རིན་ཆེན་ཕྲེང་བ།

发布时间:2017-12-20 09:13:05
རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང༌ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལེགས་པར་བཅོས། བསྟན་འགྱུར་སྐྱེས་རབས་ག་པར་བཞུགས། 

རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀ་ཐཱ་ར་ཏ་ན་མཱ་ལཱི།

བོད་སྐད་དུ། རྒྱལ་བོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།

སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་གི་གྲས་ཡིན་ཞིང་ཐེག་ཆེན་གྱི་བསྟན་བཅོས་ལས་ཆེས་ཕུལ་དུ་བྱུང་བ་ཞིག་ཡིན་པས་དབུ་མ་ཐམས་ཅད་ཀྱི་ཁུངས་གཏུག་སར་བྱེད། དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་དྲུག་གི་ཡ་གྱལ་ཡིན།སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནི་དབུ་མ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཡིན་ཏེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་འཁྲུངས། ནཱ་ལེནྡྲར་རབ་ཏུ་བྱུང་། མཁས་པ་ཆེན་པོར་གྱུར་ནས་ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད། ཆོས་སྒྲ་ཆེན་པོ་གསུམ་སྒྲོགས་པར་མཛད། དེ་མཛད་ཚུལ་ཡང་དགུང་ལོ་ལྔ་བཅུ་ཚུན་ཆད་དུ་དགེ་སློང་བདེ་བྱེད་ལ་སོགས་པ་བསླབ་པ་ལ་གཡེལ་བ་རྣམས་ལུང་རིགས་ཀྱིས་ཚར་བཅད་ནས་བསྟན་པ་ལ་དག་ཐར་མཛད་དེ་ཆོས་སྒྲ་དང་བོ་བསྒྲགས་པ་དང་། དེ་ནས་ལྔ་བཅུ་ཡན་ཆད་བརྒྱ་ཚུན་ཆད་ཅིག་ལ་ཀླུ་ཡུལ་དུ་ཕེབས་ཏེ་ཤེར་ཕྱིར་འབུམ་པ་སྤྱན་དྲངས་པ་དང་། དབུ་མ་རིགས་ཚོགས་དྲུག་ལ་སོགས་པ་བརྩམས་ནས་ལོ་ལྔ་བརྒྱའི་བར་དུ་ཆོས་སྒྲ་གཉིས་པ་བསྒྲགས། དེ་ནས་དགུང་ལོ་ལྔ་བརྒྱའི་ཡན་ལ་མདོ་སྡེ་རྔ་བོ་ཆེ་དང་། སྤྲིན་ཆེན་ལ་སོགས་པར་བཤད་པ་རྒྱ་ཆེར་མཛད་དེ་ཆོས་སྒྲ་གསུམ་པ་བསྒྲགས་ཏེ་དགུང་ལོ་དྲུག་བརྒྱ་ཙམ་བཞུགས།  བསྟན་བཅོས་འདི་ནི་རྒྱ་གར་གྱི་པཎྡི་ཏ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར་ལ། པཎྡི་ཏ་ཀ་ན་ཀ་ཝརྨ་དང་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་གཉིས་ཀྱིས་བཅོས་པའོ།། 

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་གྱི་རིམ་པ་འགྲེལ་ཏེ།  བརྗོད་བྱ་གཙོ་བོ་སྟོང་ཉིད་དེ་དབུ་མའི་ལྟ་བ་ཡིན། དེ་ཡང་ལམ་ཟབ་མོ་དབུ་མའི་ལམ་ངེས་པའི་དོན་ལུང་གིས་བསྟན་པ་ནི་མདོ་ཀུན་ལས་བཏུས་ལས་ཤེར་ཕྱིན་འབུམ་པ་དང་བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པའི་མདོ་མང་བོ་དྲངས་ནས་བཤད་ལ། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་བ། རྩོད་ཟློག རིགས་པ་དྲུག་ཅུ་བ། ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་བོས་གཏན་ལ་ཕབ་པོ། ། བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་རིགས་པས་བསྒྲུབས་པ་མི་མང་ངོ་། ། གཞུང་དེ་དག་ཀྱང་ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་ཡོད་མེད་ཀྱི་མཐར་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་སུ་འདུའོ། །

ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་ལ་གཉིས་ལས། དངོས་བོའི་ངོ་བོ་ཉིད་སྨྲ་བ་རྣམས་ཀྱིས་གང་ཟག་དང་ཆོས་ལ་སྒྲོ་བཏགས་པའི་རང་བཞིན་བསྒྲུབ་བྱ་འགོག་པ་ནི་རྩ་བ་ཤེས་རབ་ཡིན་ལ། རྩོད་ཟློག་དང་། སྟོང་ཉིད་བདུན་ཅུ་བ་གཉིས་ནི་རྩ་བ་ཤེས་རབ་ལས་འཕྲོས་པ་ཙམ་ཡིན་གྱི། དབུ་མའི་ལུས་ཡོངས་སུ་རྫོགས་པ་སྟོན་པའི་བསྟན་བཅོས་རང་སྐྱ་བ་མ་ཡིན་ལ། འདི་ནི་བསྟན་བཅོས་གཞན་གཉིས་ལྟར། དབུ་མ་རྩ་བ་ཤེས་རབ་ཀྱི་འཕྲོས་ཙམ་མ་ཡིན་པའི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པའོ། ། བསྟན་བཅོས་འདིར་ནི་མངོན་མཐོ་རྒྱུ་འབྲས་ཀྱང་རྒྱས་པར་བསྟན་མོད་ཀྱི། གཙོ་བོ་ནི་ཐེག་པ་ཆེ་ཆུང་གི་ལམ་དུ་ཞུགས་ནས་ཐར་བ་ཐོབ་པར་བྱེད་ཀྱང་། གང་ཟག་དང་ཕུང་བོ་རང་བཞིན་གྱིས་སྟོང་བ་རྟོགས་དགོས་པ་རྒྱས་པར་གཏན་ལ་ཕབ་པའོ། ། གཏན་ལ་འབེབས་པའི་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་རྩ་བ་ཤེས་རབ་ཀྱིས་ཀྱང་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་རྒྱས་པར་སྟོན་པར་དབུ་མ་འཇུག་པ་ནས་བསྒྲུབས་པའི་ཕྱིར་རོ། །

上一篇:སྐ་ཅོག་ཞང་གསུམ།

下一篇:ཞང་ཞུང་རྒྱལ་རབས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2293670 位访客