ཨ་མདོ་བརྙན་འཕྲིན་གྱི་ལོ་སར་ཆེད་སྒྲིག་དགོང་འཚོགས་སེར་པོ་གསེར་གྱི་གར་སྟེགས་བརྙན་ཕབ་ལེགས་འགྲུབ་བྱུང་བ།

发布时间:2017-12-29 04:53:55

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་།དམངས་ཁྲོད་ཀྱི་སྒྱུ་རྩལ་སྔོག་འདོན་ལ་སྔར་ལས་ལྷག་པར་ཤུགས་སྣོན་པ་དང་།ལོ་སར་སྐབས་ཀྱི་རིག་རྩལ་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་དམིགས་བྱ་གཞིར་བཟུང་ནས་བསྒྲུབས་པའི་སེར་པོ་གསེར་གྱི་གར་སྟེགས་ཞེས་པའི་རིག་རྩལ་དགོང་ཚོགས་ཆེན་མོ་ཟླ12པའི་ཚེས28ཉིན་མཚོ་སྔོན་བརྙན་འཕྲིན་ཁང་གི་ཚོམས་ཁང་ཆེན་མོ་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་། དགོང་ཚོགས་འདི་ཟླ9བ་ནས་ཟླ11བར་མཚོ་སྔོན་དང་ཟི་ཁྲོན་ཀན་སུའུ་སོགས་ཀྱི་ཁུལ་བདུན་དང་རྫོང་ཁག30ལྷག་ནས་ཕབ་སྐྲུན་བྱས་པའི་ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་དང་གཞི་གཅིག་ཏུ་གྲུབ་ནས་སྟེགས་གཅིག་ལམ་གཅིག་ཞེས་པའི་མུ་འབྲེལ་རིག་རྩལ་ལེ་ཚན་ཡོངས་ལ་རྫོགས་རྟགས་བཀོད།

ལེ་བར་ཁྲི་ཡི་ལམ་ནས་སྒྱུ་རྩལ་སྔོག་འདོན་བྱེད་པའི་སྒྱུ་རྩལ་ཁོ་ན་ལ་བཅངས་པའི་འཚོལ་ལམ་རིང་མོ་གཅིག་དང་།སྒྱུ་རྩལ་གྱི་འཇོན་ནུས་ཡོངས་སུ་མངོན་པར་བྱེད་པའི་སེར་པོ་གསེར་གྱི་གར་སྟེགས་གཅིག་བཅས་མདོར་ན་སྟེགས་གཅིག་ལམ་གཅིག་ཅེས་པའི་མུ་འབྲེལ་རིག་རྩལ་ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་ད་ལོ་གསར་དུ་སྒྲུབ་པའི་མུ་འབྲེལ་སྣ་འཛོམས་རིག་རྩལ་ལེ་ཚན་ཆེན་མོ་ཞིག་ཡིན་ལ། སྤྱི་ལོ2017ལོའི་ཟླ9བ་ནས་བཟུང་འཁྲབ་ཁྲིད་པ་རྡོ་གྲགས་སོགས་མི་བཅུ་གཉིས་ལས་གྲུབ་པའི་བརྙན་ཕབ་ཚན་ཁག་གིས་ཉིན50ལྷག་གི་དུས་ཚོད་བཀོལ་ནས་མཚོ་སྔོན་དང་ཟི་ཁྲོན།ཀན་སུའུ་སོགས་ཀྱི་ཁུལ་བདུན་དང་རྫོང་ཁག་སུམ་བཅུ་ལྷག་གི་ལེ་བར་ཁྲི་ལ་ཉེ་བ་ཙམ་གྱི་རྒྱལ་ཁམས་འགྲིམས་ནས་དམངས་ཁྲོད་དུ་བག་ལ་ཉལ་བའི་སྒྱུ་རྩལ་གྱི་རྣམ་པ་མང་བོ་འཚོལ་སྙེག་སྔོག་འདོན་བྱས་པ་དང་། སྒྱུ་རྩལ་གྱི་འཇོན་ནུས་ཡོད་ཀྱང་ད་བར་གར་སྟེགས་ཆེན་པོར་འགྲིམས་པའི་གོ་སྐབས་མ་ལྡན་པའི་གླུ་བ་གླུ་མ་བརྒྱ་ལྷག་བརྙན་ལེན་སྒྲ་ཕབ་བྱས་ནས་ས་འོག་ཏུ་ཡུན་རིང་ལུས་པའི་གསེར་དང་འདྲ་བའི་སྒྱུ་རྩལ་པ་མང་བོ་ཞིག་ལ་འོད་ཟེར་ནམ་མཁའ་ལ་འཕྲོ་བའི་གོ་སྐབས་ལྡན་པར་བྱས།

དགོང་འཚོགས་ཧྲིལ་བོར་སྔོག་འདོན་དང་འཚོལ་སྙེག གསར་གཏོད་བཅས་ཀྱི་རྣམ་པ་འབུར་དུ་ཐོན་ལ། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ནས་རྙེད་པའི་མི་རིགས་རང་གི་སྲོལ་རྒྱུན་གྱི་མར་དྲི་རྩམ་དྲི་མ་ཡལ་བའི་ཁྱད་ཆོས་ངེས་ཅན་ལྡན་པའི་སྒྱུ་རྩལ་གྱི་རྣམ་པ་རེ་རེས་ཡུལ་དངོས་ལ་ཕེབས་པའི་ལྟད་མོ་བ་མི་ཉུང་བ་ཞིག་གི་ཡིད་སེམས་རང་དབང་མེད་པར་བཀུག་ཅིང་། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ནས་རྙེད་པའི་སྒྱུ་རྩལ་གྱི་རྣམ་པ་གཞིར་བཟུང་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་ཀྱིས་རྩེད་མོ་ཡོངས་ཀྱི་ཚད་ངེས་ཅན་ཞིག་ཟིན་ཡོད། གར་སྟེགས་ཀྱི་གླུ་སྒོ་ཕྱེ་མཁན་གླུ་བ་གྲགས་ཅན་གུ་རུ་དང་།རྨ་ལྷོ་སོག་རྫོང་ནས་ཕེབས་པའི་གླུ་མ་གྲགས་ཅན་ཚེ་རིང་སྒྲོལ་མའི་སྐད་ངག་སྙན་མོ། ད་དུང་རྨ་ཆུ་རྫོང་བྲག་སྒོམ་པ་རོལ་མོ་ཚོགས་པའི་ཡུལ་དངོས་ནས་དཀྲོལ་བའི་ཇ་མཆོད་དབྱངས་རྟ་སྙན་མོ། རྒྱལ་མོ་ཚ་བ་རོང་ནས་ཕེབས་པའི་གླུ་མ་ཨ་ཡིན་གྱི་རྒྱལ་རོང་དམངས་གླུ་སོགས་ལ་ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཟི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་མང་དགེ་སྡེ་བའི་ཞབས་བྲོ་ཆེན་མོ་རྡོག་རྩལ་གཞོན་ནུའི་གོམ་སྒྲ་དང་། བརྗོད་དོན་གླུ་དབྱངས་ངག་ལ་འགུགས་མཁན་གླུ་བ་གྲགས་ཅན་བསམ་འགྲུབ་ཚེ་རིང་གི་ལེ་བར་ཁྲི་ལམ་རིང་མོའི་འགྱུར་ཁུགས། མཇུག་མཐའི་ལས་གླུའི་དབྱངས་རྟ་གཞིར་བཟུང་ནས་གསར་དུ་བརྩམས་པའི་ཞབས་བྲོ་ཆེན་མོ་ལག་ལས་ཀའི་བར་གྱི་སྟངས་སྟབས་ཞེས་པ་སོགས་ཀྱིས་དགོང་ཚོགས་ཧྲིལ་བོར་དཀྱུས་མ་མིན་པའི་གསོན་ཤུགས་གསར་བ་ཞིག་རྒྱས་པར་བྱས།

སྟེགས་གཅིག་ལམ་གཅིག་ཞེས་པའི་མུ་འབྲེལ་རིག་རྩལ་ཆེན་མོ་འདི་ལ་བསྡོམས་པའི་སྐར་མ་སྟོང་ལྷག་ཡོད་ལ། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ནི་ཆེས་མཇུག་མཐའི་ཚན་པ་ཡིན། ཤེས་གསལ་ལྟར་ན་མུ་འབྲེལ་རིག་རྩལ་འདི་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་བརྒྱུད་ནས་མུ་མཐུད་ནས་གཏོང་རྒྱུ་རེད།   །

上一篇:བོད་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས།

下一篇:དགུན་གྱི་དུས་སུ་མཚོ་སྔོན་པོའི་སྟེང་ཁྲུང་ཁྲུང་གི་གར་སྟབས་མངོན་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2807726 位访客