བོད་ལྗོངས་ཀྱིས་མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་དང་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་ལ་ཞིབ་འཇུག་བྱས་པ།

发布时间:2018-01-10 03:55:05

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས༩ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱིས་ཚོགས་འདུ་འཚོགས་ཏེ་མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་དང་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལས་དོན་ལ་ཞིབ་འཇུག་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ལྕགས་ར་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

      ཚོགས་འདུའི་ཐོག་མཐོ་ལྡིང་དགོན་གྱི་རིག་གནས་སྲུང་སྐྱོབ་སྐོར་གྱི་མཆན་འགོད་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་དང་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་མ་ཟད། ཚོགས་ཞུགས་མི་སྣ་ཚོས་ད་དུང་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།

      སྙན་ཞུ་ཉན་རྗེས་ཚོགས་འདུས་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་ཐུབ་མིན་གྱི་ཞིབ་འཇུག་ལས་དོན་སྤེལ་རྒྱུ་དང་། ཐོག་མའི་ཇུས་འགོད་ལ་གོང་རིམ་གྱི་ཆོག་མཆན་ཞུ་རྒྱུ། རིག་དངོས་གཞན་དུ་སྤོ་རྒྱུ། དེ་བཞིན་མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་སོགས་ཀྱི་ཐད་སྡེ་ཚན་ཁག་གིས་ལས་དོན་མང་པོ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས་པ་རེད།

      ཚོགས་འདུས་རིག་དངོས་སྡེ་ཚན་དང་རྒྱལ་ཁབ་ས་ཆ་སྡེ་ཚན་གྱིས་སྣེ་ཁྲིད་ནས་འགན་འཁུར་དགོས་པ་མ་ཟད། རིག་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་ནས་མཐོ་ལྡིང་དགོན་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཡག་པོ། དམ་འཛིན་ཏན་ཏིག་བཅས་བྱེད་དགོས་པ་དང་། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དང་། བེད་སྤྱོད་གཏོང་རྒྱུ། རྒྱུན་འཛིན་བྱ་རྒྱུ། འཕེལ་རྒྱས་གཏོང་རྒྱུ་བཅས་དང་དེ་བཞིན་མ་ལག་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱེད་དགོས། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་འབྲེལ་བ་ཡོད་པའི་རིག་དངོས་ཐུམ་སྒྲིལ་དང་། སྐྱེལ་འདྲེན། ཉར་ཚགས་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། །

 

上一篇: བོད་ལྗོངས་ཀྱིས་རིག་དངོས་སྲུང་སྐྱོབ་ལས་ཀར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།

下一篇:བོད་ལྗོངས་ཀྱིས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་སྒོ་འབྱེད་པའི་མཛད་སྒོ་སྤེལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038082 位访客