ་དབང་བཅུ་གསུམ་མཆོག་གིས་སྲིད་ཀྱི་འགན་བཞེས་པའི་དུས་སྐབས་དེའི་སྔ་གཞུག་ཏུ།   དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་མངོན་སུམ་མཛེས་མེད་དུ་བོད་འདི་ཁ་ལོ་བསྒྱུར་ཆེད་གཡོ་ཐབས་སྣ་ཚོགས་དང་ཞི་དྲག་གཉིས་སྦྱོར་གྱིས་བཙན་འཛུལ་བྱས་ཤིང་།  པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་བཙན་ཤེད་ཀྱིས་རྒྱ་གར་དུ་ཁྲིད་དེ་འབྱུང་འགྱུར་བོད་ཀྱི་དབང་ཆ་ཡོངས་སུ་ཁ་ལོ་བསྒྱུར་ཐུབ་པའི་རེ་ངན་བཅངས།   དེ་མིན་ཨུ་རུ་སུས་ཀྱང་གོ་སྐབས་དེ་དང་བསྟུན་ནས་འདྲེ་ལག་བོད་དུ་བརྐྱངས་ཏེ་བོད་ཀྱི་ཆབ་སྲིད་དང་དམག་དོན།   དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ཡོངས་སུ་ཁ་ལོ་བསྒྱུར་རྩིས་བྱས་ཀྱང་།   བོད་ས་གནས་སྲིད་གཞུང་དང་སེར་སྐྱ་མི་དམངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས།   འོན་ཀྱང་བོད་ས་གནས་སྲིད་གཞུང་གིས་མགོན་དུ་བཀུར་བའི་ཆིན་སྲིད་གཞུང་གིས་ཕྱིའི་དབྱིན་ཇི་བཙན་འཛུལ་པར་ཞེད་སྣང་གིས་མགོ་འདོགས་རིང་ལུགས་ཀྱི་སྲིད་ཇུས་བསྟར་བས།   བོད་འདི་སྔར་བས་ཉེན་ཁའི་གནས་སུ་ལྷུང་ཡང་བོད་རིགས་མི་དམངས་ཀྱི་ཅིའི་མི་སྙམ་པའི་ངོ་རྒོལ་དང་།  ལྷག་པར་རྒྱལ་དབང་བཅུ་གསུམ་མཆོག་རྒྱ་གར་ནས་ཕྱིར་ཕེབས་རྗེས་སྲིད་འཛིན་གྱི་བྱེད་ཐབས་གསར་བ་མང་པོ་བཏོན་པ་སོགས་ཀྱིས་ཡང་དག་པའི་ལམ་དུ་བསྐྱོད་མགོ་ཚུགས་པ་རེད།  འདི་དག་ནི་སྐབས་དེའི་བོད་ཀྱི་ལོ་རྒྱུས་སྟེང་གནས་པའི་ཕྱིའི་འགལ་བའི་རྣམ་པ་གཙོ་བོ་ཡིན།

     དེ་མིན་རྒྱལ་དབང་བཅུ་གསུམ་མཆོག་རྒྱ་གར་ནས་ཕྱིར་ཕེབས་རྗེས་སྲིད་འཛིན་གྱི་བྱེད་ཐབས་གསར་བ་མང་པོ་བཏོན་ཏེ།  བོད་ས་གནས་སྲིད་གཞུང་དང་དགོན་སྡེ་ཁག་དབར་འགལ་བ་ཆེན་པོ་ལངས་པ་དང་།   ལྷག་པར་པཎ་ཆེན་གྱི་མངའ་ཞབས་བཀྲ་ཤིས་ལྷུན་པོ་དང་འབྲེལ་བ་ཇེ་སྡུག་ཏུ་སོང་ཞིང་།  དེའི་རྒྱུ་མཚན་གཙོ་བོ་ནི་ཆིན་རྒྱལ་རབས་ཀྱི་དུས་ནས་བཟུང་པཎ་ཆེན་གྱི་མངའ་ཁོངས་དགོན་སྡེ་ཁག་དང་།  སྒེར་བ་སོགས་ཀྱིས་ས་ཞིང་དང་འབྲོག་སྡེ་མང་པོ་བདག་བཟུང་བྱས་ཀྱང་བཀྲ་ཤིས་ལྷུན་པོར་དཔྱ་ཁྲལ་དང་ཞིང་བོགས་གང་འཚམ་འཇམ་དགོས་པ་ཙམ་ལས།  བོད་ས་གནས་སྲིད་གཞུང་ལ་དཔྱ་ཁྲལ་ཆེ་རིགས་འཇལ་མི་དགོས་སྟབས་དཔྱ་ཁྲལ་ལམ་སྲོལ་གསར་དུ་གཏན་འཁེལ་གནང་བ་དེས་ཁོ་པ་ཚོའི་ཁེ་ཕན་ལ་གནོད་འཚེ་ཆེན་པོ་ཕོག་སྟབས་ཡིད་མི་རངས་པར་གྱུར།  བོད་ས་གནས་སྲིད་གཞུང་གིས་བཀྲ་ཤིས་ལྷུན་པོའི་བླ་བྲང་ཁོངས་གཏོགས་རྣམས་ཀྱང་རྒྱལ་དབང་གི་མངའ་ཞབས་དང་སྤྱི་མཚུངས་སུ་བསྒྱུར་ཆེད། 1914ལོར་མཁན་ཆེན་བློ་བཟང་དོན་འགྲུབ་སོགས་གཞིས་ཀ་རྩེའི་སྤྱི་ཛོང་དུ་བསྐོ་གཞག་བྱས་ཏེ་གཙང་ཕྱོགས་རྫོང་ཁག་བཅུ་དྲུག་ལ་དོ་དམ་བྱས།    པཎ་ཆེན་མངའ་འོག་གི་རྫོང་ཁག་ཚང་མ་དེའི་ནང་དུ་འདུས་པར་མ་ཟད་རྫོང་ཁག་དེ་དག་ནས་ཁྲལ་རིགས་སྣ་ཚོགས་སྡུད་ལེན་བྱས་ཤིང་།     དེ་བཞིན་1921ལོར་ཞིབ་འཕར་ལས་ཁུངས་གསར་དུ་བཙུགས་རྗེས།   བཀྲ་ཤིས་ལྷུན་པོས་ལོ་རེར་དམག་ཕོགས་འབྲུ་ཁལ་ཆིག་ཁྲི་སྤྲོད་དགོས་ཞེས་པ་སོགས་ཀྱི་བཀའ་ཕབ་སྟབས།    བོད་ས་གནས་སྲིད་གཞུང་དང་བཀྲ་ཤིས་ལྷུན་པོའི་དབར་གྱི་འགལ་བ་ཉིན་བཞིན་ཇེ་སྡུག་ཏུ་སོང་བ་རེད།   མཐར་1923ལོའི་ཟླ་11པའི་ཚེས་15ཉིན་གྱི་མཚན་མོར་པཎ་ཆེན་སྐུ་ཕྲེང་དགུ་པ་སྐུ་འཁོར་དང་བཅས་ཀྲུང་གོའི་ནང་ཁུལ་དུ་བྲོས་བྱོལ་དུ་ཕེབས་པ་སོགས་ནི་སྐབས་དེའི་བོད་ཀྱི་ནང་འགལ་གྱི་རྣམ་པ་གཙོ་བོ་རེད།

     དེ་བས་རྩོམ་པ་པོ་ཁོང་ཉིད་ནི་པཎ་ཆེན་སྐུ་ཕྲེང་དགུ་པའི་ཞབས་ཞུར་འབྲངས་ཏེ།  ནང་ས་དང་མདོ་སྨད་སོགས་སུ་ལོ་མང་བཞུགས་ཤིང་།  བོད་ས་གནས་སྲིད་གཞུང་དང་བཀྲ་ཤིས་ལྷུན་པོ་དབར་གྱི་འགལ་བས་སྡོད་ཐབས་བྲལ་ཏེ།  ཕྱིར་བྲོས་བྱོལ་ལ་ཕེབས་པའི་པཎ་ཆེན་སྐུ་ཕྲེང་དགུ་པ་དང་མཉམ་དུ། ཡུལ་གྱར་བ་རྣལ་མའི་འཚོ་བ་དངོས་སུ་མྱངས་ཤིང་མཐོང་བའི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་སྟེང་གི་ནང་འགལ་འདི་དག་ལ་གཞིགས་ནས། རིགས་གཉིས་ཀྱི་འཐབ་མོ་མཚོན་པའི་རྟོགས་བརྗོད་འདི་ཉིད་བརྩམས་པར་འདོད་དེ།  རྟོགས་བརྗོད་འདིར་བརྗོད་པའི་རིགས་གཉིས་ནི་སྤྱིར་ཁྱིམ་རྒྱུད་གཅིག་གི་མི་ཡིན་པ་ལ།  མཐར་སྲིད་ཀྱི་དོན་ལ་མ་འཆམ་པར་སྤུན་ཟླ་ནང་དམེ་བྱས་པའི་གཏམ་རྒྱུད་འདི་དང་འདྲ་བར།  འདི་ནི་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཕྱོགས་གཉིས་བར།   སྲིད་ཕྱོགས་ཀྱི་དོན་མང་པོར་དགོངས་པ་གཅིག་ཏུ་མ་འཆམ་པ་ཡིན་པའི་རྟགས་ཡིན་པས།  འདི་ནི་རྩོམ་པ་པོས་བརྗོད་འདོད་ཀྱི་དོན་ཏེ་རྟོགས་བརྗོད་འདིའི་མཚོན་བྱར་སྙམ།


上一篇:རྟོགས་བརྗོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

下一篇:《མ་ཎི་བཀའ་འབུམ》་ལས་སྤྲུལ་བའི་རྒྱལ་བོས་བོད་ཁམས་སྤྱི་ལ་གདམས་པ། རྒྱལ་བོ་སྲོང་བཙན་སྒམ་པོ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731032 位访客