ཞང་ཞུང་ཆོས་དབང་གྲགས་པ།

发布时间:2017-12-20 09:20:33
             ཞང་ཞུང་ཆོས་དབང་གྲགས་པ་ནི་རབ་བྱུང་བདུན་པའི་ནང་དུ་བྱོན་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ཏེ།སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རྗེ་ཡབ་སྲས་གསུམ་སོགས་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ནས་རིག་པའི་གནས་མཐའ་དག་ལ་ནང་བྱན་ཆུད་པར་སྦྱངས།ལྷག་པར་ཏུ་རཱ་མ་ཎའི་རྟོགས་བརྗོད་སོགས་བསྟན་བཅོས་མང་པོ་མཛད་ནས་དགའ་ལྡན་པའི་སྙན་པའི་ཅོད་པན་གཟེངས་སུ་བཏེགས།  
ངོ་སྤྲོད།

ཞང་ཞུང་ཆོས་དབང་གྲགས་པ་ནི་རབ་བྱུང་བདུན་པའི་ཤིང་སྤྲེལ་སྤྱི་ལོ1404ལོར་སྟོད་མངའ་རིས་སྐོར་གསུམ་གྱི་ཆར་གཏོགས་པའི་ཞང་ཞུང་ཞེས་པའི་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་བསླབ་པར་བྱ་བའི་ཆོས་གང་དང་གང་ལའང་སློབ་དཔོན་གྱི་ཞལ་ནས་ལན་རེ་གཉིས་ཐོས་ཙམ་གྱིས་ཐུགས་སུ་ཆུད་པའི་བློ་གྲོས་ཅན་ཞིག་ཡིན། ཁོང་རྗེ་ཙོང་ཁ་བ་ཆེན་པོའི་སློབ་མ་བརྒྱ་ཕྲག་མང་པོའི་ནང་གི་སྙན་གྲགས་ཅན་ཞིག་ཡིན་ཏེ། མུས་སད་པ་བློ་གྲོས་རིན་ཆེན་སེང་གེ་དང་ཁོང་གཉིས་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཞེས་ཡོངས་སུ་གྲགས་པ་མ་ཟད། ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་བས་དགའ་ལྡན་པའི་བསྟན་པ་འཛིན་པའི་ནང་ལ་སྙན་ངག་མཁན་ཁོང་ལས་མཁས་པ་ཞིག་མ་བྱུང་བར་བཤད་དོ། །

སློབ་གཉེར་མཛད་ཚུལ།

ཁོང་དབུས་སུ་བྱོན་ཏེ་རྗེ་བླ་མ་ཡབ་སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། སྒྲ་ཚད་སྙན་ངག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད་པས། ཟླ་མེད་པའི་མཁས་པའི་གོ་འཕང་བརྙེས་ཏེ་ཞང་ཞུང་ཆོས་དབང་གྲགས་པ་ཞེས་རྒྱལ་བ་འཇམ་དཔལ་སྙིང་བོའི་སློབ་མའི་ནང་གི་རྣམ་དཔྱོད་ཀྱི་གྲགས་པ་རྒྱས།

མཛད་རྗེས།

དགུང་ལོ་སོ་ལྔ་བ་ས་རྟ་སྤྱི་ལོ1438ལོར《རྒྱལ་བོ་རཱ་མ་ཎའི་རྟོགས་བརྗོད》མཛད། ནགས་ཤོད་སྤུས་མདའི་གདན་སར་ཕེབས་ནས་ལེགས་པར་བཤད་པའི་དགའ་སྟོན་གྱིས་བློ་གསལ་གྱི་ཚོགས་སྐྱོང་བར་མཛད། ཝིག་ཆོས་རྫོང་དགོན་བཏབ་ནས་འཕགས་པ་ལྷ་མཐོང་བ་དོན་ལྡན་ལ་ཕུལ། དགུང་ལོ་ང་ལྔ་བ་རབ་བྱུང་བརྒྱད་པའི་ས་སྟག་སྤྱི་ལོ1458ལོར་ཐར་འདོད་སྐྱེ་བོའི་འཇུག་ངོགས་ཆབ་མདོ་བྱམས་པ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་པོའི་ཁྲི་ཐོག་གཉིས་པ་ལ་མངོན་པར་འཛེགས་ཏེ་ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གཞན་དགོན་སྡེ་ཆེན་པོ་གུ་རུ་དཔལ་འཁོར་གྱི་ཁྲི་ལ་ཞབས་པད་བཀོད་དེ་མཁས་པའི་བྱ་བ་རྣམ་གསུམ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་འཕྲིན་སྤེལ། དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ས་གླང་སྤྱི་ལོ1469ལོར་ནགས་ཤོད་སྤུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས།

བརྩམས་ཆོས།

རྗེ་འདི་ཉིད་ཀྱིས《རྣམ་ངེས་འཐད་ལྡན》གྱི་འགྲེལ་བཤད་དང《དུས་འཁོར་བསྐྱེད་རྫོགས》སོགས་ལྗགས་རྩོམ་མཛད་ཅིང་། མཁས་གྲུབ་རིན་པོ་ཆེའི་དུས་འཁོར་ཊཱིཀ་ཆེན་རྩོམ་འཕྲོ་ལུས་པ་མཇུག་རྫོགས་པར་མཛད། གཞན་ཡང་སྙན་ངག་གིས་ཡོངས་སུ་སྤུད་པའི《ལྷ་དང་བླ་མའི་བསྟོད་པ》《རཱ་མ་ཎའི་རྟོགས་བརྗོད》ལ་སོགས་པ་གངས་ཅན་བོད་ཀྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་བའི་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ཡང་མང་པོ་མཛད་ཡོད།

 

上一篇:ཞང་ཞུང་རྒྱལ་རབས།

下一篇:ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་ཚོགས་ཀྱིས་འབར་མའི་ནང་བསྟན་ལས་རིགས་དང་སྤེལ་རེས་བྱས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2938092 位访客