གླིང་སྒྲུང་དང་འགྲོགས་པའི་མི་ཚེ།

发布时间:2018-04-24 08:58:39

 

ཕྱོགས་བཞིའི་རི་འགོར་སྤུངས་པའི་ཁ་བ་ལས་མིག་འཚིག་པའི་འོད་མདངས་འཕྲོས་ཤིང་། འབུ་སྡོམ་གྱི་དྲ་བ་ལྟ་བུའི་སྲང་ལམ་ན་ཚ་སྒོག་གཡེར་གསུམ་གྱི་དྲི་མ་འཐུལ།ལམ་འགྲམ་གྱི་རྒྱ་ལྕང་གི་ལོ་མ་རྣམས་བསིལ་རླུང་གི་ཁྲོད་དུ་འགུལ་ཙམ་འགུལ་ཙམ་བྱེད་པ་ནི་ཉལ་ས་ལས་ལངས་མི་འདོད་པའི་མི་ཞིག་གིས་གླལ་སྒྱིང་བྱེད་པ་དང་འདྲ། གངས་དགའ་ངེད་གཉིས་སྲང་ལམ་གྱི་བཞི་མདོར་གར་འགྲོ་འདི་འགྲོ་མེད་པར་ལྷག་དུས། གློ་བུར་དུ་གྲོགས་པོ་ཞིག་གིས་དཀར་མཛེས་རྫོང་གི་ཉེ་འགྲམ་མདའ་མདོ་གྲོང་ཞེས་པ་ན་དམངས་ཁྲོད་ཀྱི་གེ་སར་སྒྲུང་པ་ཞིག་ཡོད་ཅེས་ཟེར་མྱོང་བ་དྲན།
      དེ་ཡང་གླིང་སྒྲུང་ཞེས་པ་ནི་དེང་སང་འཛམ་བུ་གླིང་དུ་སྐད་གྲགས་མཐོ་བའི་ལོ་རྒྱུས་སྙན་རྩོམ་མ་ཧཱ་བྷ་ར་ཏ་དང་རཱ་མ་ཎའི་རྟོགས་བརྗོད་ཆེན་མོ། དབྱི་ལེ་ཡ་ཐེ་རུ་གྲགས་པ་སོགས་ཀྱིས་ཀྱང་འགྲན་མི་ནུས་པའི་བོད་མི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། རྒྱ་གར་ནག་དང་བལ་པོ། སོག་པོ། ཨུ་རུ་སུ། དབྱིན་ཇི། ཧྥ་རན་སི། འཇར་མན། འཇར་པན་སོགས་རྒྱལ་ཁབ་མང་པོའི་ཡིག་རིགས་སུ་བསྒྱུར་ཡོད། ད་ལྟའི་བར་དུ་ཡིག་ཐོག་དང་ངག་ཐོག་ནས་དལ་འབབ་ཆུ་བོའི་རྒྱུན་ལྟར་བར་མི་ཆད་པ་ནི་སྔོན་བྱོན་དང་ད་བཞུགས་ཀྱི་སྒྲུང་པ་རྣམས་ཀྱི་སྐུ་དྲིན་རེད། ཡོངས་གྲགས་སུ་དམངས་ཁྲོད་ཀྱི་སྒྲུང་པ་ལ་བབ་སྒྲུང་དང་པྲ་སྒྲུང་། བརྒྱུད་སྒྲུང་། ཡིག་སྒྲུང་བཅས་དབྱེ་ཆོག་གོ།།
      དང་པོ་བབ་སྒྲུང་ནི་སྒྲུང་པ་རྣམས་ལས་ཆེས་ངོ་མཚར་ཆེ་བ་སྟེ་ཚེ་རབས་མང་པོའི་ལས་ཀྱི་འབྲས་བུ་སྨིན་པའི་སྐྱེས་བུ་གང་ཞིག་ལ་གློ་བུར་དུ་འཁྲུལ་སྣང་ལྟ་བུའི་རྨི་ལམ་ཞིག་བབ།  རྨི་ལམ་ནང་དུ་གཅན་གཟན་གཏུམ་པོ་ཞིག་གིས་རང་ཉིད་བཟའ་བར་རྩོམ་དུས་གླིང་གེ་སར་གྱི་དཔའ་རྟུལ་ཡིན་ཟེར་བ་ཞིག་ཕེབས་ཏེ་གཅན་གཟན་དེ་བསད་རྗེས། ད་ཕྱིན་ཆད་ཁྱོད་ཀྱིས་གླིང་གེ་སར་རྒྱལ་པོའི་མཛད་རྗེས་ཤོད་ཅིག་ཅེས་གདམས་པ་དང་།  འགའ་ཞིག་གི་རྨི་ལམ་དུ་འཇིགས་སུ་རུང་བའི་བདུད་འདྲེ་ཞིག་ཡོང་སྟེ་ཁོ་རང་གསོད་རྩིས་བྱེད་དུས་གླིང་གེ་སར་དངོས་སུ་ཕེབས་ཏེ་བདུད་དེ་བཏུལ་བ་དང་།  ཕྱིན་ཆད་གླིང་གེ་སར་དང་བཅས་པའི་བྱས་རྗེས་བཤད་དགོས་ཞེས་བཀའ་ཕབ་པ་རྨིས། དེ་ནས་སྐྱེས་བུ་དེ་ཉིན་ཁ་ཤས་སམ་ཡང་ན་ཟླ་བ་གཅིག་གཉིས་ཙམ་ལ་ནད་ཀྱིས་མནར་བ་ལྟར་སྨན་གྱིས་བཅོས་ཐབས་མེད་ཀྱང་། མཐར་རང་བཞིན་གྱིས་དྲག་རྗེས་བློ་རིག་གསལ་པོས་གླིང་སྒྲུང་འདྲ་མིན་སྣ་ཚོགས་ཆུ་རྒྱུག་རྒྱུག་བཞིན་བཤད་ཐུབ་པར་གྱུར།
      གཉིས་པ་པྲ་སྒྲུང་ནི་གཙོ་བོ་མེ་ལོང་ལ་བལྟས་ནས་གླིང་སྒྲུང་བཤད་པ་དེ་ལ་ཟེར། པྲ་མཁན་གྱིས་མོ་བཏབ་དུས་མེ་ལོང་ནང་གི་འཆར་ཚུལ་ལ་བརྟག་པ་ནང་བཞིན་སྒྲུང་མཁན་གྱིས་མེ་ལོང་མིག་མདུན་དུ་བཞག་རྗེས་དྲི་ཞིམ་པོའི་སྤོས་མཆོད། ཆུ་གཙང་མས་མཆོད་པ་ཕུལ་བཞིན་གླིང་གེ་སར་རྒྱལ་པོའི་བསང་མཆོད་དང་དགྲ་ལྷའི་གསོལ་འདེབས་བཏོན་ཏེ་གསོལ་བ་ཡང་ཡང་བཏབ་པ་ན། མེ་ལོང་དེའི་ནང་གླིང་གེ་སར་དང་དཔའ་རྟུལ་རྣམས་ཀྱི་མཛད་རྗེས་གློག་བརྙན་བཏང་བ་ནང་བཞིན་ཤར་བས་སྒྲུང་པས་གསོན་ཉམས་དོད་པའི་སྒོ་ནས་མི་རྣམས་ལ་བཤད་ཐུབ་པར་གྱུར
      བབ་སྒྲུང་དང་པྲ་སྒྲུང་ནི་དེང་སང་ཆེད་མཁས་པ་དང་ཚན་རིག་པས་ཀྱང་རྒྱུ་མཚན་བཤད་མི་ཐུབ་པའི་ཡ་མཚན་ཅན་ཞིག་ཡིན་པས་རང་ཉིད་དངོས་གཙོ་སྨྲ་བར་བརླམས་པའི་མི་འགའ་ཡིས་དེ་དག་ནི་རྫུན་བཟོ་བྱེད་པའི་རྨོངས་དད་རེད་ཅེས་དགོད་ཁ་ཤོར་ཏེ་ཁས་མི་བླངས་མོད། ཚན་རིག་གིས་ཡོད་ཚད་ལ་འགྲེལ་བཤད་རྒྱག་ཐུབ་དགོས་ཞེས་པ་ནི་ཨུ་ཚུགས་སམ་གུ་དོག་པོའི་བསམ་སྤྱོད་ལས་མ་འདས་སོ།།
      གསུམ་པ་བརྒྱུད་སྒྲུང་ནི་བོད་ཀྱི་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་བ་ཞིག་ཡིན་ཏེ། སྒྲུང་པ་གཞན་གྱིས་བཤད་པའི་སྒྲུང་རྣམས་བློ་ལ་བཟུང་སྟེ་མི་གཞན་ལ་བཤད་པའམ་ཡང་ན་ཁྱིམ་ཚང་གཅིག་ནང་མི་རབས་ནས་མི་རབས་ལ་བརྒྱུད་པ་ལ་ཟེར་རོ།།
      བཞི་པ་ཡིག་སྒྲུང་ནི་བོད་ཡིག་སྦྱོར་ཀློག་འབྲི་གསུམ་གྱི་རྨང་གཞི་ཡོད་པའི་ཐོག་ལ་གླིང་སྒྲུང་ལྟ་ཀློག་བྱེད་པའི་མོས་པ་ཆེན་པོས་སྒྲུང་དཔེ་དཔར་མ་དང་བྲིས་མ་སྣ་ཚོགས་ལ་བལྟས་རྗེས་གཞན་ལ་བཤད་པ་ལ་གོའོ།།

      གྲོགས་པོས་འབྲེལ་བ་བྱས་ཏེ་སྣེ་ཁྲིད་བྱས་པར་བརྟེན་ནས་ང་ཚོ་མདའ་མདོ་གྲོང་གི་བོད་པའི་དུད་ཚང་ཞིག་གི་སྒོ་ཁར་སླེབས། སྒོ་ཕྱི་ནས་འབོད་ཐེངས་གཅིག་གིས་ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱིས་ནང་ནས་ཨ་ལན་སྟེར་ཏེ་སྒོ་ཕྱེ་བྱུང་། ཁོང་ནི་དགུང་ལོ་བདུན་ཅུ་ཙམ་ལ་སོན་ཏེ་གོམ་སྟབས་བདེ་མོ་དང་བཅས་ང་ཚོ་ཇ་ཁང་ནང་བསུས།ཐབ་ཁུང་ནང་མེ་ལྕེ་ལྷབ་ལྷུབ་ཏུ་འབར་ཏེ་དྲོད་ལྷང་ལྷང་ཞིག་མཆེད་པ་དང་། ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱི་ཚ་མོས་ང་ཚོ་ལ་བསྲུབས་ཇ་ཚ་མོ་དང་། མར་རྩམ་ཞིམ་པོ་བཅས་དྲངས་ཏེ་གསོལ་རོགས་དང་བཞེས་རོགས་ཞེས་ཡང་ཡང་ཞུས། བོད་པའི་ཁྱད་ཆོས་ལྡན་ལ་དྲོད་འཁོལ་འཛོམས་པའི་ཇ་ཁང་དྲོན་མོ་དང་། བོད་མིའི་ལྷད་མེད་གཤིས་ཀ་བཟང་པོ་དང་མགྲོན་རྩིས་ཆེ་བའི་ལུགས་སྲོལ་ཡག་མོས་ང་ཚོ་གྲོགས་པོ་རྒྱུས་ཡོད་ཅིག་གི་ཁྱིམ་ནང་སླེབས་པ་ལྟར་དོགས་པ་དང་འཚེར་སྣང་ཅི་ཡང་མི་དགོས་པར་བཟའ་བཏུང་ཞིམ་པོ་ལ་རོལ་བཞིན་ཁ་བརྡ་ལབ་གླེང་བྱས།
      ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་ཆུང་དུས་ཀྱི་ཀ་ཁའི་སློབ་དཔོན་ནི་གྲོང་པ་ནང་གི་རྒན་བཀྲ་ཤིས་ཆོས་རྒྱལ་ཞུས་པ་དེ་རེད་འདུག དེའི་དྲུང་ནས་དབྱངས་གསལ་གྱི་སྦྱོར་ཀློག་འབྲི་གསུམ་སྦྱངས་རྗེས་སྐྱབས་འགྲོ་དང་བཅས་ཐོགས་ཐུག་མེད་པར་ཀློག་ཐུབ་མོད། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མུ་མཐུད་དུ་སློབ་གཉེར་བྱེད་པའི་སྐལ་བ་མ་ཐོབ། རེད་དེ། བོད་མི་རེའི་ཁ་ན་གླིང་སྒྲུང་རེ་ཞེས་པ་ལྟར། སྐབས་དེ་དུས་དམངས་ཁྲོད་དུ་གླིང་སྒྲུང་བཤད་ཤེས་མཁན་ཡོད་ལ་ཉན་འདོད་མཁན་ཡང་མང་བས་ཁོང་ཡང་གླིང་སྒྲུང་ལ་དད་པ་སྐྱེས་ཏེ། དབྱངས་གསལ་གྱི་རྟེན་འབྲེལ་བཟང་པོ་ལ་བརྟེན་ནས་གཞན་གྱིས་ཁ་ནས་བཤད་པའི་གླིང་སྒྲུང་དུམ་བུ་རྣམས་ཅི་ཐུབ་ཀྱིས་བློ་ལ་བཟུང་ཞིང་ཡི་གེར་ཕབ་པ་དང་། སྒྲུང་ཡིག་ཡོད་པའི་མི་རྣམས་ལ་འབྲེལ་ལམ་བཙུགས་ཏེ་དཔེ་ཆ་གཡར་ནས་ཉ་མོ་ཆུ་ལ་འཇུག་པ་ལྟར་འཁྲུངས་གླིང་དང་རྟ་རྒྱུགས་རྒྱན་འཇོགབདུད་འདུལ། ཧོར་གླིང་གཡུལ་འགྱེད་སོགས་དཔེ་ཀློག་བྱས་པས་ཆུ་ཐིགས་བསགས་བསགས་རྒྱ་མཚོ་ནང་བཞིན་དག་ཆ་མང་པོ་གསོག་འཇོག་བྱས་པས་མ་ཚད་ཕྲད་རྣམ་དབྱེའང་ངང་ངམ་ཤུགས་སུ་ལུགས་དང་མཐུན་པར་ཤེས།
      བོད་རིགས་ནི་གླུ་ལེན་ལ་དགའ་ཞིང་བྲོ་འཁྲབ་ལ་བྱང་པ་དང་། སྒྲུང་བཤད་ལ་མཁས་པའི་མི་རིགས་ཤིག་ཡིན་པས་གྲོང་པ་སོ་སོ་ལ་ནམ་ཁོམ་དུས་ཡོད་ན་ཚང་མས་དབྱངས་རྟ་སྙན་མོས་ངག་བཀུགས།སྟངས་སྟབས་ཡག་མོས་བྲོ་འཁྲབ།ངོ་མཚར་སྟོང་ལྡན་གྱི་སྒྲུང་བཤད་དེ་སྐྱིད་སྡུག་གི་འཚོ་བ་དེ་ཕུན་སུམ་ཚོགས་པར་བྱས་པ་དེ་ནི། ས་བབ་མཐོ་ལ་དུས་ཚིགས་ཀྱི་འགྱུར་ལྡོག་མང་ཞིང་མི་གྲངས་ཉུང་བའི་ཁོར་ཡུག་ཏུ་རང་ཉིད་ཀྱི་འཚོ་བ་གྱ་ནོམ་པར་བསྐྲུན་མཁས་པའི་བློ་གྲོས་ཤིག་རེད་ལ། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མུ་ནས་མུ་རུ་སྤེལ་བའི་ཐབས་ཤེས་མེད་དུ་མི་རུང་བ་ཞིག་ལགས།
      ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱིས་ལས་ཀའི་བར་གསེང་ནང་སྒྲུང་དཔེ་སྣ་ཚོགས་ལྟ་ཀློག་བྱས་ཏེ་རིམ་བཞིན་གླིང་སྒྲུང་སྣ་ཚོགས་བཤད་ཐུབ་པས་མ་ཚད། དབྱངས་ཀྱི་ངག་རྟ་བཅོ་ལྔ་ཙམ་འགུགས་ཤེས་པས་གང་ན་མི་མང་འཛོམས་ན་དེ་ན་ཁོང་གིས་དེ་ཡང་གླིང་སྒྲུང་ལས་་་་ཞེས་གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་རྣམས་ཀྱི་ཆེ་བ་བརྗོད་འགོ་བརྩམས་ཤིང་། གླུ་ཨ་ལ་ཐ་ལ་ཐ་ལ་རེད།། ཐ་ལ་མོ་གླུ་ཡི་ལེན་ལུགས་རེད།། ་་ཅེས་དབྱངས་རྟ་ལེན་འགོ་ཚུགས་པས་མི་སེར་ཚོའི་དགའ་བསུ་ཆེན་པོ་ཐོབ་སྟེ་དམངས་ཁྲོད་ཀྱི་སྒྲུང་པ་ཞིག་ལ་ཆགས་རྗེས་རྫོང་རིག་གནས་ཁང་ནས་ཁོང་གིས་བཤད་པའི་སྒྲུང་རྣམས་སྒྲ་ཕབ་བྱས་ཏེ་བོད་ཡུལ་དུ་བཀྲམ།
      ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱིས་ཁོ་རང་གླིང་སྒྲུང་ལ་དེ་འདྲའི་དགའ་ཞིང་མོས་གུས་སྐྱེས་པ་ནི་གླིང་སྒྲུང་ནང་ཛ་དྲག་གི་གཡུལ་འཁྲུག་དང་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས། བོད་པའི་ཡུལ་སྲོལ་གྱ་ནོམ་པ་ཡོད་པ་ཙམ་གྱིས་མ་ཡིན་པར། རང་སྐད་ཉེ་བར་མཚོན་པའི་ཐ་སྙད་གསོན་པོ་དང་ཤེས་རབ་བཅུད་ཀྱིས་ཟིན་པའི་གཏམ་དཔེ་སྙན་མོ། འགྲོས་བདེ་ཀློག་བདེ་བའི་ཚིག་རྩལ་ཡག་མོ་བཅས་ཡིན་ཞེས་གསུངས་པ་ལྟར།བཙན་པོའི་གཉའ་ནས་གནོན། ཉམ་ཆུང་མཐའ་ནས་སྐྱོང་བའི་གླིང་གེ་སར་གྱི་སྒྲུང་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིག་གཉིས་ཀས་སྣོད་ནང་ཆུ་བླུགས་པ་ལྟར་མ་ཡིན་པར་ཤོག་གུ་སྣུམ་གྱིས་ཟིན་པ་ནང་བཞིན། མི་སེར་ཚོ་ལ་བདེན་པ་འཛིན་སྐྱོང་དང་དགེ་བ་དར་སྤེལ།རྫུན་མའི་མཐིལ་བརྟོལ་དང་སྡིག་པ་འཛེམ་སྤངས་བྱ་རྒྱུའི་ཐད་ལ་རིག་གནས་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོད་དོ།།
      དེང་སང་གི་སྤྱི་ཚོགས་ནི་འཕོ་འགྱུར་ཆེ་བས་བོད་མི་ཚོ་ལའང་བལྟ་རྒྱུ་ནམ་མཁའི་སྐར་མ་ལས་མང་ཞིང་། ཉན་རྒྱུ་གྲམ་པའི་ཆུ་རྡོ་ལས་འབེལ་པས་དམངས་ཁྲོད་ཀྱི་སྒྲུང་དང་གཞས། གླུ་དང་བྲོ། འབྲས་དཀར་དང་འབེལ་གཏམ་སོགས་ཀྱིས་མགྲོན་པོ་བདག་ཏུ་རེ། བདག་པོ་སྒོ་ཕྱི་ལ་ཕུད་པའི་ལས་མྱོང་དགོས་དུས། དེ་དག་དང་འགྲོགས་ནས་འོངས་ཤིང་སྲོལ་རྒྱུན་གྱིས་བདུད་རྩིས་བསྐྱངས་པའི་རྒན་རྒོན་རྣམས་མི་མང་ཚོགས་པའི་ཟུར་དུ་བཞག་པའི་སྐྱོ་སྣང་འགོག་མེད་དུ་སྐྱེས་པའང་ཁག་ཅི་ཡོད། རེད་དེ། ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱིས་གསུངས་པ་ལྟར། སྲོལ་རྒྱུན་རིག་གནས་ལ་སྙིགས་དོར་བཅུད་ལེན་བྱས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་འགན་ནི་ལོ་ཆུང་ཚོའི་ཕྲག་ཏུ་བབ་ན། ད་གཟོད་སྲོལ་རྒྱུན་གྱི་ཤ་ཁྲག་ནང་དུས་རབས་ཀྱི་ཁྲག་རྒྱུན་ཞུགས་ཏེ་རིག་གནས་ཀྱི་ཚེ་བསྲིངས་ཏེ་རྒྱུན་རིང་བས། གླིང་སྒྲུང་དང་བཅས་པའི་དམངས་ཁྲོད་རིག་གནས་རྣམས་སློབ་གྲྭའི་སློབ་དེབ་ནང་ཞུགས་ཐུབ་ན། བརྒྱ་སྟོང་ཁྲི་འབུམ་གྱི་མ་འོངས་པའི་བདག་པོ་ཚོའི་རྒྱུད་ལ་བག་ཆགས་བཞག་སྟེ་མོས་པ་ཆེན་པོ་དང་དགའ་ཕྱོགས་མ་ནོར་བས་བཤད་དུ་རིན་པའི་གྲུབ་འབྲས་སྨིན་ཐུབ་རྒྱུ་རེད།
      ང་རང་གིས་ཐོག་མར་དགེ་རྒན་བྱེད་དུས། དམའ་འབྲིང་སློབ་དེབ་ནང་གླིང་སྒྲུང་ལས་ཧོར་གླིང་གཡུལ་འགྱེད་ཀྱི་དུམ་མཚམས་འགའ་བཏུས་ཡོད་པས་སློབ་ཁྲིད་བྱེད་པ་དང་སྦྲགས།གེ་སར་གྱི་ཕ་ཡུལ་དང་མཚན་གྱི་རྣམ་གྲངས།འབྱུང་ཁུངས། སྒྲུང་གི་བརྗོད་བྱ་གནད་བསྡུས་བཅས་ངོ་སྤྲོད་བྱས་ཏེ་སློབ་མ་ཚོ་ལ་གླིང་སྒྲུང་སྐོར་གྱི་ཤེས་བྱའི་རྨང་གཞི་བཏིང་སྟེ་གླིང་སྒྲུང་ལྟ་ཀློག་གི་འཇུག་སྒོ་ཐོག་མར་ཕྱེ་པ་དང་། རང་གིས་ཤེས་པའི་སྒྲུང་གི་དབྱངས་རྟ་འགའ་བསླབས་ཏེ་འཛིན་གྲྭའི་བར་འགྲན་བསྡུར་ཡང་བྱས་ཏེ་སློབ་མ་ཚོའི་མོས་པ་འཕེལ་བར་བྱེད་ཆོག་པས་རིགས་ཀྱི་བུ་དང་བུ་མོ་ཚོའི་རིན་ཐང་ལྟ་བ་དང་ཀུན་སྤྱོད་བསམ་བློ།རང་རྩིས་འདུ་ཤེས།རིགས་ཞེན་ལ་རྒྱ། སྨྲ་བརྗོད་འཇོན་ཐང་སོགས་གསོ་སྐྱོང་བྱེད་པར་ཕན་ཆེན་པོ་ཐོགས་ཡོད། འོན་ཀྱང་། དེང་སང་གི་སློབ་དེབ་ནང་གླིང་སྒྲུང་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པ་ནི་རྟོགས་པ་མཐོན་པོ་ཚོས་འདི་ནི་ལྷ་སྒྲུང་དང་རྨོངས་དད་རེད་ཅེས་ཆོག་མཆན་མ་གནང་ལ། རྩོམ་སྒྲིག་པ་ཚོས་འདི་ནི་ས་ཕྱོགས་འདིའི་མ་རེད་ཅེས་སྙམ་པས་ཡིན་རྒྱུ་རེད། དེའི་སྟབས་ཀྱིས་དེང་སང་ན་གཞོན་ཚོར་གླིང་སྒྲུང་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་པས་འཛམ་གླིང་ལ་སྙན་པ་འབར་བའི་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་དེར་ཆ་རྒྱུས་ཅི་ཡང་མེད་ལ།ཐ་ན་བོད་ཡིག་གིས་གསར་བརྩམས་བྱེད་པའི་རྩོམ་པ་པོ་རྣམས་ཀྱིས་ཀྱང་དེ་དག་སྣང་མེད་དུ་བཞག་པས་བརྩམས་ཆོས་ནང་རྗོད་བྱེད་ཀྱི་ཚིག་ལ་རང་སྐད་ཀྱི་བྲོ་བ་མེད་པ་བཅས་སྲོལ་རྒྱུན་གྱི་ཤེས་རབ་དང་དམངས་ཁྲོད་ཀྱི་སྐད་ཆ་ལ་མཐོང་ཆེན་གྱིས་བསྲེགས་བཅད་བརྡར་གསུམ་མ་བྱས་པའི་གྱོང་ཁ་རག་གིན་འདུགདེ་ནི་བོད་ཀྱི་སློབ་གསོ་པ་དང་ཡི་གེ་བ་ཚོས་ཕྱོགས་རིས་མེད་པར་ཅིས་ཀྱང་བསམ་གཞིག་མཛད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད།
      ང་རང་ཆུང་དུས་ནས་གླིང་སྒྲུང་གི་དབྱངས་རྟ་ངག་ཏུ་གྱེར་བར་དགའ་ཞིང་།དགེ་འོས་སློབ་གྲྭར་ཞུགས་པ་ནས་བཟུང་།གླིང་སྒྲུང་ལྟ་ཀློག་བྱེད་པར་དགའ་བའི་གོམས་གཤིས་ཤིག་ཆགས་པས་ད་ལྟ་ཡང་གླིང་སྒྲུང་བཀླག་རྒྱུ་ནི་དཔེ་ཆ་ལྟ་ཀློག་གི་འཚོ་བ་ནང་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན།ཨ་ཁུ་ཕན་ཚོགས་རྣམ་རྒྱལ་གྱིས་གླིང་སྒྲུང་གང་དག་བཀླགས་མྱོང་བར་རྒྱུས་ལོན་བྱེད་འདོད་ཆེ་སྟེ་རེ་འདུན་ཞུས་མཐར།ཁོང་གིས་མཆོད་ཁང་ནང་ནས་གླིང་སྒྲུང་གི་དཔེ་ཆ་རྣམས་ཕྱི་ལ་གདན་དྲངས།དེའི་ནང་སྔ་ཕྱི་རུ་བོད་ལྗོངས་དང་མཚོ་སྔོན།སི་ཁྲོན།ཀན་སུའུ་བཅས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གླིང་སྒྲུང《འཁྲུངས་གླིང་མེ་ཏོག་ར་བ།》དང་《རྟ་རྒྱུགས་རྒྱན་འཇོག》《ཧོར་གླིང་གཡུལ་འགྱེད།》《བདུད་འདུལ།》《བྷེ་གླིང་གཡུལ་འགྱེད།》《བྱེ་རུའི་གོ་རྫོང་།》《འདན་མའི་ནས་རྫོང་།》《འཇང་གླིང་གཡུལ་འགྱེད།》《རྒྱ་གླིང་།》《གྲུ་གུ་གོ་རྫོང་།》《ལྷ་གླིང་གབ་རྩེ་དགུ་སྐོར།》《བཀྲ་ཤིས་སྨོན་ལན་ལྔ་པ།》《དམྱལ་གླིང་།》སོགས་མང་པོ་འདུག་ལ་འགའ་ཤས་ཡུན་རིང་ལ་ལྟ་ཀློག་བྱས་པས་ཧྲལ་ཡང་རས་སྐུད་ཀྱིས་འཚེམ་དྲུབ་བྱས་པ་དང་།འགའ་ཞིག་ཆུ་ཤོག་གིས་དམ་དུ་དྲིལ་ཏེ་ཧ་ཅང་དང་དོད་བྱེད་ཡོད་པ་ལས་ཁོང་གིས་དཔེ་ཆ་དེ་དག་ལ་བཅངས་པའི་བརྩེ་བ་དང་དུངས་སེམས་ཤེས་ཐུབ།
      ཨ་ཁུ་ཕུན་ཚོགས་རྣམ་རྒྱལ་གྱིས་གླིང་སྒྲུང་གི་དཔེ་ཆ་རེ་རེ་ལག་ནང་འཛིན་བཞིན་དཔེ་ཆ་སོ་སོ་དུས་ཚོད་གང་འདྲ་ཞིག་ནང་ས་གནས་གང་ནས་ཉོས་པ་དང་།དཔེ་ཆ་རེའི་ནང་དོན་གཙོ་བོ་ཅི་འདྲ་ཡིན་པ་རིམ་གྱིས་བཤད་པ་ནི་རང་ཁྱིམ་གྱི་ཕུགས་ནོར་རྣམས་གཞན་ལ་ངོ་སྤྲོད་བྱེད་པ་དང་ཀུན་ནས་མཚུངས།དེ་ནི་དཔེ་ཆ་ལ་དགའ་མཁན་ཚོར་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཏེ།དུས་ཚོད་ཇི་ལྟར་གྱུར་ཡང་རུང་།མི་སེམས་གང་ལྟར་རྒོད་ཀྱང་འདྲ།དཔེ་ཆའི་འཇིག་རྟེན་ནང་ཡིག་འབྲུ་ཡིས་མཚན་མོར་སྙིང་གཏམ་དྲོན་མོ་འཆད་རོགས་བྱེད་ཅིང་།མི་སྣ་ཡིས་མི་ཚེའི་འགྲོ་ལམ་དུ་ལམ་སྣ་སྟོན་རོགས་བགྱིས་པས་དགའ་སྐྱོའི་མཆི་མ་བཞུར་ཞིང་བདེ་སྡུག་གི་འཚོ་བ་སྐྱོང་ཆོག་པ་ནི་དཔེ་ཆ་ཁོ་ན་མ་གཏོགས་སུས་ཀྱང་བསྩལ་དུ་མེད་པའི་དངོས་གྲུབ་ཅིག་རེད།
      ཨ་ཁུ་ཕན་ཚོགས་རྣམ་རྒྱལ་ནི་གོང་དུ་བཤད་པའི་བབ་སྒྲུང་པ་དང་པྲ་སྒྲུང་པ་གང་ཡང་མ་ཡིན་པར་སྤྱིར་བཏང་གི་ཡིག་སྒྲུང་པ་ཞིག་ཡིན་མོད།རིག་གནས་ཀྱི་འཚོ་བ་སྐྱ་ཆད་སྔོ་སྡུག་གི་དུས་སུ་ཁོང་གིས་གླིང་སྒྲུང་དབྱངས་རྟ་སྙན་མོས་མི་སེར་ཚོའི་སྙན་དབང་གསོས།གླིང་སྒྲུང་བརྗོད་བྱ་ཟབ་མོས་མི་སེར་ཚོའི་ཡིད་དབང་བཀུགས་མྱོང་།དེང་སང་གི་ན་གཞོན་ཚོ་ནི་ཁྲ་ཁྲ་རིག་རིག་ལ་མགོ་འཁོར་ལ་རྒན་རྒོན་ཚོ་ནི་ལོ་ནའི་ཁུར་གྱིས་མནར་ཡང་།ཁོ་རང་གིས་རང་སེམས་རང་གིས་བསྲུངས་ཏེ་སྔར་ལྟར་གླིང་སྒྲུང་ལ་སྐྱབས་སུ་མཆིས་ཏེ་ཉིན་ནི་ཞག་དང་ཞག་ནི་ཟླ་བས་སྐྱེལ་བཞིན་ཡོད་པའི་བདེ་སྐྱིད་ནི་ཁོང་གི་ཁ་བརྡ་དང་རྣམ་འགྱུར་ལས་ཤེས་པས།ང་ལའང་རང་གི་མ་འོངས་རྒས་དུས་ཀྱི་འཚོ་བ་ལ་ཡིད་ཆེས་དང་གདེང་ཚོད་སྐྱེས་སོང་།
      གཞུང་ལམ་གྱི་འགྲམ་དུ་ཁེར་རྐྱང་ངང་གླིང་སྒྲུང་དང་འགྲོགས་པའི་དམངས་ཁྲོད་ཡིག་སྒྲུང་པ་ཞིག་གི་བགྲོད་ཟིན་པའི་ལམ་དང་འགྲོ་བཞིན་པའི་ལམ་ལ་ཐེངས་གཅིག་མཇལ་རྗེས་ད་སྔོན་ཐོབ་ཤོར་གྱི་བར་ལ་དཔྱངས་པའི་སེམས་པའང་བཏང་སྙོམས་སུ་གནས་ཏེ་གླིང་སྒྲུང་གི་བྱིན་རླབས་མྱོང་བཞིན།གླིང་སྒྲུང་གི་དངོས་གྲུབ་ལ་རེ་བཞིན་ཕྱིར་ལོགཕྱིར་ལོག་པའི་ལམ་བར་གྱི་སྲིབ་ངོས་སུ་གསོམ་སྡོང་ཞིག་གི་རྩ་ལག་སྦོམ་པོས་རང་ས་བརྟན་པོར་འཛིན་ཚུལ་མཐོང་མུར་དེ་ལ་མངོན་པར་འདོད་པའི་དད་པ་ཞིག་སྐྱེས་སོ།། །།
 

上一篇:འདན་མའི་དྲན་གསོ་ཁང་།

下一篇:གངས་དཀར་ཏི་སེ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2731072 位访客