རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

发布时间:2018-05-17 02:52:10

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། གྲོས་ཚོགས་ལས་ཁྱོན་ཡོངས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་ཚུན་གྱི་ལས་རིམ་ཁག་སོ་སོའི་བྱ་བ་སྤེལ་བར་སྤྱི་སྡོམ་བྱས་ཏེ། མ་འོངས་པའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བར་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་ཐེངས་འདིའི་ཚོགས་འདུར་ཞུགས་ནས་གཏམ་བཤད།

 

          ཝང་ཅན་ཅོན་གྱིས་བླང་བྱ་བཏོན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་ལས་རིམ་གསར་བ་ཞིག་དང་མ་ལག་བཟོ་སྐྲུན་གསར་རྐྱང་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། ཁྱད་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བསམ་བློ་གལ་ཆེན་ལག་བསྟར་ནན་མོ་བྱས་ཏེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལྟར་དུ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་པའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ལྔ་བཞི་འཐབ་ཇུས་ལག་བསྟར་དོན་གནས་བྱས་ནས། རྒྱུན་ཆད་མེད་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་གཏིང་ཟབ་དུ་སྤེལ་དགོས། བར་མ་ཆད་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་དགོས། ལས་རིམ་ཁག་སོ་སོའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་འཕར་བར་བརྩོན་ལེན་དང་། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་ནས། རྨ་འབྲི་རྫ་གསུམ་གྱི་ཆུ་བོ་ཆེན་པོ་དུས་རྟག་ཏུ་ཆད་པ་མེད་པར་ཀྲུང་ཧྭ་འཛིན་མའི་ཁྱོན་ཀུན་ཏུ་བཞུར་ཐུབ་པར་འགན་ལེན་ཁག་ཐེག་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་མཛེས་པའི་ཀྲུང་གོ་བསྐྲུན་པར་མཚོ་སྔོན་མི་དམངས་ཀྱིས་བྱས་རྗེས་འཇོག་ཐུབ་དགོས་ཟེར།

 

            ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་གཏོང་བའི་བཅོས་སྒྱུར་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཐུས་ཚང་འཛུགས་པའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་ཡིན། ས་གནས་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བསམ་བློ་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལེགས་པོ་བྱེད་པའི་འོས་འགན་ལྕི་མོ་ཁ་མིན་དོན་གྱིས་ཕྲག་སྟེང་དུ་བླངས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། གནད་དོན་ཁ་ཕྱོགས་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་གྲུབ་རྒྱུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཁྱོན་ཡོངས་ནས་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ། དྲིལ་སྒྲོག་སློབ་གསོའི་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ཏེ། གནད་ས་འབུར་ཐོན་དང་གནད་ཕིགས་ཤུགས་འདོན། ཕན་འབྲས་མཐོན་པོ། རྒྱུན་མཐུད་དམ་འཛིན་བཅས་ཀྱི་བྱ་བ་དངོས་འབེབས་བཟང་བོ་བྱས་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་ད་སྐྱེ་ཁམས་དཔལ་ཡོན་གྱི་དག་ཞིང་ལྟ་བུར་བསྒྱུར་དགོས་ཟེར།

     ཚོགས་ཐོག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྲུང་སྐྱོབ་དང་དོ་དམ་སྐོར་གྱི་འགན་འཁྲིའི་ཆོད་ཡིག་སྟེང་མིང་རྟགས་བཀོད།།

 


上一篇:སྐར་ཚོགས་ས་ལ་འཕོས་འདྲའི་མཐིང་མདོག་མཚོ་མོའི་མཛེས་ཉམས། —— གཡུ་ཡི་རླབས་ཕྲེང་དགུང་ལ་འཕྱོ་བའི་མཐིང་མདོག་མཚོ་མོའི་མཛེས་ཉམས་ལ་ལྟ་བ།

下一篇:མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་དགེ་འོས་སློབ་གསོའི་གླེང་སྟེགས་སྐབས་དང་པོ་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731101 位访客