སློབ་མས་བླ་མ་བསྟེན་ཚུལ།

发布时间:2017-12-18 08:03:01

སློབ་མས་བླ་མ་ཇི་ལྟར་བསྟེན་ཚུལ་ལའང་བསམ་པ་དད་པས་ཀུན་ནས་བསླང་བ། ཕན་ཡོན་རྗེས་སུ་དྲན་པ། སྦྱོར་བ་ཇི་ལྟར་བསྟེན་ཚུལ་དངོས་སོ།།

༡ བསམ་པ་དད་པས་བསླང་བ།
བླ་སློབ་ཀྱི་འབྲེལ་བ་བརྟགས་ཏེ་སློབ་མས་བླ་མ་བརྟག་པ་དེའང་། སྔར་ཆོས་ཀྱི་འབྲེལ་བ་མ་ཞུས་པའི་གོང་དུ་བརྟགས་ནས། བླ་མའི་མཚན་ཉིད་ཚང་བར་འདུག་ན་བསྟེན་ཞིང་། མ་ཚང་ན་མི་བསྟེན་པ་ཡིན་གྱི། ཆོས་འབྲེལ་ཞུས་ཏེ་བསྟེན་ཚར་ནས་བླ་མས་ཅི་མཛད་ཐམས་ཅད་ལེགས་པར་མཐོང་བའི་སྒོ་ནས། རྒྱུ་ཕ་རོལ་ཕྱིན་པའི་གཞུང་ལས། བླ་མ་སངས་རྒྱས་ལྟ་བུར་གསུངས་ལ། གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཞུས་པའི་བླ་མ་དེ་སངས་རྒྱས་དངོས་ཡིན་པར་གསུངས་ཏེ། འཇམ་མགོན་ས་པཎ་གྱིས། ཕ་རོལ་ཕྱིན་པའི་གཞུང་ལུགས་ལས།། བླ་མ་སངས་རྒྱས་ལྟ་བུ་རུ།། བལྟ་བར་བྱ་ཞེས་གསུངས་མོད་ཀྱི།། སངས་རྒྱས་དངོས་སུ་གསུངས་པ་མེད།། བླ་མ་སངས་རྒྱས་དངོས་ཡིན་ཞེས།། བྱ་བ་དབང་བསྐུར་ཐོབ་ནས་ཡིན།། ཞེས་གསུངས་སོ།། དེས་ན་དབང་ཆོས་ཞུས་པའི་བླ་མ་དད་པ་ནི། གདུལ་བྱ་ཐབས་ཀྱིས་དྲང་བའི་ཆེད་དུ་འཕྲལ་གྱི་མཛད་སྤྱོད་སོགས་རང་བཞིན་གྱི་མི་ཀུན་དང་མཚུངས་པ་ལྟར་སྣང་ཡང་། ངེས་པའི་དོན་དུ་དགོངས་པ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཁྱེན་བརྩེ་ནུས་མཐུའི་རང་བཞིན། དཀོན་མཆོག་གསུམ་འདུས་པའི་ངོ་བོ་ཡིན་ཏེ། དཔལ་གསང་བ་འདུས་པ་ལས། བླ་མ་སངས་རྒྱས་བླ་མ་ཆོས།། དེ་བཞིན་བླ་མ་དགེ་འདུན་ཏེ།། ཞེས་གསུངས་པ་ལྟར་རོ།། དེས་ན་རང་གི་བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་དང་དཀོན་མཆོག་གསུམ་དངོས་ཡིན་སྙམ་པའི་དད་པ་བཅོས་མིན་འཕྲོག་ཏུ་མེད་པ་དང་མ་བྲལ་བ་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་གལ་ཆེ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ།། ཡོན་ཏན་ཐམས་ཅད་འབྱུང་ཞིང་འཕེལ་བར་བྱེད།། དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ།། དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན།། སོགས་རྒྱ་ཆེན་གསུངས་སོ།། བླ་མ་སངས་རྒྱས་སུ་མ་རྟོགས་ན་སངས་རྒྱས་ཀྱི་བྱིན་རླབས་མི་འབྱུང་སྟེ། རྒྱུད་རྡོར་ཕྲེང་ལས། བླ་མ་དང་ནི་རྡོ་རྗེ་སེམས།། ཐ་དད་ཉིད་དུ་གང་རྟོག་པ།། དེ་ཡིས་དེ་ཉིད་དངོས་གྲུབ་ནི།། ཚོགས་པའི་བདག་ཉིད་ཅན་མི་ཐོབ།། ཅེས་གསུངས་སོ།། གཞན་ཡང་བླ་མ་བྱང་སེམས་ཉན་རང་ནས་སོ་སྐྱེའི་བར་གང་དུ་མཐོང་ཞིང་མོས་པ་དེ་དང་དེའི་བྱིན་རླབས་ལས་མི་འབྱུང་བར་གསུངས་ཤིང་། དེ་དག་གང་དུའང་མོས་པའི་དད་པ་མེད་ན་ནི། བླ་མ་དཀོན་མཆོག་གང་གིའང་བྱིན་རླབས་མི་འཇུག་ཅིང་། དཀར་པོའི་ཆོས་གང་ཡང་མི་སྐྱེ་སྟེ། བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ།། དཀར་པོའི་ཆོས་ནི་མི་སྐྱེ་སྟེ།། ས་བོན་མེ་ཡིས་འཚིག་པ་ལ།། མྱུ་གུ་སྔོན་མོ་ཇི་བཞིན་ནོ།། ཞེས་གསུངས་པས། དེས་ན་སྤྱིར་དཀོན་མཆོག་དང་བདེན་བཞི་བླང་དོར་རྒྱུ་འབྲས་ལ་དད་པ་དང་། ཁྱད་པར་བླ་མ་སངས་རྒྱས་སུ་ཤེས་པའི་དད་པ་ནི་ཤིན་ཏུ་གནད་ཆེའོ།།
༢ ཕན་ཡོན་རྗེས་སུ་དྲན་པ།
མདོ་སྡོང་པོ་བཀོད་པ་ལས། གཞོན་ནུ་ནོར་བཟང་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་།། ཆོས་མཉན་པ་ཉིད་རྟོགས་པར་བྱེད་པའོ།། ལམ་བདེ་བ་དང་མི་བདེ་བ་སྟོན་པའོ།། ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ།། ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ།། ཐམས་ཅད་མཁྱེན་པའི་གསན་སུ་སྐྱེལ་བའོ།། སོགས་མང་དུ་གསུངས་ལ། དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་བྱེད་པས་མཁན་པོ་ཐོས་པ་ཆེ་བའང་། མཚུངས་པའམ། ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་བ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་དོ། ཞེས་དང་། ཡང་སྡོང་པོ་བཀོད་པ་ལས། འཕགས་པ་དཔལ་འབྱུང་གིས་བསྟན་པ། དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པའོ།། བག་མེད་གནས་ལས་ཡང་དག་པར་ཟློག་པའོ།། འཁོར་བའི་གྲོང་ཁྱེར་ནས་འདོན་པའོ།། རིགས་ཀྱི་བུ་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ།། ཞེས་དང་། བླ་མ་ལྔ་བཅུ་པ་ལས། གང་ཕྱིར་བསྐལ་པ་བྱེ་བ་ནི།། གྲངས་མེད་པར་ཡང་རྙེད་དཀའ་བའི།། སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ།། ཚེ་འདི་ཉིད་ལ་སྟེར་བར་བྱེད།། ཅེས་གསུངས་སོ།།
༣ བསྟེན་ཚུལ་དངོས།
དང་པོ་བསམ་པ་དད་པས་ཀུན་ནས་བསླངས་ཏེ་ཕན་ཡོན་རྗེས་སུ་དྲན་ནས། སྦྱོར་བས་བླ་མ་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ལའང་། འདུལ་བ་ལས། དགེ་ཚུལ་སློང་གི་སྡོམ་པ་ཞུས་ནས་ཞག་གིས་མ་ཆོད་པར་ལོ་བཅུའི་བར་དུ་ལྔ་ཕྲུགས་ཀྱི་ཡོན་ཏན་དང་ལྡན་པས་འདུལ་བའི་གནང་བཀག་ཕྲ་ཞིབ་མཁྱེན་པའི་གནས་ཀྱི་སློབ་དཔོན་བསྟེན་དགོས་པར་གསུངས་ཏེ། མདོ་རྩ་བར་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང་གནས་ཉིད་དང་། མི་གནས་པར་འདུག་པར་མི་བྱའོ།། ཞེས་གསུངས། དེ་ལྟ་བུའི་གནས་ཀྱི་སློབ་དཔོན་བསྟེན་ཚུལ་ཡང་། ཡུལ་གྱི་རྐང་པའི་སྒྱིད་པའི་པ་ལ་འཇུས་པའི་ཕྱག་བྱས་ཏེ་སྔགས་ལན་གསུམ་བརྗོད་པས་གནས་ཀྱི་སློབ་དཔོན་དུ་འགྱུར་བར་གསུངས་ལ། ཐེག་ཆེན་ལ་ནི་ཕྱག་དང་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་བསྟེན་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར།། གལ་ཏེ་ཁྱོད་ལ་གསོལ་འདེབས་ན།། རབ་རྒྱས་བདག་གིས་མ་བསླབས་ཞེས།། ཐོག་མར་ཚིག་དེ་བརྗོད་པར་བྱ།། ཞེས་གསུངས་ལ། བླ་མར་གསོལ་བ་མ་བཏབ་པའམ། བཏབ་ཀྱང་ཁས་མ་བླངས་ན་ཆོས་ཀྱི་རིགས་སུ་མི་སྐྱེ་ཞིང་སློབ་མར་མི་འགྱུར་ཏེ། རྡོ་རྗེ་གུར་ལས། གང་གིས་བླ་མར་གསོལ་མ་བཏབ།། དེ་ནི་རིགས་སུ་སྐྱེ་བ་མེད།། ཅེས་གསུངས་པ། དེས་ན་ཕྱག་དང་སྤྱོད་ལམ་གུས་པས་གསོལ་བ་ལན་གསུམ་གདབ་སྟེ་བླ་མས་གནང་བ་བྱིན་ནས་བླ་མར་བསྟེན་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། མདུན་དུ་དུལ་བར་འདུག་པ་དང་།། གོས་སོགས་ཚུལ་ནི་བསྡམ་པ་དང་།། པུས་བཙུགས་ཐལ་མོ་སྦྱར་བ་དང་།། ཉན་སོགས་འདོད་པས་གསོལ་གསུམ་གདབ།། ཅེས་དང་། ཡང་དེ་ཉིད་ལས། མཆོག་ཏུ་དད་པས་དུས་གསུམ་དུ།། དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས།། སྟོན་པ་བླ་མ་བསྙེན་བཀུར་ཞིང་།། ཞབས་ལ་སྤྱི་བོས་ཕྱག་བྱའོ།། ཞེས་གསུངས་སོ།། གཉིས་པ་ནི་སྡོང་པོ་བཀོད་པ་ལས། རྣམ་པ་དགུས་དགེ་བའི་བཤེས་གཉེན་བསྟེན་ཚུལ་གསུངས་པ་བཞིན། བླ་མའི་བྱ་བའི་ཁུར་ཐམས་ཅད་བསྐུར་བས་མི་སྐྱོ་བས་ས་ལྟ་བུའི་སེམས་ཀྱིས་བླ་མ་བསྟེན་པར་བྱའོ།།
གཉིས་པ་ཀུན་སློང་དང་འདུ་ཤེས་ཇི་ལྟར་བྱ་ཚུལ་ནི། མདོ་དེ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི། ལས་ཉོན་གྱིས་ན་བས་ན་ནད་པར་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། ཆོས་རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང་། ཆོས་དེ་རང་གིས་ནན་ཏན་ཉམས་སུ་བླངས་པ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།། ཞེས་སོགས་གསུངས་པ་ལྟ་བུའི་འདུ་ཤེས་བཞག་པ་སོགས་ཏེ། མདོར་ན་བླ་མ་བསྟེན་པའི་དུས་སུ་ཚ་གྲང་བཀྲེས་སྐོམ་ངལ་དུབ་སོགས་དཀའ་བ་ཐམས་ཅད་ཁྱད་དུ་བསད་ནས་བླ་མས་ཅི་གསུངས་བཀའ་བཞིན་སྒྲུབ། དད་གུས་ཀྱིས་གསོལ་བ་འདེབས། འཕྲལ་རང་གི་བྱ་སྤྱོད་ཐམས་ཅད་ཀྱང་བླ་མ་ལ་ཞུས་ཏེ་བླ་མས་བཀའ་ཇི་ལྟར་བསྩལ་བ་ལྟར་ཉམས་སུ་བླངས། ཡིད་ཁྱེད་ཤེས་ཀྱི་དད་པའི་སྒོ་ནས་བསྟེན་དགོས་སོ།།
གསུམ་པ་ལ་དང་པོ་རྙེད་པའི་མཆོད་པ་འབུལ་ཞིང་བླ་མ་བསྟེན་ཚུལ་ནི། རང་གི་ཆོས་སྤྱི་དང་ཁྱད་པར་དམ་ཚིག་སྟེ་དབང་བསྐུར་ཚུལ་བཞིན་ཐོབ་པའི་རྡོ་རྗེ་སློབ་དཔོན་དེ་ལ་ནི། སྦྱིན་དཀའ་བློས་མི་ཐོངས་པའི་བུ་དང་ཆུང་མ་རང་གི་ལུས་སྲོག་ཀྱང་ཡོན་དུ་འབུལ་བའི་སྒོ་ནས་བསྟེན་ཅིང་མཉེས་པར་བྱ་དགོས་ན། རྟ་གླང་གསེར་དངུལ་ཇ་དར་སོགས་ཀྱི་ཕྱི་རོལ་གྱི་ལོངས་སྤྱོད་གཡོ་བ་ཏེ་མི་རྟག་པའི་ཟང་ཟིང་གི་ཡོ་བྱད་གཞན་དག་འབུལ་དགོས་པ་ནི་སྨོས་ཅི་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི།། སྦྱིན་དཀའ་བུ་དང་ཆུང་མ་དང་།། རང་སྲོག་གིས་ཀྱང་བསྟེན་བྱ་ན།། ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས།། ཞེས་གསུངས་ལ། ཁ་སྦྱོར་ལས། བདག་གི་དངོས་ཐམས་ཅད་ཀྱིས།། བློ་དང་ལྡན་པས་བླ་མར་འབུལ།། ཞེས་གསུངས་སོ།། གཉིས་པ་བཀུར་སྟིའི་མཆོད་པ་འབུལ་ཞིང་བླ་མ་བསྟེན་པའི་ཚུལ་ནི། ལུས་ཀྱི་གུས་པས་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་བླ་མའི་ཞབས་དང་སྐུ་ལུས་སོགས་བཀྲུ་ཞིང་ཆུ་གཙང་འབུལ་བ། དྲིལ་ཕྱིས་དང་བསྐུ་མཉེ་བྱ་བ། གདན་དང་ན་བཟའ་འབུལ་བ། གསོལ་ཇ་འབུལ་བ་སོགས་མདོར་ན་བླ་མ་མཉེས་པའི་བྱ་བའི་ལས་ཐམས་ཅད་ལ་ཕྲལ་མངོན་སླ་ཆོས་ལེ་ལོ་མེད་པར་དང་དོད་ཡིད་ཆེས་ཀྱིས་སྒྲུབ་པ་ཡིན་ཏེ། བླ་མ་ལྔ་བཅུ་པ་ལས། རྐང་བཀྲུ་བ་དང་ལུས་བཀྲུ་དང་།། དྲིལ་དང་མཉེ་བ་ལ་སོགས་ལ།། ཕྱག་ནི་སྔོན་དུ་འགྲོ་བར་བྱ།། དེ་བཞིན་མཐར་ནི་ཅི་བདེར་བྱ།། ཞེས་གསུངས་ལ། ངག་གི་སྒོ་ནས་ཀྱང་བླ་མའི་མཚན་བརྗོད་པའི་ཚེ་མཚན་གྱི་མཐར་ཞལ་སྔ་ནས་ཞེས། ཞེ་ས་དང་ལྡན་པར་བརྗོད་དགོས་ལ། སྐྱེ་བོ་གཞན་གུས་པར་བྱ་བའི་ཕྱིར་ཁྱད་པར་ཅན་གྱི་བསྔགས་པ་བརྗོད་པ། དཔེར་ན་རྗེ་བཙུན་ཀུན་མཁྱེན་རྡོ་རྗེ་འཆང་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཞེས་པ་ལྟ་བུར་བརྗོད་དགོས་ཏེ། དེ་ཉིད་ལས། དེ་ཡི་མཚན་སྨོས་བརྗོད་ནས་ནི།། མིང་མཐར་ཞལ་སྔ་ལྡན་པར་བྱ།། གཞན་དག་གུས་པར་བྱ་བའི་ཕྱིར།། ཁྱད་པར་གྱི་ཚིག་དག་བརྗོད།། ཅེས་གསུངས་སོ།། 
༤སློབ་མས་ཉན་སྐབས་ཀྱི་ཀུན་སློང་།
དང་པོ། སྐྱེས་བུ་ཆེན་པོའི་ཀུན་སློང་བསོད་ནམས་ཚད་མེད་པའི་འཇུག་ངོགས་རིན་ཆེན་བྱང་ཆུབ་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་མེད་ལ། ཕ་མར་གྱུར་བའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་ཏེ། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དྲིན་ཆེན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སོགས་སྤྱོད་མི་ཤེས་པར་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་བཅུ་སོགས་ཁོ་ན་དང་དུ་བླངས་ཏེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་ལམ་ལོག་མགོ་རྨོངས་སུ་གྱུར་པ། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཡང་དག་པའི་ཆོས་ལ་སྤྱོད་དུ་ཡོད་པ་འདི་སྐལ་བ་བཟང་བས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས་ཉམས་སུ་བླང་སྟེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་ནི་གལ་ཆེ་བའི་གནད་དམ་པའོ།།
༥ སློབ་མས་ཆོས་ཉན་པའི་ཀུན་སྤྱོད།
གཅིག སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་ལས། ཀུན་སློང་ཆེ་འདོད་གྲགས་འདོད་རྙེད་བཀུར་སོགས་འདོད་པ་དང་། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ་བར་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་བའི་སྐྱོན་ཏེ་གསུམ་དང་བྲལ་བས་ཉན་དགོས་པར། བཅོམ་ལྡན་འདས་ཀྱིས་ཡུམ་བར་མར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུགས་ཤིག་དང་། ངས་བཤད་པར་བྱའོ་ཞེས་གདམས་པར་མཛད་དོ།། དེའི་ཕྱིར། ཆོས་ཆོས་བཞིན་དུ་མ་སྤྱད་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་ཅེས་དམ་པ་རྣམས་གསུངས་སོ།། ང་རྒྱལ་དང་ནི་མ་དད་སོགས་སྤང་ཏེ་ཚེ་འདིར་དང་ཚིག་དོན་ཕུན་སུམ་ཚོགས་པའི་རང་བཞིན་བསམ་གཏན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་ཆོས་ལ་བར་དུ་གཅོད་ཅིང་ཕྱི་མར་ཡང་ཆོས་དང་མི་འཕྲད་པའི་ཉེས་པས་འཁོར་བ་མཐའ་མེད་དུ་འཁྱམས་པར་འགྱུར་བས་རབ་ཏུ་གུས་པས་སྤྱོད་ལམ་བསྡམ་ཞིང་ལེགས་པའི་ཚུལ་གྱིས་ཉན་དགོས་སོ།། མི་འཛིན་པ་རྣམ་ལྔ་སྤང་དགོས་ཏེ། དེ་ལྔ་རིམ་པར། ཚིག་སྙན་ཅིང་ལེགས་པར་རེ་ཆེད་དུ་འཛིན་ཅིང་དོན་ཟབ་མོ་ལ་རྟོག་དཔྱོད་མི་འཇུག་ན་དེས་སེམས་ལ་ཕན་མི་ཐོགས། ཚིག་གིས་ཅི་བྱ་སྙམ་དུ་ཁྱད་དུ་བསད་ནས་དོན་ཟབ་མོ་ཞེས་སྤར་ཟིན་བྱས་ཀྱང་ཚིག་ལ་མ་བརྟེན་པར་དོན་མི་འབྱུང་། དྲང་ངེས་ལྡེམ་དགོངས་ཀྱི་གསུངས་སྣ་ཚོགས་པ་བརྡ་མ་འཕྲོད་པར་བཟུང་ན་བསྟན་པའི་བབས་དང་མི་མཐུན་པ་ལ་སོགས་པའི་འགལ་འདུ་ཅན་དུ་འགྱུར། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ནས་རང་རྒྱུད་ཆུད་ཟ་ཞིང་བསྟན་པའི་རྐང་འདྲེན་དུ་འགྱུར་བའི་ཕྱིར་སྤང་དགོས་པ་ཡིན་ནོ།།
གཉིས། བླང་བྱའི་ཀུན་སྤྱོད་ལ། དང་པོ་འདུ་ཤེས་བཞི་བརྟེན་པ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ།། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཞེས་སོ།། ཆོས་ཉན་པའི་རྣལ་འབྱོར་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅས་པ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། དང་པོ་བྱང་ཆུབ་སེམས་བསྐྱེད་དེ། རང་ཉིད་སྒྲོལ་མར་བསྒོམ་བྱས་ནས། རྣ་བ་གཡས་པར་པདྨ་བསམ། སློབ་དཔོན་འཇམ་དཔལ་བསྒོམ་བྱས་ནས། བླ་མའི་ཞལ་གྱི་འོད་ཟེར་དག པདྨར་ངེས་པར་ཐིམ་པར་བྱ། འགྲོ་རྣམས་ལྷ་མོར་བསྒོམ་བྱས་ནས། ཐོན་ཁར་མི་རྟོག་སྟོང་པ་ཉིད། སྐད་ཅིག་གཉིས་ཙམ་བསྒོས་པར་བྱ། ཞེས་སྦྱོར་དངོས་རྗེས་ཀྱི་རྣམལ་འབྱོར་དང་། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། ས་ཕྱོགས་སྤྱོད་ལམ་སྡོམས་པ་དང་། སྲོག་ཆགས་ཀུན་ལ་འཚེ་མི་བྱེད། བླ་མ་ལ་ནི་གསོལ་བ་འདེབས། མ་ཡེངས་བླ་མའི་གདམས་ངག་ཉན། དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། སྒྲོལ་མ་ཡན་ལག་དྲག་དང་ལྡན། ཞེས་པས་ཉན་པ་པོས་འཆད་པའི་སྟན་དང་། མཆོད་པ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་དག་པར་བྱ་བ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་མ་དད་པ་ལ་སོགས་པ་བསྡམས་པ་ནི་ཚུལ་ཁྲིམས། ཆོས་གྲལ་དུ་ལྷགས་པའི་འབུ་སྦྲང་སོགས་ལ་མི་འཚེ་ཞིང་ཤིག་ལ་སོགས་པའི་གནོད་པ་ཆེ་ཆུང་བཟོད་པ། ཆོས་སྟོན་པ་ལ་གསོལ་བ་འདེབས་ཤིང་ཉན་པར་བརྩོན་པ་ནི་བརྩོན་འགྲུས། སེམས་མ་ཡེངས་ཉན་ཅིང་ཐོས་པར་འཛིན་པར་ནི་བསམ་གཏན། རང་གིས་རྟོགས་པའི་དོན་ལ་དཔྱོད་པ་དང་ཐེ་ཚོམ་གྱི་གཞིར་གྱུར་བླ་མ་ལ་འདྲི་ཞིང་རྩོད་པས་རྣམ་པར་གཏན་ལ་དབབ་པ་ནི་ཤེས་རབ་སྟེ་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པར་ལྡན་པ་དང་། འཆད་པ་ལའང་ཆོས་བསྟན་པ་ནི་སྦྱིན་པ། ཉོན་མོངས་པ་མེད་པ་ནི་ཚུལ་ཁྲིམས། ཆོས་བསྟན་པ་ལ་སྐྱོ་ངལ་དང་གནོད་འཚེ་བཟོད་པས་བཟོད་པ། སྤྲོ་བས་བརྩོན་འགྲུས། ཆོས་འཆད་པ་ལས་གཞན་དུ་མ་ཡེངས་པས་བསམ་གཏན། ཚིག་དོན་འབྱེད་པས་ཤེས་རབ་སྟེ་དྲུག་པོ་རྫོགས་པར་འགྱུར་རོ།། སྤྱོད་ལམ་གཞན་བསྟན་པ་ནི། མ་དད་པ་ལ་ཆོས་མི་བཤད། མི་ན་བཞིན་དུ་མགོ་དཀྲིས་དང་། གདུགས་དང་འཁར་བ་མཚོན་ཐོགས་དང་། མགོ་བོ་གཡོགས་པ་དག་ལ་མིན། ཞེས་པ་ལ་སོགས་པའོ།།
༦ དཔོན་སློབ་གཉིས་ཀྱིས་འཆད་ཉན་བགྱི་ཚུལ།
གསུམ་པ་དཔོན་སློབ་གཉིས་ཀྱིས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལ། ཆིངས་ཆེན་པོ་ལའམ་གསུམ་གྱིས་བཅིངས་ནས་འཆད་དེ། དང་པོ་ཆིངས་ཆེན་པོ་ལྔ་ནི། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། མན་ངག་ཅུང་ཞིག་སྦྱིན་པར་བྱ། དེ་ལ་མན་ངག་འདི་ཡིན་ཏེ། དགོས་པ་བསྡུས་པའི་དོན་བཅས་དང་མཚམས་སྦྱོར་བཅས། བརྒལ་ལན་བཅས་ཏེ་བསྙད་པར་བྱ། ཞེས་སོ།། ཆིངས་གསུམ་ནི་དཀྱུས་ཀྱི་ས་གཅོད་པ་སྟག་མོའི་མཆོངས་ལྟ་བུ། ཚིག་གི་འབྲུ་ནོན་པར་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། སྐབས་ཀྱི་དོན་བསྡུ་བ་སེང་གེའི་འགྱིང་ལྟ་བུའོ།། དེ་ལྟར་ཆིངས་ཆེན་པོ་ལྔའམ་གསུམ་པོ་རྣམས་ནི་གཞུང་གི་སྐབས་དང་སྐབས་སུ་སྟོན་པར་འགྱུར་བ་དེ་དང་དེར་ཤེས་པར་བྱ་བ་ལས་རྒྱས་པར་མ་སྤྲོས་ལ། དོན་དུ་བདག་གི་བླ་མ་བཀའ་དྲིན་ཅན་ནི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཤིང་། གཞུང་ལུགས་ཐམས་ཅད་གདམས་པར་ཤར་བས་གསར་རྙིད་མེད་པའི་བསྟན་པའི་བདག་པོ་ཉིད་དུ་གྱུར་གཤིས་གཞུང་འདི་ཇི་ལྟར་གསུངས་ན། ས་སྐྱ་པ་རྣམས་ལ་རྗེ་བཙུན་བསོད་ནམས་རྩེ་མོའི་འགྲེལ་པ་དང་། དགེ་ལྡན་པ་རྣམས་ལ་དར་ཊཱིཀ་དང་། བཀའ་བརྒྱུད་པ་རྣམས་ལ་དཔའ་བོ་གཙུག་ཕྲེང་སོགས་ཀྱི་འགྲེལ་པ་བཞིན་གསུངས་པ་དང་། རྙིང་མ་བ་རྣམས་ལ་སྔར་རྫོགས་ཆེན་ཤྲཱི་སེང་ཧ་ལ་རྙིང་མ་རང་ལུགས་བཞིན་གསུངས་ཞེས་ཐོས་ཤིང་། ཕྱིར་སུ་ཡུལ་དུས་གང་ཟག་གམ་དགོས་དབང་གིས་དངུལ་ཆུ་ཐོགས་མེད་ཀྱི་འགྲེལ་པ་གཙོར་སྟོན་གྱིས་དགོངས་པ་སྣ་ཚོགས་པར་གསུངས་པ་དང་། ཁྱད་པར་རྡོ་རྗེའི་ལུང་གིས་ཟིན་པའི་མཆོག་གླིང་རིགས་སྲས་དམ་པ་སོགས་རང་དཔོན་སློབ་ལ་ཟླ་བ་དྲུག་གི་བར་གཞུང་འདི་གསུངས་སྐབས་ཐོགས་འགྲེལ་གཙོར་བཞག་གིས་གདམས་ངག་ཉམས་ལེན་ལ་སྦྱར་བ་གང་གསུངས་རང་བློར་ངེས་པའི་ཟིན་བྲིས་སོགས་དཀྱིས་བཀོད་ཀྱི་ཚུལ་དུ་གཙོ་བོར་བྱས་ཏེ། འདིར་འཆད་པར་བྱ་བ་ལས་ལུང་སྦྱོར་སོགས་རྒྱས་སྤྲོས་མཁས་པ་ལ་ནི་མི་དགོས་ལ་ཡི་གེས་འཇིགས་ཤིང་། ལས་དང་པོ་བ་དག་འབྲུ་འགྲེལ་ཙམ་དོན་དུ་གཉེར་ཞིང་ཤེས་པར་སླ་བས་ཉམས་ཕན་ཞིག་སྙིང་ལ་བཅང་བ་ལས་སྤྲོས་པ་ལས་འཆེལ་བ་མ་བྱས་སོ།།

上一篇:བླ་བྲང་དགོན་གྱི་དཔེ་རྙིང་ཁྲི་༢ལྷག་གློག་རྡུལ་ཅན་དུ་བསྒྱུར།

下一篇:མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་མཚོ་སྔོན་ཚད་རིག་ལྷན་ཚོགས་དྲ་བའི་སྒོ་འབྱེད་མཛད་སྒོ་ཟི་ལིང་དུ་བསྡུས་

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038161 位访客