བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གིས་སྐབས་༢༤་པའི་རྒྱལ་སྤྱིའི་དཔེ་ཀློག་དུས་ཆེན་བསུས།

发布时间:2018-04-26 02:53:17

      དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ལས་བསྟན་དོན། 

 དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ།།

བརྟེན་ཕྱིར་གཞུང་ཚིག་བློ་སྐྱོར་མི་བྱེད་པར།།

དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས།།

ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས།།

དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།།

དེ་ཡང་ཇི་སྐད་དུ་རྫ་དཔལ་སྤྲུལ་རིན་པོ་ཆེས"དཔེ་འདི་སྟེགས་ལ་མ་འཇོག་རུམ་དུ་ལོངས།། ནམ་ཁོམ་རུམ་ནས་ཕྱུངས་ཏེ་ཡང་ཡང་ཀློགས།། ཀློག་དོན་སེམས་ནས་མ་བརྗེད་ལག་ཏུ་ལོངས།། དེ་ལས་ཡ་རབས་འདི་ཕྱིའི་བདེ་སྐྱིད་འབྱུང་།།"ཞེས་གསུངས་པ་བཞིན་དུ། དཔེ་ཆ་ཀློག་པ་ནི་སྲོལ་བཟང་པོ་ཞིག་སྟེ། དཔེ་ཀློག་གིས་ང་ཚོའི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏོང་བ་དང་། རིག་གནས་ཤེས་བྱ་ཁོང་དུ་ཆུད་པ། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལེགས་པོ་ཞིག་ཆགས་པ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་པར་མ་ཟད།དཔེ་ཀློག་གིས་མི་བུ་ཞིག་གི་འཚོ་བར་བདེ་སྐྱིད་དང་སྤྲོ་སྣང་སྦྱིན་ལ། མི་ཚེའི་ཁ་ཕྱོགས་ཀྱི་གདམ་ཀར་ལམ་སྟོན་དང་སྤོབས་པ་སྦྱིན་པར་བྱེད་པའི་དགོས་འབྱུང་གི་ནོར་བུ་ལྟ་བུ་ཡིན་པས། ཤེས་བྱ་རིག་པའི་གནས་ལ་སྐོམ་པས་འཇུག་བཞིན་པའི་སློབ་གྲྭའི་སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག་སྟེ་སློབ་སྦྱོང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་།རང་གི་མི་ཚེ་གོལ་ལམ་དུ་མ་སོང་བར་འབྱུང་འགྱུར་གྱི་ཕུགས་བསམ་མངོན་འགྱུར་བྱ་ཐུབ་པའི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གྲྭའི་སློབ་གསོའི་འོས་འགན་དང་ལམ་ཕྱོགས་གཙོ་བོ་ཡིན།

 

 

      དེ་བས། སློབ་གྲྭའི་འབྲེལ་ཡོད་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་དཔེ་མཛོད་ཁང་གི་གཅིག་གྱུར་གྱི་བཀོད་སྒྲིག་འོག་ཏུ། སྤྱི་ཟླ༤བའི་ཚེས༢༣ཉིན་སྟེ། འཛམ་གླིང་གི་དཔེ་ཀློག་ཉིན་མོར། སློབ་གྲྭའི་དགེ་སློབ༡༠༠ལྷག་དཔེ་མཛོད་ཁང་གི་ཐང་ཆེན་དུ་ལྷན་དུ་འཛོམས་ནས་འཛམ་གླིང་གི་སྐབས་༢༤་པའི་དཔེ་ཀློག་ཉིན་མོ་གཟབ་རྒྱས་ངང་བསུས། 

དཔེ་མཛོད་ཁང་གིས་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་དང་འབྲེལ་ནས་སྙན་ངག་གྱེར་འདོན་དང་དཔེ་ཀློག་གཟེངས་བསྟོད་སོགས་ཀྱི་ལས་སྒོ་སྣ་མང་སྤེལ། 

ཐེངས་འདིའི་དཔེ་ཀློག་དུས་ཆེན་ལ།  སློབ་གཙོ་གཞོན་པ་ཡོན་ཏུང་ཡྰས་རང་སློབ་གྲྭའི་དཔེ་ཀློག་དུས་ཆེན་གྱི་ལོ་རྒྱུས་ངོ་སྤྲོད་ཀྱི་ཞོར་དུ། སློབ་ཕྲུག་དག་རྒྱུན་པར་དཔེ་ཀློག་ལ་འཇུག་པའི་དགོས་པ་དང་དཔེ་ཀློག་ལ་འཇུག་སྟངས། དཔེ་ཀློག་གི་གོམས་གཤིས་ཆགས་པའི་དགེ་མཚན་སྐོར་གྱི་གཏམ་བཤད་གལ་ཆེན་གནང་།

 

 

 

 

 དཔེ་མཛོད་ཁང་གི་ལས་འཛིན་ཁྰུང་ལགས་ཀྱིས་བྱེད་སྒོ་ལ་མདོ་འཛིན་བྱས་ཤིང་།

 

 

དེ་ནས་དཔེ་ཀློག་དུས་ཆེན་གྱི་བྱེད་སྒོ་དངོས་ལ་ཞུགས་པ་དང་།  བྱེད་སྒོའི་རྣམ་གྲངས་ལ་དཔེ་མཛོད་ལས་མིས་སྙན་ངག་གྱེར་འདོན་དང་ཕུལ་བྱུང་ཀློག་པ་པོས་སྙན་ངག་གྱེར་འདོན་སོགས་སྤེལ་བ་མ་ཟད།

    སློབ་གྲྭའི་ཧྲུའུ་ཅི་དངོས་གྲུབ་དང་སློབ་གཙོ་གཞོན་པ་ཡོན་ཏུང་ཡ་རྣམ་པ་གཉིས་ནས་དཔེ་མཛོད་ལས་ལ་རོགས་སྒྲུབ་བྱེད་པའི་སློབ་མ་དག་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ་དང་། 

ལོ་གཅིག་རིང་སློབ་གྲྭའི་དཔེ་ཀློག་ཁང་དུ་དཔེ་ཆ་གཡར་གྲངས་ཆེས་མང་བའི་སློབ་མ་དག་ལའང་དཔེ་ཀློག་ཕུལ་བྱུང་ཅན་གྱི་མཚན་སྙན་བྱིན་ནས་སློབ་ཕྲུག་ཚོར་ལོ་ན་གཞོན་དུས་སུ་དཔེ་ཀློག་ལ་དགའ་ཞེན་དང་དཔེ་ཀློག་གི་གོམས་གཤིས་སྐྱེད་སྲིང་བྱེད་དགོས་པ་དང་། དཔེ་ཀློག་ཁྲོད་ནས་སློབ་སྦྱོང་དང་སློབ་གསེང་འཚོ་བ་སྤྲོ་སྣང་ལྡན་པར་འགྱུར་དགོས་པའི་སྐུལ་མ་བཏང་། 

   ཐེངས་འདིའི་དཔེ་ཀློག་བྱེད་སྒོ་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་བྲེལ་ཟིང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་བརྟན་པར་གྱུར་བ་མ་ཟད། དཔེ་ཀློག་ལ་མོས་ཤིང་དཔེ་ཀློག་ལ་དགའ་བའི་འདུན་པ་དེ་སྔར་ལས་ཤུགས་ཇེ་དྲག་དང་གཏིང་ཇེ་ཟབ་ཏུ་གྱུར།

དཔེ་ཆ་ཀློག་པ་ནི་སྟོབས་འབྱོར་ཞིག་མིན་ནའང་། དེ་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན། དཔེ་ཆ་ཀློག་པ་ནི་ལྷིང་འཇགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ནའང་། དཔེ་ཀློག་པའི་ནང་སེམས་ནི་ངོ་མཚར་བའི་ཕུན་ཚོགས་ཀྱིས་རབ་ཏུ་ཕྱུག་ཡོད། དཔེ་ཆ་ཀློག་པ་ནི་ཚེ་སྲོག་གཞན་ཞིག་ལ་སེམས་དང་སེམས་ཀྱིས་བགྲོ་གླེང་བྱེད་པ་སྟེ། དཔེ་ཆའི་ཤོག་སྲུབས་རེ་རེ་ན་འཇིག་རྟེན་གཞན་ཞིག་གི་སྒོ་གླེགས་འབྱེད་བྱེད་ཀྱི་ལྡེ་མིག་རུམ་ཡོད།

 

   

上一篇:ཚྭ་འདམ་གཞོང་གིས་སྐད་གཉིས་ལས་བྱེད་པའི་གཞུང་ཡིག་ལོ་ཙཱ་དང་ཁྲིམས་འཛིན་ཡིག་ཁྲའི་ལོ་ཙཱའི་སྐོར་གྱི་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

下一篇:མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930993 位访客