བོད་གངས་ཅན་གྱི་ལྗོངས་སུ་བྱུང་བའི་གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ།

发布时间:2018-04-25 03:53:54

༄༅། །ན་མོ་གུ་རུ་མཉྫུ་ཤྲི་ཡེ་ཟ། ཟབ་ཟབ་རང་གཞན་གྲུབ་མཐའི་སྲོལ། །

 

    གསལ་གསལ་སྤྱན་གྱིས་ལེགས་གཟིགས་ནས། ། ལྷུག་ལྷུག་གསུང་གིས་འདོམས་མཛད་པ། །

 

    མཁས་མཁས་དཔལ་ལྡན་བླ་མར་འདུད། ། ཕྱག་ན་པད་མའི་འདུལ་གང་བོད་ཡུལ་འདིར། །

 

    ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སྟེ། ། རྒྱལ་བསྟན་ཉི་མ་ཤར་ལ་སྔ་དར་ཟེར། །

 

    གང་ཚེ་གླང་དར་བསྟན་པ་བསྣུབས་པ་ན། ། མདོ་ཁམས་སྨན་ནས་བླ་ཆེན་དགོངས་གསལ་དང་། །

 

    སྟོད་ནས་ལོ་ཆེན་རིན་ཆེན་བཟང་བོ་ཡིས། ། རྒྱལ་བསྟན་རྩ་བ་འདུལ་བའི་སྡོམ་རྒྱུན་སྤེལ། །

 

    བསྟན་པའི་མེ་རོ་བསོས་པ་ཕྱི་དར་རོ། ། སྨྲི་ཏི་ཡན་ཆད་བསྒྱུར་བ་རྙིང་རྒྱུད་དང་། །

 

    གསར་མ་ལོ་ཆེན་རིན་བཟང་སོགས་ནས་བཟུང་། ། མདོ་ལ་གསར་རྙིང་ཁྱད་པར་མི་འབྱུང་བས། །

 

    གསང་སྔགས་དར་ཚུལ་སྒོ་ནས་གཉིས་སུ་དབྱེ། ། གསང་སྔགས་དར་ཚུལ་སྒོ་ནས་གཉིས་སུ་དབྱེ། །

 

    རྙིང་མའི་ཆོས་འདི་རྣམ་དག་ཡིན་མིན་ལ། ། མཁས་པའི་བཞེད་ཚུལ་མང་དུ་བྱུང་མོད་ཀྱང་། །

 

    ཕྱིས་འབྱུང་དག་གིས་བསྲེ་བསླད་ཞུགས་པ་ལས། ། ཆོས་དེ་རང་ལྡོག་རྣམ་དག་ཡིན་པར་འདོད། །

 

    རྒྱལ་བའི་གསུང་རབ་ཐམས་ཅད་གདམས་ངག་ཏུ། ། ཤར་ལ་བཀའ་གདམས་པ་ཞེས་གྲགས་པ་སྟེ། །

 

    དཔལ་ལྡན་ཨ་ཏི་ཤ་ཡི་ལུགས་སྲོལ་མཆོག ། སྟོན་པས་སྲོལ་ཕྱེ་སྐུ་མཆེད་གསུམ་གྱིས་སྤེལ། །

 

    བཀའ་བརྒྱུད་ས་སྐྱ་དགེ་ལྡན་ལུགས་སྲོལ་ཡང་། ། ཇོ་བོ་ཆེན་པོའི་འཕྲིན་ལས་འདི་ལ་བརྟེན། །

 

    བཀའ་བབས་གདམས་པའི་བརྒྱུད་པ་འཛིན་པ་ལ། ། བཀའ་བརྒྱུད་ཅེས་གྲགས་དེ་ལ་ཤངས་དྭགས་གཉིས། །

 

    མཁས་གྲུབ་ཆེན་པོ་ཁྱུང་བོ་རྣལ་འབྱོར་གྱིས། ། གཡས་རུ་ཤངས་སུ་དགོན་པ་བརྒྱ་རྩ་བཏབ། །

 

    ཚོགས་པ་བསྐྱངས་པར་དེ་ཡི་བརྒྱུད་འཛིན་ལ། ། ཤངས་པ་བཀའ་བརྒྱུད་ཅེས་སུ་གྲགས་པ་ཡིན། །

 

    རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་ཡི། ། ཐུགས་སྲས་མཉམ་མེད་དྭགས་པོ་རིན་པོ་ཆེས། །

 

    དྭགས་ལྷ་སྒམ་པོ་བཏབ་ནས་ཆོས་བརྒྱུད་སྤེལ། ། རྗེས་འབྲངས་དག་ལ་དྭགས་པོ་བཀའ་བརྒྱུད་ཟེར། །

 

    དེ་ལ་ཀརྨ་བ་དང་ཕག་གྲུ་དང་། ། ཚལ་བ་འབྲི་གུང་འབྲུག་པ་སྟག་ལུང་དང་། །

 

    འབབ་རོམ་གཡའ་བཟང་ཁྲོ་ཕུའི་བཀའ་བརྒྱུད་སོགས། ། ནང་གསེས་སྒོ་ནས་དབྱེ་བ་མང་ཙམ་བྱུང་། །

 

    དྭགས་པོའི་དངོས་སློབ་ཁམས་པ་དབུ་སེའམ། ། དུས་གསུམ་མཁྱེན་པས་ཀརྨ་ལྷ་སྡིང་གི། །

 

    དགོན་པ་བཏབ་པར་ཀརྨ་བ་ཞེས་གྲགས། ། དེ་ཡི་སྐྱེ་བརྒྱུད་ཀརྨ་པཀྴི་ལ། །

 

    ཧོར་རྒྱལ་ལས་ཀའི་ཞྭ་ནག་ཕུལ་བ་ལས། ། དེ་ཕྱིར་ཞྭ་ནག་ཅན་དུ་གྲགས་པ་དང་། །

 

    དེ་བཞིན་བརྒྱུད་འཛིན་རྟོགས་ལྡན་གྲགས་སེང་ལ། ། ཞྭ་དམར་བྱུང་བས་ཞྭ་དམར་པ་ཞེས་བཏགས། །

 

    ཕག་མོ་གྲུ་བའི་བཀའ་བརྒྱུད་ཅེས་པ་ནི། ། དྭགས་པོའི་སྲས་མཆོག་རྡོ་རྗེ་རྒྱལ་བོ་ཡིས། །

 

    ཕག་མོ་གྲུ་རུ་གདན་ས་མཛད་པ་ལ། ། ཕག་མོ་གྲུ་བར་གྲགས་པ་དེ་ཡི་སྲོལ། །

དྭགས་པོའི་སློབ་མ་ཚུལ་ཁྲིམས་སྙིང་པོའི་སྲས། ། བླ་མ་ཞང་ངམ་འགྲོ་མགོན་གཡུ་བྲག་པས། །

 

    སྐྱིད་ཤོད་ཚལ་གུང་གཙུག་ལག་ཁང་སོགས་བཞེངས། ། བརྒྱུད་འཛིན་རྣམས་ལ་ཞང་ཚལ་བ་ཞེས་གྲགས། །

 

    འགྲོ་མགོན་ཕག་མོ་གྲུ་བས་རྗེས་བཟུང་བ། ། སྐྱུ་ར་སྐྱོབ་པ་འཇིག་རྟེན་མགོན་པོ་ཡིས། །

 

    འབྲི་གུང་དགོན་པ་བཏབ་ནས་རྗེས་འབྲང་ལ། ། གདན་སའི་མིང་གིས་འབྲི་གུང་བ་ཞེས་བཏགས། །

 

    དེ་བཞིན་ཕག་གྲུའི་སློབ་མ་གླིང་རས་པའི། ། ཐུགས་སྲས་ཆོས་རྗེ་གཙང་བ་རྒྱ་རས་ཀྱིས། །

 

    དགོན་པ་བཏབ་དུས་འབྲུག་སྒྲ་སྒྲགས་པ་ལས། ། འབྲུག་ཅེས་བཏགས་པས་འབྲུག་པའི་ཆོས་ལུགས་བྱུང་། །

 

    སྟག་ལུང་བཀའ་བརྒྱུད་ཅེས་པའི་ལུགས་སྲོལ་ཡང་། ། ཕག་མོ་གྲུ་བའི་ཉེ་གནས་བཀྲ་ཤིས་དཔལ། །

 

    སྟག་ལུང་ཞེས་བྱར་དགོན་པ་བཏབ་པ་ལས། ། སྟག་ལུང་ཐང་པར་གྲགས་པ་དེ་ལས་མཆེད། །

 

    བཀའ་བརྒྱུད་སྲོལ་འབྱེད་མཉམ་མེད་སྒམ་པོ་པས། ། རྗེས་བཟུང་རྟོགས་ལྡན་དར་མ་དབང་ཕྱུག་གིས། །

 

    འབབ་རོམ་དགོན་པ་བཏབ་སྟེ་སློབ་མ་བསྐྱངས། ། བརྒྱུད་འཛིན་དག་ལ་འབབ་རོམ་བཀའ་བརྒྱུད་ཟེར། །

 

    དེ་བཞིན་གཡའ་བཟང་བཀའ་བརྒྱུད་ཅེས་པ་ཡང་། ། གཡའ་བཟང་ཆོས་རྗེར་གྲགས་པའི་བརྒྱུད་འཛིན་རྣམས། །

 

    རིམ་པར་བྱོན་ལ་དེ་ལྟར་བཏགས་པའོ། ། གཞན་ཡང་ཕག་གྲུའི་སློབ་མ་རྒྱལ་ཚ་དང་། །

 

    ཀུན་ལྡན་རས་པ་སྐུ་མཆེད་རྣམ་གཉིས་ཀྱི། ། དབོན་པོ་ཁྲོ་ལོ་བྱམས་པ་དཔལ་བ་ལས། །

 

    རིམ་པར་བརྒྱུད་པ་ཁྲོ་ཕུ་བཀའ་བརྒྱུད་དོ། ། ཤེར་ཕྱིན་ཉམས་སུ་ལེན་པའི་སྲིད་ཞི་ཡི། །

 

    སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པས་ན། ། ཞི་བྱེད་ཅེས་གྲགས་དམ་པ་སངས་རྒྱས་སྲོལ། །

 

    སྔ་ཕྱི་བར་གྱི་བརྒྱུད་པ་རྣམ་གསུམ་བྱུང་། ། ཤེར་ཕྱིན་སྔགས་དང་འབྲེལ་བའི་ཐབས་ཤེས་ཀྱིས། །

 

    གཅེས་འཛིན་འཁོར་བའི་རྩ་བ་གཅོད་པའམ། ། ཐབས་ཤེས་ལས་ལ་སྤྱོད་པས་སྤྱོད་ཅེས་པའང་། །

 

    ཞི་བྱེད་ཡ་གྱལ་ལབ་ཀྱི་སྒྲོན་མེའི་སྲོལ། ། འཁོན་རིགས་དཀོན་མཆོག་རྒྱལ་པོས་འབྲོག་མིའི་དྲུང་། །

 

    གསང་སྔགས་གསར་འགྱུར་རྣམས་ལ་མཁས་པར་སྦྱངས། ། ས་དཀར་དབུས་ཀྱི་ལོགས་སུ་དགོན་པར་བཏབ། །

 

    དེ་ཕྱིན་ས་སྐྱ་བ་ཞེས་སྙན་པར་གྲགས། ། ཡུ་མོ་མི་བསྐྱོད་རྡོ་རྗེའི་གཞན་སྟོང་སྲོལ། །

 

    ཀུན་མཁྱེན་དོལ་བུ་ཤེས་རབ་རྒྱལ་མཚན་གྱིས། ། ཇོ་མོ་ནང་ཞེས་གྲགས་པའི་དགོན་གནས་སུ། །

 

    རྒྱ་ཆེར་སྤེལ་ལ་ཇོ་ནང་ལྟ་བར་གྲགས། ། འཇམ་མགོན་མི་ཡི་གར་མཛད་ཙོང་ཁ་བས། །

 

    དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། ། འཁྲུལ་བྲལ་བསྟན་པའི་ཉིན་བྱེད་ཤར་བ་ལ། །

 

    དགེ་ལུགས་པ་ཞེས་གྲགས་པའི་སྲོལ་བཟང་བྱོན། ། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །

 

    རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། ། བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །

 

    བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག ། ཅེས་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་དམ་པའི་གསུང་བཞིན་བྲིས་པའོ། ། མངྒ་ལཾ།། །།

 

上一篇:བོད་ཁ་བ་ཅན་གྱི་མེ་ཏོག་པད་མའི་རིག་གནས་ཀྱི་ཁྱད་ཆོས་མདོར་བསྡུས་གླེང་བ།

下一篇:བོད་དུ་ཆོས་འབྱུང་ལོ་རྒྱུས་ལས་རྙིང་མའི་གྲུབ་མཐའ་བྱུང་ཚུལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2930909 位访客