འབྲི་གུང་གྲུབ་དབང་བསྟན་འཛིན་ཉི་མའི་རྣམ་ཐར།

发布时间:2018-04-17 04:09:55

  སྐྱབས་རྗེ་གྲུབ་དབང་དཀོན་མཆོག་བསྟན་འཛིན་ཉི་མ་རིན་པོ་ཆེ་ནི། འབྲི་གུང་ཞྭ་ལྷ་ཁང་གི་ཉེ་འདབས་སུ་འདས་ར`s\vl VE`s\vl Vོང་བཞི་བརྒྱ་དྲུག་བཅུ་རེ་བརྒྱད་པ་སྟེ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོར﹙སྤྱི་ལོ༡༩༢༤﹚ལོར། ཡབ་ནི་རྩིང་མཁན་དང་། ཡུམ་ཉི་སྐྱིད་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྲིང་མོ་གཉིས་ཡོད། ཆུང་ངུ་ནས་འབྲི་གདན་བྱང་ཆུབ་གླིང་དུ་བཙུན་པ་མཛད་དེ།  གྲྭ་ཚང་གི་འདོན་ཆོས་སོགས་ལ་སློབ་གཉེར་ནན་ཏན་གནང་།  སྐབས་དེར་གྲྭ་ཆུང་དམར་མགོ་ཞེས་འབོད། ཚོགས་ཆོས་རྒུ་འགྲིམས་ཏེ། གསེར་ཁང་གི་སྐུ་གཉེར་དང་ཆབ་རིལ་གནང་དུས་ཐུགས་ཁྲོ་སླ་བས་གཞན་གྱིས་མ་འགྲིག་པ་ཙམ་ལ་ཕྱག་འཇུག་ཀྱང་གནང་སྐད། སྭཀ་བཙུན་པས་ཉིད་ལ་ལེ་འདོགས་ཀྱི་གཞི་མ་གྲུབ་པས་རང་བཞིན་གྱིས་ནོན་པར་གྲགས། རྒྱལ་ཚབ་བརྒྱད་ར་ལས་རབ་བྱུང་དང་བསྙེན་རྫོགས་སྟབས་གཅིག་ཏུ་ཞུས་ཏེ་དགེ་སྦྱོང་གི་དངོས་པོ་བདག་གིར་བཞེས།  སྔ་གོང་སྐྱབས་མགོན་ཞི་བའི་ཞབས་ཀྱིས་ཡང་རིར་མཚམས་གྲྭ་ཤར་ནུབ་དང་། གླིང་གི་དྲག་རིམ་ལ་བདེ་མཆོག་དབང་ཆེན་གནང་སྐས།  རྗེས་འདི་གཟན་གྱི་འོག་ནས་འཛུལ་བས་ཐར་ཏེ་དབང་ཆེན་འཐོབ་པའི་སྐལ་ལྡན་དུ་གྱུར།

            འཁོར་ལོའི་མགོན་པོ་དཔའ་ཆུང་རིན་པོ་ཆེའི་ཞབས་ལ་གཏུགས་ནས།  བརྒྱུད་པ་ལས་བརྒྱུད་པའི་ཆོས་ཆེས་ངོ་མཚར་བའི་ཕ་ཆོས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་དང་།  ཟབ་ལམ་ནཱ་རོའི་ཆོས་དྲུག་སོགས་གསན་ནས་ཉམས་བཞེས་མཛད།  རྗེ་བླ་མས་མཚམས་པ་རྣམས་ལ་ཆོས་སྔོན་ལ་གནང་ནས།  གཞན་མ་ཚོར་རྗེས་སུ་གནང་བས་ཉིད་ཀྱང་རྗེས་ལ་གསན་པར་གསུངས། དེ་ནས་དགུང་གྲངས་སུམ་བཅུའི་ནང་གྲྭ་ཚང་གི་བྱང་འདྲེན་པར་བསྐོས་པས་ཁྲིར་ཕེབས། རྗེ་ཉིད་ནས་དེ་དུས་གཞི་གནས་ཀྱི་རྐང་ཚུགས་པ་ཡིན་གསུངས་ལ།  རྒྱུད་ཡོད་དག་གིས་ཀྱང་།  དབུ་གཡོག་ནས་ཚོགས་གྲོལ་རན་མིན་སོགས་གསལ་འདེབས་མ་ཞུས་ན།  ཉིད་ནས་མི་ཚོར་བར་ཚོགས་ཡུན་རིང་པོར་འགྲོ་ཟེར་གྱི་འདུག་པ་མཐུན་ནོ།།

        དཔའ་ཆུང་རིན་པོ་ཆེ་རིགས་བདག་ཏུ་བསྙེན་ནས་ཟབ་ལམ་སྙན་བརྒྱུད་ཀྱི་ཆོས་ཀུན་གསན་བསམ་བསྒོམ་གསུམ་གྱི་ནང་བྱན་ཆུད་པར་མཛད་ཀྱང་མཚམས་གྲས་སུ་ནི་མ་བྱོན། ལྕང་རྭར་ཀློག་གྲར་མ་བྱོན་ཀྱང་མདོ་སྔགས་ཀྱི་གནད་ཀུན་ལ་ཆགས་ཐོགས་མེད་པར་མཁྱེན་པ་ནི་མངོན་གསུམ་དང་། བསྟན་སྙིང་དང་དགོངས་གཅིག་སོགས་རྗེ་བླ་མ་ལས་གསན་ཞིང་ཆོ་ག་ཁག་དང་ཕྱག་ལེན་སོགས་ལུང་ཁྲིད་མཐོང་བ་བརྒྱུད་པའི་ཕྱག་ལེན་སོགས་ལ་བྱང་ཆུབ་པར་གྱུར།

        སྒྲུབ་སྡེ་དང་ཡང་རིའི་དཔེ་ཆ་རྣམས་དམ་སྦྱར་དུ་ཡོད་ཀྱང་སྐུ་གཉེར་ལ་འདྲིས་པར་བྱས་ནས་ཕལ་ཆེ་བ་གཟིགས་རྟོགས་མཛད་དེ་རིན་བྱང་མ་ཚིགས་ལྷུག་ཤིན་ཏུ་གོ་བདེ་ཞིག་ཡོད།  བཀའ་འགྲེལ་ཅུང་གོ་དཀའ་བ་ཡིན།  ཉམས་སུ་ལེན་ན་རིམ་གྱིས་འགྲེལ་འོང་གསུང་མྱོང་།  འབྲི་གུང་གི་མཁས་གྲུབ་ཡོངས་འཛིན་ཨ་དབྱང་དང་།  ཆོས་མཛད་སྤྲུ་སྐུ་ལས་གསན་པ་ཕྲན་ཚེགས་མཛད་ཅིང་།  རྗེ་བླ་མ་ལས་ཆོས་རྗེ་སྐྱོབ་པའི་ཐུན་མིན་ཟབ་ཆོས་འབྲུ་ལུང་དུ་གསན་པ་སོགས་མཉམ་མེད་སྒམ་པོ་པས།  ཆོས་ལ་ཐོས་བསམ་སྒོམ་གསུམ་སྤྲུག་མར་བྱེད་པ་ནི་གནད་མ་ནོར་བ་ཡིན་གསུངས་པ་རྗེ་འདིས་མངོན་སུམ་ཉམས་སུ་བཞེས།  ཞལ་སྔ་ནས།  ང་ཉམས་ལེན་ལ་གཙོར་སྟོན་བྱས་པ་ལས།  ལུང་རྒྱུན་སོགས་ལ་དེ་ཙམ་དོ་སྣང་མ་བྱས་ཏེ།  ད་ལྟ་མི་ལ་ཆོས་འཆད་པ་སོགས་འདི་འདྲ་བྱེད་རྒྱུའི་བསམ་པ་དེ་དུས་ག་ལ་ཡོད་གསུངས།

        དེ་ལྟར་རྗེའི་དྲུང་དུ་ཉམས་ལེན་མཛད་བཞིན་པའི་ངང་། ས་ཕག་ལོར་བསམ་ཡུལ་ལས་འདས་པའི་དུས་འགྱུར་བྱུང་བས་དགོན་པ་དང་ཁ་རང་བྲལ་དུ་གྱུར་ཏེ། ཀོང་པོ་རྩ་རར་བཞུགས་དགོས་འཁེལ་བས། རྗེ་ཉིད་བསྙུན་སོགས་ཀྱིས་རྐྱེན་པས་འོ་བརྒྱལ་དང་། དགོན་སྡེ་རྩ་གཏོར་གཏང་བ་སོགས་ཐུགས་ལ་མི་བཟོད་པའི་འཚུབ་འགྱུར་མང་དུ་བྱུང་ཡང་འདུས་བྱས་ཀྱི་རང་བཞིན་ཁོང་དུ་ཆུད་ཅིང་དོན་གྱི་བསྟན་པ་རང་བརྒྱུད་ལ་རག་ལས་པ་མཁྱེན་པས་གྲྭ་བཙུན་མང་པོ་ཁྱིམ་ཐབ་བཅའ་དགོས་པ་སོགས་བྱུང་ཀྱང་། སྡུད་པར། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། གསུང་པ་བཞིན་ཕ་འཇིག་རྟེན་མགོན་པོའི་ཁྱད་ཆོས་ཕྱག་ཚུལ་གནད་གཅིག་པའི་གྲུབ་མཐའ་བསྐྱངས་ནས་ཐུབ་པའི་བསྟན་པ་རང་རྒྱུད་ལ་མི་ནུབ་པར་མིག་འབྲས་དང་གཡག་རྔ་ཇི་བཞིན་སྲུང་བས་སྡོམ་བརྩོན་ཆེན་པོར་གྲུབ་བོ།།

        ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་བོད་དུ་ཆོས་ལུགས་སྲིད་ཇུས་ཡང་དར་གྱུར་པས། རྗེ་ཉིད་དང་།  དབུ་བསམ་གཏན།  དཀོན་མཆོག་བསམ་གཏན། དཀོན་མཆོག་འཕེལ་རྒྱལ་རྣམས་གྲོས་བྱས་ནས་གཞུང་ལ་གདན་ས་ཉམས་གསོ་ཆོག་པའི་སྙན་ཞུ་སྔ་ཕྱིར་ཕུལ་བ་བཞིན་དོན་དུ་གྱུར་ནས་ཉམས་གསོ་མགོ་ཚུགས་པ་དང་།  ཉིད་ཀྱིས་བསྐུལ་བ་བཞིན་སྐྱབས་རྗེ་དཔའ་ཆུང་མཆོག་གདན་སར་ཞབས་སོར་འཁོད་པས་མཚོན་དུ་མེད་པའི་དགའ་བས་ཡབ་སྲས་ཞལ་འཛོམས་པའི་དགའ་སྟོན་ཉམས་སུ་བསྟར། དེ་རྗེས་རྗེ་བླ་མས་བཀའ་བསྐུལ་གནང་བས་མ་ལྡོག་པར་དགུང་གྲངས་ང་དགུར་སླར་གདན་སར་བྱོན་ཏེ་སྒྲུབ་བཞུགས་ནས།  ཟུར་ཁྲིད་ཀྱི་ཐུགས་འཁུར་དང་།  དགོན་པའི་མཁན་པོའི་འཁུར་བཞེས་ནས་ཉམས་གསོ་སོགས་ལ་སློབ་སྟོན་སོགས་དང་གཞུང་ཐུག་ལ་ལན་འགའ་བྱོན་ནས་རོགས་དངུལ་སོགས་ཐོབ་པར་མཛད། མཁན་སོག་སྤྲུལ་གདན་སར་བྱོན་ཏེ་སྒྲིག་ཏུ་ཚུད་རྗེས་མཁན་པོའི་ཐུགས་འགན་སོག་སྤྲུལ་ལ་གཏད་དེ་རྗེ་ཉིད་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ།

        ཤིང་གླང་ལོར་གནས་འདིར་རྗེ་བླ་མས་བསྙེན་རྫོགས་སྔ་ཕྱིར་གནང་བའི་སློབ་དཔོན་ཉིད་ནས་གནང་བ་སོགས་རེ་རེ་ནས་མི་ལང་།  དགུང་གྲངས་རེ་གཉིས་སུ་བྱོན་པ་འདས་རྗེས་ཉིས་སྟོང་ལྔ་བརྒྱ་གསུམ་བཅུ་པ་སྟེ་རབ་རྒྱན་མེ་སྟག་ལོའི་ཟླ་བ་བདུན་པའི་ཚེས་བཅུ་བཞིར་རྗེ་བླ་མས་ད་ངའི་བྱ་བ་བྱས་ཟིན། ཕ་མ་ཤི་ན་བུ་མི་ཚར་ཟེར་བའི་དཔེ་ལྟར་རེད། སྒྲུབ་བརྒྱུད་ཀྱི་བསྟན་པ་འདི་ཁྱེད་རང་ལ་གཏད་པ་ཡིན་གསུངས་ཏེ་ཁྲི་ཐོག་སོ་དྲུག་པར་མངའ་གསོལ་བས། གསར་བུ་ཕྱོགས་འདུས་ཚོར་ལྔ་ལྡན་དང་ཆོས་དྲུག་གི་གཞི་ཁྲིད་དང་ལུང་ཁྲིད་སོགས་རྒྱུན་དུ་གནང་བར་མཛད། ས་འབྲུག་ལོར་རྗེ་བླ་མ་གཤེགས་ཚེ་ཐུགས་ངལ་ཚད་མེད་བྱུང་ཞིང་།  གདུང་ཆོག་གི་གྲལ་དབུར་ཕེབས་སྟེ་དགོངས་རྫོགས་ཀྱི་རིམ་པ་རྣམས་གང་རྒྱས་གྲུབ་པར་གནང་ནས། སྒྲུབ་པ་ལ་གཞོལ་ནས་བུག་སྒོར་ཆོས་འཆད་ཙམ་ལས་ཆེར་མཇལ་ས་མེད་པར་འདག་སྦྱར་གྱི་རྣམ་ཐར་བསྐྱངས།  སྐབས་ཤིག་གཉའ་སྟག་སྤྲུལ་སྐུའི་ངོར་ལྷོ་ཁའི་གནས་གཟིགས་དང་།  སྐབས་ཤིག་སྙེ་ཐང་དང་།  རྭ་སྒྲེང་གནས་གཟིགས་སུ་བྱོན་པ་ལས་གཞན་སྒྲུབ་པ་ལ་བཞུགས།  ཉིད་ལ་འབུལ་བ་བྱུང་བ་རྣམས་མཆོད་རྫས་དང་རྟེན་བཞེངས་དང་། ངན་སློང་ལ་གནང་བ་དང་།  ཞལ་འདེབས་སུ་མཛད་ཅིང་རྟ་ཆག་སྟེང་དུ་ལྷོ་འཕྲིན་ལས་རྣམ་རྒྱལ་གྱི་གདུང་རྟེན་བསྐྱར་བཞེངས་མཛད་པ་སོགས་དོན་ལྡན་དུ་སྦྱོར་བ་ལས་བར་མ་དོར་ཆུད་ཟོས་སུ་མི་གནང་།  སྒྲུབ་པ་གསར་ཞུགས་དང་།  རྙིང་པ་དག་སྒྲུབ་པ་ལ་བརྩོན་པར་ཐུགས་ཤིན་ཏུ་དགྱེས་ཤིང་སྒྲུབ་པར་བསྐུལ།  སྒྲུབ་པ་ཁོ་ནར་སྙིང་པོར་མཛད་པའི་གོང་མའི་ཕྱག་བཞེས་མ་འདྲེས་པར་གསལ་བར་བགྱིས་པའི་སྐབས། འགའ་ཞིག་ནས་མཚམས་པའི་འདུ་ཁང་བསྐྱར་བཞེངས་བྱེད་དགོས་པའི་བསྐུལ་མ་བྱུང་བར། ཞལ་སྔ་ནས། སྐྱབས་རྗེ་དཔའ་ཆུང་རིན་པོ་ཆེས་ང་ལ་ལྔ་ལྡན་ཆོས་དྲུག་གི་ཉམས་ལེན་མི་ནུབ་པར་འཁྲིད་པའི་འགན་གནང་བ་ལས། ཨར་པོ་རྒྱག་རྒྱུའི་འགན་སྤྲད་མ་བྱུང་།

        ཚོགས་སུ་འགྲོ་ཐུབ་ན་གྲྭ་ཚང་འདུ་ཁང་དུ་སོང་། དཀོར་གཉིས་ཟ་འདོད་དམ་གསུང་ཤིང་ཐུགས་ཕྱུང་བའི་རྣམ་པ་མཛད་ཀྱི་འདུག  དེ་རྗེས་ཙམ་ལ་ལས་སྔོན་ལྟར་རྟ་ཆག་སྟེང་མཚམས་པའི་འབུམ་འདོན་རྒྱུ་དེ་ད་ལོ་ཨེ་ཚུགས་ལྟ་བས་ཞལ་འདེབས་དང་། ཉིད་ཕེབས་པར་ཞུ་ཞུས་པར། ཞལ་སྔ་ནས་མཚམས་པ་བྱ་བ་དེ་འབུམ་ཤེར་ཕྱིན་གྱི་དོན་བསྒོམ་མཁན་ཡིན་པ་ལས། འབུམ་ཀློག་མཁན་ལ་ཟེར་བ་མིན་གསུངས། འདི་དུས་སར་བུ་མང་པོར་ཕྱག་ཆེན་གྱིས་ཁྲིད་འདེབས་དུས་ཁ་ཅིག་ལ་ཁྲིད་མ་ཐེབ་པ་བྱུང་བས། ཡང་ཡང་ངོ་སྤྲོད་བྱས་ཀྱང་ངོ་མི་འཕྲོད་པ་ནི་ཐོས་བསམ་གྱི་སྒྲོ་འདོགས་མ་ཆོད་པས་ལན་པས། ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་ཕུ་ཐག་ཆོད་དགོས་གསུངས།

        ཕྱི་རྒྱལ་བ་མང་པོ་ཁྲིད་ཞུ་བར་བཅར་འདོད་ཆོས་གང་འདུལ་དུ་གསུང་ཞིང་། ཞལ་སྔ་ནས། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་སོགས་ཉམས་ལེན་མ་བྱས་པར་ངོ་སྤྲོད་བྱེད་དགོས་ཟེར། ངོ་མ་འཕྲོད་པར་གཞི་གནས་ལ་འབྱམས་པར་རེ་ཞིག་ཚོར་བ་རགས་པ་ཞི་བས་སྡུག་བསྔལ་སོགས་འགག་པས། དེར་ཞེན་འདུག  སྦྱོར་དངོས་རྗེས་ཚང་ཞིག་གལ་ཆེ་ཡི། གཞི་གནས་རྐྱང་པར་ཞེན་པས་ས་མི་ཆོད་གསུངས། གྲགས་སྙན་གང་སར་ཁྱབ་པས་ཐག་རིང་པོ་ནས་མཇལ་བཅར་ཆོས་ཞུར་འབྱོར་བ་བསམ་ལས་འདས།

        ཤིང་ཕག་ལོར་དགུན་དུས་སྒ་ནས་སྐྱེ་སྔ་སྤྲུལ་སྐུའི་བཀས་སྒྲུབ་བརྒྱུད་དགོན་གྱི་མཁན་པོ་དང་། དབུ་མཛད་སོགས་གྲྭ་གཞོན་རྣམ་རིག་བཀྲ་བ་སུམ་ཅུ་སྐོར་རང་ལུགས་བཀའ་བརྒྱུད་པའི་ཆོས་ཞུར་འབྱོར་བས། ཐུགས་རྗེས་སུ་བརྩེ་བས་བཅད་རྒྱ་ལས་བཞེངས་ཏེ་རང་ལུགས་བཀའ་བརྒྱུད་ཀྱི་ཆོས་བཀའ་ཡོངས་རྫོགས་ཀྱི་བཀའ་གཏད་གྲོལ་ནས་ཆོས་གསུངས་ནི། རྒྱུན་ཆགས་སུ་གནང་།  སྤྱན་གྱིས་ཕྱག་དཔེ་ཆེར་མི་གཟིགས་པ་བྱུང་བས། སྨན་བཅོས་ཀྱི་ཉེས་པ་ལས་གྲོལ། འདི་ཙམ་ནས་དགེ་སློང་དོན་གྲུབ་ནོར་བུས་ཉིད་ཀྱི་ཟུར་འཁྲིད་པ་མཛད་ཅིང་ཉིད་ནས་གདམས་པ་འབོག་པ་གནང་། མདོ་དབུས་སོགས་ནས་རྟོགས་པ་འབུལ་མཁན་དང་།  གེགས་སེལ་ཞུ་མི་མང་ཞིག་འབྱོར་བ་ནི། ཀུན་གྱི་མཁྱེན་གསལ་འདི་བཞིན་དང་། རྗེ་ཉིད་ལ་རྫོགས་ཆེན་གྱི་ལྟ་གྲུབ་སོགས་ཞུས་ཚེ་ངས་རྫོགས་ཆེན་ཐོས་བསམ་བྱེད་མ་མྱོང་བས་གཞན་ལ་དྲིས་གསུངས་ཤིང་། སར་བུ་ཚོར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཁོ་ན་ཉམས་སུ་ལེན་བགྱིས་ན་ཐུགས་རབ་ཏུ་དགྱེས་པའི་མཆོག་ཡིན།

        འོ་སྐོལ་ནི་སྐྱོབ་པ་རིན་པོ་ཆེའི་བརྒྱུད་པ་ཡིན་པས་ལྔ་ལྡན་ལ་ཉམས་ལེན་བྱེད་དགོས། འདི་བས་ལྷག་པ་མེད། ཡིན་གཅིག་རྫོགས་ཆེན་ཟེར་བ་ལོགས་སུ་གཉེར་རྒྱུ་མེད།  དགོངས་གཅིག་དང་། གསེར་ཁང་མ། སྐྱབས་བདུན་མ་རྣམས་སྨར་ཁྲིད་ཤ་སྟག་རེད་མི་འདུག་གམ།ཞེས་གསུངས་ཏེ་ཕྱག་ཐལ་མོ་སྦྱར་བ་མཛད། རྗེ་ཉིད་སྐུ་བཙུན་པའི་མཐར་ཐུག་ཅིང་ཆོས་བརྒྱད་ཀྱི་ས་ལས་རིང་དུ་འདས་པས་ཀུན་སྤངས་སུ་གྱུར། ཉེར་ཆས་སྙོམས་ཆུང་ཁོ་ན་ལས། རྒྱས་སྤྲོས་དང་། དར་དང་གོས་ཆེན་གྱི་རིགས་གཏན་ནས་མི་བཞེས། སྒྲུབ་བརྒྱུད་གོང་མ་མི་ལ་ནས་ཀོམ་སྟན་ནམ་ལྤགས་གདན་འདིང་སྲོལ་ཡོད་པ་དེ་ཉིད་ཁོ་ན་ལས་རུམ་དང་གྲུམ་ཟེ་འདིང་མ་མྱོང་ཞིང་། མངོན་ཤེས་དང་གྲུབ་རྫུ་མི་མཛད། གྲོང་ཆོག་དང་འདྲེ་འདུལ་དུ་ཕེབས་མ་མྱོང་ལ། ཞལ་སྔ་ནས། གྲྭ་ཚང་གི་གསོལ་ཁ་དང་བསྐང་བ། གཏོར་རྒྱག སྦྱིན་སྲེག མདོས་སོགས་ནི་མ་འདོན་ཀ་མེད་སོང་བས། ལན་འགའ་འདོན་གྱེར་བྱེད་དགོས་ཐུག་པ་ལས། གཞན་བསྐྱེད་རྫོགས་ཀྱི་གདེང་མེད་པར་དེ་དག་བྱེད་ག་ལ་ཕོད། ང་ནི་མི་ནུས་པ་འདུག་གསུངས་ཏེ། གཅོད་དང་། གསོལ་བསྐང་། མདོས་གཏོར་སོགས་ཀྱི་ལུང་ཡང་མི་གསུང་པ་སོགས་བཀའ་བརྒྱུད་འབྲི་གུང་པ་གོང་མའི་ཕྱག་སྲོལ་གསལ་བར་མཛད། ཉམས་ལེན་མི་ནུས་པར་མཐོ་སྙབས་དང་། སྔོན་འགྲོའི་རིགས་མཐར་མ་སོན་པ་དང་། དབང་ཁྲིད་མ་ཐོབ་པར་སྙན་བརྒྱུད་ཀྱི་ཆོས་བཀའ་ཤིན་ཏུ་དམ་པ་དང་། སྣོད་ལྡན་སྙིང་རུས་དང་དཀའ་ཐུབ་ངེས་འབྱུང་དང་མོས་གུས་ཅན་གྱི་སྒྲུབ་བརྩོན་ལ་དབང་ཁྲིད་གདམས་ངག་གེགས་སེལ་བོགས་འདོན་སོགས་ཆོས་སྒོ་ཤིན་ཏུ་ཡངས་ཤིང་། སྟོང་ཉིད་རྟོགས་ན་སྟོང་ཉིད་རང་རྒྱུ་འབྲས་སུ་ལྡང་བའི་ཆོས་རྗེའི་ཁྱད་ཆོས་དྲི་མ་མེད་པ་བསྲོང་བར་མཛད་དེ། ཆོས་ཞུ་མིར་རྒྱུ་འབྲས་ལ་གཟབ་དགོས་པར་གདམས། དོན་སྤྱི་ཙམ་ཐོས་བསམ་གྱི་གོ་ནའང་ཟབ་ཁྱད་ཟུན་བསྒོམས་ནས་ཉམས་སུ་མྱོང་བའི་ཕྱིར་སྒྲུབ་པར་བསྔགས་བརྗོད་བསྩལ་བ་སོགས་རེ་རེ་ནས་མི་ལང་།

        དེ་སོགས་ཆེར་སྙིགས་ཀྱི་དུས་འདིར་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཆེས་ཉག་ཕྲ་ཞིང་ལྷག་ཏུ་བཀའ་བརྒྱུད་འདི་པའི་ཆོས་སྲོལ་དྲི་མ་མེད་པ་ཚང་ལ་མ་ནོར་བ་དེ་ཉིད་འགྲོ་ཁམས་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་མི་འཇིགས་པར་བསྟི་པའི་འཕྲིན་ལས་དུས་ལས་གཡོལ་བ་མེད་པར་སྐྱོང་བཞིན་པར་དགུང་གྲངས་དོན་ལྔར་འཚོ་ཞིང་གཞེས་ཏེ་ཆོས་ཀྱི་དགའ་སྟོན་སྐལ་ལྡན་གྱི་འགྲོ་ལ་སྩལ་བཞིན་པ་ན་ཞབས་པད་ཡུན་དུ་བརྟན་པར་གྱུར་ཅིག  སློབ་མ་ནི།  བོད་ཀྱི་སྟོད་སྨད་བར་གསུམ་གྱི་བཀའ་བརྒྱུད་འབྲི་གུང་པའི་ཆོས་སྡེ་ཆེ་ཕྲའི་སྐལ་ལྡན་པ་དག་དང་།  ཕྱི་གླིང་པ་ཨ་མེ་རི་ཀ  འཇར་མན།  དབྱིན་ཇི།  ཨོ་ཏ་ལི།  ཨོ་སི་ཁྲུའི།  སུས་སི།  ཐའི་ཝན། ཉི་ཧོང་སོགས་ནས་བྱོན་པ་མང་ཞིང་ཆོས་འབྲེལ་ཐོགས་པ་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ།།

འབྲི་གུང་ཆོས་འབྱུང་ལས་ཁོལ་དུ་ཕྱུངས་པའོ།།

འབྲི་གུང་སྤྲོ་ཚེ་ཡིས་འོས་སྦྱོར་བྱས།

 

上一篇:གླིང་དཔའ་བརྟུལ་བརྒྱད་ཅུའི་རྟོགས་པ་བརྗོད་པ།

下一篇: མཚན་བཟང་བོ་སུམ་ཅུ་སོ་གཉིས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2510007 位访客