༄༅། །གླིང་སྒྲུང་གི་རྫོང་ཆེན་བཅོ་བརྒྱད།

发布时间:2018-04-17 10:37:49

གླིང་གེ་སར་སྒྲུང་གི་བརྗོད་གཞིའི་གཙོ་བོ་རྫོང་ཆེན་བཅོ་བརྒྱད་ནི། དེང་སྐབས་འགའ་ཞིག་གི་དེ་ནི་བཀའ་བརྒྱུད་པའི་རྫོང་ཆེན་བགྲང་ལུགས་ནས་འཕྲོས་ཏེ་གླིང་སྒྲུང་ལ་སྦྱར་བ་རེད་ཟེར་མོད། ད་དུང་དཔྱད་པའི་གནས་ཤིག་ལས་བདེན་དཔང་ཅི་ཡང་མེད་པར་མ་ཟད། གླིང་གེ་སར་དང་བཀའ་བརྒྱུད་གྲུབ་མཐའི་སྲོལ་འབྱེད་ཚོ་བྱོན་སྔ་ཕྱིའི་ལོ་ཁམས་ཀྱི་ཆ་ནས་གཞལ་ན། བཀའ་བརྒྱུད་པས་གླིང་གི་གཏམ་བརྒྱུད་ལ་དཔེ་ཚུར་སྦྱར་བ་མིན་པའི་ངེས་པ་ཡང་ང་མི་འདུག་མོད། འདིར་རེ་ཞིག་འཐུས། དྲིན་ལན་གྱི་དོན་སྙིང་ནི་དེང་སྐབས་གླིང་སྒྲུང་གི་རྫོང་ཆེན་བཅོ་བརྒྱད་པོ་བགྲང་སྟངས་ཀྱི་ཆ་ནས། བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་པའི་སྐད་ཆ་རླུང་ཡན་མ་དེའི་རྗེས་དེད་ནས་གང་འདོད་འདོད་དུ་བཤད་ཀྱིན་འདུག་མོད། སྤྱིར་རྫོང་ཆེན་བཅོ་བརྒྱད་པོ་བོད་གནའ་བོའི་ངག་རྒྱུན་ལྟར་བྱས་ན་གང་འདོད་འདོད་དུ་བགྲང་ཆོག་པ་ཞིག་མ་ཡིན་པར། ངེས་པར་གོ་རིམ་དང་ལྡན་པ་ཞིག་ཨེ་ཡིན་སྙམ་པའི་དཔྱད་སྒོ་འདུག ། དེ་ལ་འདིར་ཕྲན་གྱིས་སྤྱི་ལོའི་དུས་རབས་ཉི་ཤུ་བའི་དུས་སྨད་ཡས་མས་སུ་ཕ་ཡུལ་གྱི་སྒྲུང་དགའ་རྒན་གྲས་ཚོའི་ངག་ལམ་ནས་ཐོས་པའི་གླིང་སྒྲུང་གི་རྫོང་ཆེན་བཅོ་བརྒྱད་ཀྱི་རྣམ་གྲངས་ནི།

1 སྟག་གཟིག་ནོར་རྫོང་།2 སོག་གི་རྟ་རྫོང་། 3 བལ་པོའི་ལུག་རྫོང་། 4 ཨ་གྲགས་གཟི་རྫོང་།5 བྱེ་རུའི་བྱུར་རྫོང་། 6 ཞང་ཞུང་མུ་ཏིག་རྫོང་། 7 ཁ་ཆེའི་གཡུ་རྫོང་། 8 གངས་རིའི་ཤེལ་རྫོང་།9 བྷེ་ར་ར་རྫོང་། 10 སུམ་པ་མཛོ་རྫོང་། 11 སྨུག་གུ་དྲེལ་རྫོང་། 12 མེ་གླིང་གསེར་རྫོང་། 13 གྲུ་གུ་གོ་རྫོང་། 14 མི་ནུབ་དར་རྫོང་། 15ཤང་ཤང་སྨན་རྫོང་། 16 རྒྱ་ནག་ཇ་རྫོང་། 17 སྲིན་པོའི་ཤ་རྫོང་། 18 སེམས་ཉིད་ཆོས་རྫོང་རྣམས་ཡོངས་གྲགས་ཡིན་ལ།

 

གཞན། 1འདན་མའི་ནས་རྫོང་། 2 ཚ་བ་མདའ་རྫོང་།3 ཨ་བསེའི་ཁྲབ་རྫོང་། 4 མེ་གླིང་ཤ་བ་གཡུ་ལུང་གི་གཟི་རྫོང་། 5 ཁྭ་ཏའི་མཆོང་རྫོང་། 6 རུ་ཏྲའི་འཕྲུལ་རྫོང་། 7 ལྷོ་རོང་འབྲས་རྫོང་། རྣམས་བསྣན་ཏེ་རྫོང་ཆེན་ཉེར་ལྔ་ཞེས་བགྲང་མཁན་གྱི་ལུགས་ཤིག་ཀྱང་འདུག་ལ།

གཞན་བྲག་དམར་ཁྱུང་རྫོང་།ཐེའུ་རིང་ར་རྫོང་། མཱ་ལ་ཡའི་སྨན་རྫོང་། གོ་ར་ཚྭ་རྫོང་། ཨུ་ཡན་དངུལ་རྫོང་།ཇ་རོང་འབྲུ་རྫོང་། རྨི་ལིའི་གསེར་རྫོང་། རྒྱ་མཚོའི་དུང་རྫོང་སོགས་ཁ་བྱང་ཡོངས་གྲགས་ཅན་གྱི་སྒྲུང་དཔེ་ཅུང་སྔ་ཤོས་ཅན་ཡང་ཅི་མང་ཅིག་ཐོས་ལ།འདི་དག་གི་ནང་དུ་གསལ་བའི་གླིང་གི་མི་སྣ་དང་ས་ཆུ་སོགས་ཀྱི་མིང་དང་། དམག་གི་བསྒྲིགས་སྟངས།སྐད་ཆའི་བརྗོད་ཚུལ་སོགས་ཕལ་ཆེ་བ་ཕན་ཚུན་གཏམ་བརྒྱུད་མུ་འབྲེལ་དུ་ཡོད་པའི་གླིང་སྒྲུང་ལ་ལྟ་ཀློག་གི་གོ་རིམ་གྱི་ཁ་ཕྱོགས་ཀྱང་གཏད་ས་མེད་པ་ཞིག་མ་ཡིན་པར་ཀློག་མཁན་ཞིག་གི་ཡིད་ལ། ལོ་རྒྱུས་སམ་གཏམ་བརྒྱུད་ཅིག་གི་མགོ་ལྔ་ངེས་ཅན་ཞིག་མཁོ་སྤྲོད་ཐུབ་པར་མ་ཟད།དཔའ་བརྟུལ་འདས་བཞུགས་ཀྱི་ཐད་ནས་མི་མཐུན་པའི་འགལ་བ་གཏན་མེད་པ་ཞིག་མ་ཡིན་མོད། ཡིན་ཡང་དེ་དག་ལོ་ངོ་སྟོང་གི་ངག་རྒྱུན་གཙོ་བོ་ཡིན་པའི་ཆ་ནས་བསམ་ན་དཔྱད་སྒོ་ཕུན་སུམ་ཚོགས་པའི་རིན་ཐང་ལྡན་པ་ཞིག་ཡིན་འདུག་སྙམ་ཡོད་མོད།

དེང་སྐབས་ཀྱི་སྒྲུང་ལུགས་ལྟར་བྱས་ན་རྫོང་ཞིག་གི་ཁ་བྱང་བཏག་ཆོག་ཙམ་ནས་ཡིད་ལ་གང་དྲན་དྲན་དུ།  ཁ་བྱང་སུའི་མང་ལ་འགྲན་རྩོད་བསམ་བློའི་རྒྱབ་ལྗོངས་མངོན་པའི་བྱེད་ལུགས་ཀྱི་ཟུར་ངོས་ནས་བསམ་ན། བར་སྐབས་ཤིག་ནས་ཅིག་ཅིག་གི་ཁ་པར་རྫོང་། ཉུག་ཉུག་གི་ངོ་སྣུམ་རྫོང་། ཀ་བ་ཚང་གི་སྒོར་མོའི་རྫོང་།ཁ་བ་ཚང་གི་རླངས་འཁོར་རྫོང་ཞེས་གླིང་སྒྲུང་ཡིན་ཁུལ་གྱི་ལུགས་མང་པོ་མི་འབྱུང་བའི་ངེས་པ་མེད་པས། གླིང་སྒྲུང་བ་ཚོས་ངེས་པར་གཟབ་དགོས་པ་མ་གཏོགས། མི་རིགས་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་མི་སྣ་སྣང་བརྙན་ལ་གཞི་བཅོལ་བའི་བྱུང་བརྗོད་གཏམ་སྒྲུང་རིང་མོ་གླིང་གེ་སར་གྱི་སྒྲུང་འདི་གླིང་སྒྲུང་བ་ཡིན་ཟེར་མཁན་ཚོའི་ལག་ནས་རིན་ཐང་མེད་པ།རྩིས་ཐང་ཞན་པ་ཞིག་ཆགས་ཏེ་རིམ་གྱིས་གཞི་མེད་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཆེ་བར་བསམ་བློ་བཏང་ན་བློ་མི་བདེ་བའི་གནས་ཤིག་གོ།

 

上一篇:༄༅།།རྒྱལ་ཆེན་སྡེ་བཞི།

下一篇:གླིང་དཔའ་བརྟུལ་བརྒྱད་ཅུའི་རྟོགས་པ་བརྗོད་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509899 位访客