སྐར་ཚོགས་ས་ལ་འཕོས་འདྲའི་མཐིང་མདོག་མཚོ་མོའི་མཛེས་ཉམས། —— གཡུ་ཡི་རླབས་ཕྲེང་དགུང་ལ་འཕྱོ་བའི་མཐིང་མདོག་མཚོ་མོའི་མཛེས་ཉམས་ལ་ལྟ་བ།

发布时间:2018-05-17 08:18:48

 གནམ་མཚོ།

     བོད་ནི་གངས་རི་ར་བས་བསྐོར་བ་མ་ཟད། རང་རྒྱལ་གྱི་མཚོ་མོ་མང་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན། སྤྱི་ལེ་ངོས་གྲུ་120ལྷག་ཙམ་གྱི་ཡངས་པའི་ས་གཞི་ཆེ་མོའི་ཐོག་མཚོ་མོ་1500ལྷག་ཙམ་ཁྲ་ཆིལ་སྐར་ཚོགས་ས་ལ་འཕོས་པ་ལྟར་གནས་ཤིང་། མཚོ་མོའི་སྤྱིའི་རྒྱ་ཁྱོན་གྱིས་ཀྲུང་གོའི་མཚོ་མོའི་སྤྱིའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་ཙམ་ཟིན་པས། ཆུ་མོ་ཀུན་གྱི་འབྱུང་ཁུངས་ཞེས་པའི་མཚན་སྙན་ཐོབ་ཡོད།

     བོད་དུ་སྤྱིར་ན་ཀྲུང་གོའི་མཚོ་མཚེའུ་ཡི་རིགས་ཆ་ཚང་འདུས་ཡོད། ཟླ་5པ་ནས་ཟླ་10པ་བར་ནི་མཚོ་མོའི་མཛེས་ཉམས་ལ་ལྟ་བའི་དུས་ཚིགས་ཡག་ཤོས་རེད། བོད་ནས་མཐོང་བའི་མཚོ་མོའི་དམིགས་བསལ་གྱི་མཐིང་མདོག་གི་ཉམས་འགྱུར་ནི་ས་ཆ་གཞན་ནས་མཐོང་ལམ་དུ་འགྱུར་སྲིད་པ་ཧ་ཅང་དཀོན་པོ་རེད།

    མཚོ་མོའི་མཛེས་ཉམས་ལ་ལྟ་སྐབས་ཐོག་མར་གནམ་མཚོར་ལྟ་དགོས། གནམ་མཚོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དབར་གནས་པ་དང་བོད་ཀྱི་མཚོ་མོ་ཆེ་གྲས་གཉིས་པ་དེ་ཡིན་ལ། ཀྲུང་གོའི་ཚྭ་མཚོ་ཆེ་གྲས་གསུམ་པ་དེའང་ཡིན།

     ལྷ་ས་ནས་ཐོན་ཏེ་སྤྱི་ལེ་240ལྷག་ཙམ་གྱི་ཀྱག་ཀྱོག་ཆེ་བའི་རི་ལམ་བརྒྱུད་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་ལ་རྒན་ལ་རྩེ་འཛེགས་རྗེས་ཀུན་གསལ་མའི་འོད་མདངས་བྱུགས་པ་དང་གཉིས་སུ་མ་མཆིས་པའི་དབེན་འཇམ་བག་ཕེབས་ཀྱི་མཚོ་མོ་དེ་ཉིད་འདྲེན་བྱེད་ལམ་དུ་ཁྲ་ཆིལ་ལེར་འཆར་སྲིད།

     དགུན་ཨ་རང་ད་རང་སྐབས་གནམ་མཚོར་ཡོང་ན་ཡངས་པའི་མཚོ་མོ་དར་ཁ་འགྲིག་སྟེ་དངུལ་མདོག་གི་ཞིང་ཁམས་དང་ཡོངས་སུ་མཚུངས། འདྲེན་བྱེད་ལམ་དུ་གངས་ལྟར་དཀར་བའི་འཁྱགས་པ་དང་མཐིང་མདོག་གི་མཚོ་མོའི་མདངས་གཉིས་ས་མཐོའི་དྲོ་འཇམ་ཉི་འོད་འོག་ཏུ་འོད་ལམ་ལམ་དུ་འཚེར་ནས་དངུལ་མདོག་དང་མཐིང་མདོག་གི་ཞིང་ཁམས་སྤེལ་མ་ཞིག་ཏུ་གྲུབ།

     ཡར་འབྲོག་གཡུ་མཚོ།

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མངར་བྲག་ཤང་ཁོངས་སུ་གནས་པའི་ཡར་འབྲོག་གཡུ་མཚོ་དེའང་ཡུལ་སྐོར་བས་བསྐྱོད་དགོས་ངེས་ཀྱི་མཛེས་ལྗོངས་ཤིག་རེད། དེ་ནི་མཛེས་ལྗོངས་ཡིད་དུ་འོང་ཞིང་ས་མཐོའི་རང་བྱུང་ལྷུན་གྱིས་གྲུབ་པའི་མཚོ་མོ་ཉམས་དགའ་བ་ཞིག་ཡོད།

     ལྷ་ས་ནས་ཐོན་ཏེ་རླངས་འཁོར་ནང་སྤྱི་ལེ་170ལྷག་ཙམ་གྱ་གྱུའི་འགྲོས་དང་བཅས་པའི་རི་ལམ་དུ་བསྐྱོད་ནས་གམ་པ་ལ་མོ་འཛེགས་མཐར་ཡར་འབྲོག་གཡུ་མཚོ་དེ་ཉིད་འདྲེན་བྱེད་ལམ་དུ་འཆར་ངེས། ས་འཛིན་གྱི་མུ་ཁྱུད་དག་གིས་གཡུ་ཡི་མཎྚལ་འཕྱིས་འདྲའི་མཚོ་མོ་དེ་ཉིད་པང་དུ་བཏེགས་པ་ལྟར་ཆགས་ཤིང་། སྤྲིན་དཀར་གྱི་ཚོམ་བུ་དང་གངས་རིའི་དབུ་ཁྱུད་ཀྱི་གཟུགས་བརྙན་མཚོ་མོར་འཕྲོས་ནས་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་སྣང་།

     ཡར་འབྲོག་གཡུ་མཚོའི་ངོགས་སུ་རྩྭ་ཆུ་བཟང་ཞིང་། ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་མཐོའི་འབྲོག་ར་ཞིག་ཆགས་ཡོད། ཡུལ་དེའི་བོད་རིགས་མི་དམངས་ཀྱིསདྭངས་གཙང་གཡུ་ཡི་མཚོ་མོ། མཚོ་མོ་ཡར་འབྲོག་གཡུ་མཚོ། ཡར་འབྲོག་སྐར་མ་གླིང་དུ། ནོར་ལུག་ཤ་ཤེད་རྒྱས་པཞེས་པའི་དམངས་གླུ་བླངས་ནས་ཡར་འབྲོག་གཡུ་མཚོར་བསྟོད་གླུ་འབུལ་གྱི་ཡོད།

     ད་དུང་ཡར་འབྲོག་གཡུ་མཚོ་ནི་རང་བྱུང་གི་ཉ་མཛོད་རེད་ཅེས་བརྗོད་ཆོག མཚོ་དེའི་ནང་ཆུ་གཡེང་སྐྱེ་དངོས་ཧ་ཅང་མང་བ་དང་ཉ་ཟན་ཕུན་སུམ་ཚོགས་པོ་ལྡན། མཚོ་མོའི་ནང་ས་མཐོའི་ཉ་ལུའོ་ལི་འབེལ་བ་དང་ཤ་ཧ་ཅང་ཞིམ་པོ་ཡོད། ཚོད་རྩིས་བརྒྱབ་པ་ལྟར་ན། ཡར་འབྲོག་གཡུ་མཚོའི་ནང་ཉ་རིགས་སྤྱི་རྒྱ་དུང་ཕྱུར་8ལྷག་ཙམ་ཡོད་པ་རེད།

     མ་ཕམ་གཡུ་མཚོ།

     མ་ཕམ་གཡུ་མཚོ་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གྲོང་གི་ཤར་ངོས་སྤྱི་ལེ་35ཡི་སར་གནས་ཤིང་། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལགནས་རི་ལྷ་མཚོཞེས་བརྗོད་པ་དང་ཨེ་ཤེ་ཡའི་ཆུ་བོ་ཆེན་པོ་བཞི་ཡི་འབྱུང་ཁུངས་ཡིན།

     མ་ཕམ་གཡུ་མཚོ་ཐོག་མར་མཇལ་སྐབས་མཚོ་མོའི་མཛེས་ཉམས་ཀྱིས་དེ་ནི་སུམ་རྩེན་གནས་ལས་འཕོས་པ་ཞིག་མ་ཡིན་ནམ་སྙམ་པའི་སོམ་ཉི་ཞིག་ངང་གིས་སྐྱེ་སྲིད། མཐིང་སྔོན་གྱི་རླབས་ཕྲེང་རྒྱན་དུ་བྲེས་པའི་དྭངས་གཙང་ཡིད་འོང་གི་མཚོ་མོ་དེ་ནི་སྐར་ཚོགས་ཀྱིས་མཐའ་ནས་བསྐོར་བའི་རྒྱུ་སྐར་གྱི་བདག་པོ་ཇི་བཞིན་གངས་རིའི་མུ་ཁྱུད་ཀྱི་དབུས་སུ་དབེན་ཞིང་འཇམ་པའི་ངང་གནས། མཚོ་མོའི་ངོགས་ནས་དྭངས་བསིལ་རླབས་ཕྲེང་གི་འོད་མདངས་ལྷམ་ལྷམ་དུ་འཚེར་ཞིང་། གངས་དཀར་རི་བོའི་གཟུགས་བརྙན་རླབས་སྔོན་གྱི་འགྱུར་ཁུག་འཕྱུར་བའི་མཚོ་མོའི་ནང་འཕྲོ་སྐབས་ས་འཛིན་གྱི་དབུས་སུ་གཡུ་ཡི་ཕྲ་རྒྱན་བཏབ་པ་ལྟར་མཚར་དུ་དངར་བའི་མྱུ་འབྲེལ་གྱི་རི་ཁྱུད་ལའང་མཛེས་པ་གཞན་ཞིག་སྣང་།

     མཚོ་མོ་ངང་ལྷ་རིང་མོ།

     མ་ཕམ་གཡུ་མཚོ་ནས་སྤྱི་ལེ་580ཡིས་ཆོད་པའི་སར་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་མཚོ་མོ་ངང་ལྷ་རིང་མོ་དེ་གར་ཆགས་ཡོད། དེ་གར་མངའ་རིས་ས་ཁུལ་རུ་ཐོག་རྫོང་གྲོང་ནས་ནུབ་བྱང་མཚམས་སུ་སྤྱི་ལེ་12ཙམ་བསྐྱོད་དགོས་ཀྱི་ཡོད།

     དཔལ་མགོན་མཚོ་ནི་རྒྱང་རིང་གངས་དཀར་ས་འཛིན་མུ་ཁྱུད་ཀྱིས་བསྐོར་བ་དང་ཉེ་སར་བྱ་བྱིའུ་སྣ་ཚོགས་སོས་དལ་བག་ཕེབས་ངང་འཚོ་བའི་དྭངས་གཙང་ཡིད་འོང་གི་མཚོ་མོ་ཉམས་དགའ་བ་ཞིག་ཡིན། དཔལ་མགོན་མཚོ་ནི་ཁྲུང་ཁྲུང་སྐེ་ནག་དང་། ངང་སེར། ཆུ་སྐྱར་སོགས་བྱ་རིགས་སྣ་ཚོགས་འདུས་སྡོད་བྱ་ཡུལ་གྱི་ཞིང་ཁམས་ལྟ་བུ་ཞིག་ཡིན། འདི་གར་འདུས་པའི་བྱ་རིགས་མང་ཆེ་བ་ནི་དུས་བྱ་ཡིན་ཞིང་། དགུན་དུས་མཚོ་མོ་ངང་ལྷ་རིང་མོ་ནས་ཨེ་ཤེ་ཡ་ལྷོ་མའི་སྐམ་སར་དགུན་གཡོལ་ལ་འགྲོ་བ་དང་། ལོ་གཉིས་པའི་ཟླ་5པ་ནས་9པ་བར་མཚོ་མོ་ངང་ལྷ་རིང་མོར་འཚོ་གནས་དང་རྗེས་རབས་སྐྱེ་འཕེལ་བྱེད་པར་ཡོང་གི་ཡོད།

     མཚོ་མོ་ངང་ལྷ་རིང་མོའི་ཆེས་ངོ་མཚར་ཆེ་བའི་གནད་ནི། ཉི་ཟེར་ཕོག་ཆེ་ཆུང་དང་། གཏིང་རིང་ཐུང་། འོད་མདངས་མི་གཅིག་པ་སོགས་ཀྱིས་རྐྱེན་པས། ལྗང་ནག་དང་། ལྗང་སྐྱ། མཐིང་མདོག་བཅས་ཚོན་མདོག་མི་འདྲ་བ་འཆར་ཡོང་བ་མ་ཟད། ཤར་ནས་ནུབ་བར་དུའང་ཚྭ་མེད་དང་། ཕྱེད་ཚྭ་ལྡན། ཚྭ་ལྡན་བཅས་སུ་འགྱུར་གྱི་ཡོད་པ་དེའོ།

     བྲག་གསུམ་མཚོ།

  “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལཞེས་འབོད་པའི་ཉིང་ཁྲིའི་མཛེས་ལྗོངས་མངའ་རིས་དང་གཏན་ནས་མི་འདྲ་རུང་། རླབས་ཕྲེང་ཆལ་ཆིལ་དུ་གཡོ་ཞིང་། རྩྭ་ཆུ་བཟང་བ་དང་། དྭངས་གཙང་ཡིད་དུ་འོང་བ་ནི་མཚོ་མོ་དེ་དག་གི་ཐུན་མོང་གི་ཁྱད་ཆོས་སུ་གྲུབ་ཡོད།

     བྲག་གསུམ་མཚོ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་སྟོང་སྨི་50ལྷག་ཙམ་གྱི་བྲག་ཆུའི་སྟོད་རྒྱུད་ཀྱི་གྲོག་རོང་ཆེན་མོར་གནས་ཡོད། 2017ལོའི་ཟླ་8པར་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱས་ཡོད། ཞོགས་པ་བྲག་གསུམ་མཚོར་རྒྱང་ནས་བལྟས་ཚེ་ན་བུན་གྱིས་བརྒྱན་ཞིང་། སྤྲིན་དཀར་གྱི་ཅོད་པན་བཅིངས་པ་དང་ཀུན་ནས་མཚུངས་པ་དང་། དྭངས་ཤིང་བསིལ་བའི་ཆུ་མོའི་ནང་ཉ་མོ་གང་དགར་རྒྱུ་བ། བྱེ་ངུར་དང་ཁྲུང་ཁྲུང་དཀར་པོ་མཚོ་ཁར་ཅི་དགར་རོལ་བ། གངས་རིའི་མུ་ཁྱུད་ཀྱི་གཟུགས་བརྙན་མཚོ་མོའི་ནང་ཕོག་ནས་ལྷ་ཡུལ་གྱི་ཞིང་ཁམས་མི་ཡུལ་དུ་འཕོས་པ་ལྟར་སྣང་།


上一篇:བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ལ་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཆོག་མཆན་ཐོབ་པ།

下一篇:རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2510005 位访客