སུམ་པ་ཡེ་ཤེས་དཔལ་འབྱོར།

发布时间:2017-12-12 11:03:17

    སུམ་པ་ཡེ་ཤེས་དཔལ་འབྱོར་ནི་མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་སར་ཨོ་རོད་མཚོ་བཞིའི་ནང་གི་པཱ་ཐུད་ཀྱི་ཐལ་ཇིའི་ཚངས་པ་སྐྱབས་ཤོག་ཏུ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ་ཏེ་སྤྱི་ལོ1704ལོར་སྐུ་འཁྲུངས།ཆུང་དུས་ནས་ཁྲི་ལ་གསོལ་ནས་རིག་པའི་གནས་དུ་མ་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་མཐར་མཁས་པའི་གོ་འཕང་རྙེད།དགུང་ལོ་གྱ་ལྔ་བ་རབ་བྱུང་བཅུ་གསུམ་པའི་ས་སྤྲེལ་ཏེ་སྤྱི་ལོ1788ལོར་སྐུ་གཤེགས་སོ།།



   ཐོས་ལ་བརྩོན་པ།





    དགུང་ལོ་གསུམ་པའི་ཐོག་ཀུན་མཁྱེན་བླ་མས་སུམ་པ་བླ་མའི་སྐུ་སྐྱེ་རུ་ངོས་འཛིན་མཛད།ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་སློབ་དཔོན་དུ་བསྟེན།ཡི་གེ་འབྲི་ཀློག་ལེགས་པར་སྦྱངས།དགུང་ལོ་བདུན་པ་ལྕགས་སྟག་སྟེ་སྤྱི་ལོ1710ལོར་ཐར་ཤུལ་དཔོན་སློབ་དྲུང་དུ་རབ་ཏུ་བྱུང་།དགུང་ལོ་དགུ་བ་ཆུ་འབྲུག་ལོར་དགོན་ལུང་ཆོས་གྲྭར་ཞུགས།ཚད་མ་སོགས་ལེགས་པར་སྦྱངས་ནས་ཡོན་ཏན་གྱི་གཞི་བརྟན་པོ་བཙུགས།དགུང་ལོ་ཉི་ཤུ་བ་ཆུ་ཡོས་ཏེ་སྤྱི་ལོ1723ལོར་དབུས་སུ་གྲྭ་སྐོར་དུ་ཕེབས།པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་དུ་དགེ་སློང་གི་སྡོམ་པ་བླངས།འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས།ལ་མོ་ངག་དབང་ནམ་མཁའ་དང་།མོག་ཀྱཱ་རབ་འབྱམས་པ་འཇམ་དབྱངས་རྒྱ་མཚོ་སོགས་མཁན་ཆེན་མང་བོ་སློབ་དཔོན་དུ་བསྟེན།རྩོད་པའི་ཁྱུ་མཆོག་ཏུ་གྲགས།མེ་རྟ་ལོར་གླིང་བསྲེ་དཀའ་བཅུ་བྱས།དེ་ནས་སྔ་ཕྱིར་ཁྲི་ངག་དབང་མཆོག་ལྡན།ཀོང་པོ་བཀའ་འགྱུར་བ་ཆོས་རིན་ཆེན།ཞྭ་དམར་ཤེས་རབ་རྒྱ་མཚོ།སྒོ་མང་བླ་མ་སེམས་ཉིད་དམ་པ་སོགས་ལས་གསན་བཞེས་རྒྱ་ཆེན་པོ་མཛད།པྲ་ཏི་དགེ་བཤེས་ངག་དབང་ཆོས་དཔལ་དང་དེའི་སློབ་མ་མཛོ་མོ་མཁར་པ་སྨོན་ལམ་ལྷུན་གྲུབ་ལས་སྒྲ་རིག སྐུ་འབུམ་པ་མི་ཐུང་བསོད་ནམས་རྒྱལ་མཚན་ལས་སུམ་རྟགས། སྨན་རམས་པ་ཉི་མ་རྒྱལ་མཚན་ལས་གསོ་རིག རྒྱུད་སྨན་གྲགས་པ་ལྷུན་གྲུབ་ལས་ལྷ་རིས་ཐིག་ཚད་དང་ཡིག་རིགས་སྣ་ཚོགས།སོག་རམས་པ་ངག་དབང་རྒྱ་མཚོ་ལས་རྩིས་དཀར་ནག་སོགས་སྦྱངས་ཏེ་ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན་ཏེ་སུམ་པ་པཎྚི་ཏ་ཞེས་མཁས་པའི་གྲགས་པས་ས་སྟེང་ཁྱབ།ལྕགས་ཕག་སྤྱི་ལོ(1731)ལོར་རང་ཡུལ་མདོ་སྨད་དུ་ཕེབས།མཚན་སྒྲོག་མཁན་ཆེན་དགེ་འདུན་དོན་གྲུབ་སོགས་མཁས་གྲུབ་དུ་མ་ལ་དབང་ལུང་མན་ངག་མང་དུ་ཞུས་པའོ།།  མེ་སྦྲུལ་ཏེ་སྤྱི་ལོ1737ལོར་པེ་ཅིན་དུ་ཕེབས་ནས་གོང་མར་འཚམས་ཞུ་མཛད།གོང་མས་མཚོ་བདུན་དགོན་པའི་མཁན་པོར་བསྐོས།ས་ལུག་སྟེ་སྤྱི་ལོ1739ལོར་ཕྱིར་དགོན་ལུང་དུ་ཕེབས།དགོན་ལུང་རི་ཁྲོད་དང་།ཞྭ་ཁོག་གི་བདེ་སྐྱིད་སྒྲུབ་སྡེ་གཉིས་ཀྱི་འདུ་ཁང་དང་།དགོན་ལུང་དགའ་ལྡན་ལྷ་རྩེ་བཞེངས།སྲི་གནོན་འབུམ་པ་ཆེན་པོ་དང་།སུམ་པའི་ཟིན་ཡོན་ལྷ་ཁང་།དམར་གཙང་ལྷ་ཁང་བཅས་ལ་ཞིག་གསོ་མཛད།དགུང་ལོ་ཞེ་གསུམ་པ་མེ་སྟག་སྟེ་སྤྱི་ལོ1746ལོར་དགོན་ལུང་གི་ཁྲིད་བཞུགས་སྔ་ཕྱིར་ལན་གསུམ་མཛད།རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་སྟེ་སྤྱི་ལོ1750ལོར་རྒྱ་ནག་རི་བོ་རྩེ་ལྔར་མཇལ་དུ་ཕེབས།བཀྲ་ཤིས་ཆོས་གླིང་།སེར་ལུང་།འདུལ་བ་དགོན།དགའ་ལྡན་རིན་ཆེན་གླིང་།ཕོ་རོད་པྲ་ཏི་དགོན་སོགས་ཀྱི་ཁྲི་ཡང་མཛད།སློབ་མ་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་དམ་མ་མང་བོ་བྱུང་ངོ་།།  ཁོང་གི་གསུང་རྩོམ་སྐོར་ལ《བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང》དང《དགེ་ལྡན་རྩིས་གསར》《ཡི་གེ་བཤད་པ》སོགས་ཐ་སྙད་རིག་གནས་ཀྱི་སྐོར《ཚད་མ་སྡེ་བདུན་གྱི་སྙིང་ནོར་དང་གྲུབ་མཐའི་རྣམ་བཞག་ཉུང་བསྡུས》《གསུང་རབ་མཛོད་ཀྱི་སྒོ་འབྱེད་པའི་ལྡེ་མིག》《དབུ་མ་འཇུག་པའི་མཐའ་དཔྱོད་ཉུང་བསྡུས་ཟླ་འོད》《གསོ་དཔྱད་བདུད་རྩིའི་ཆུ་རྒྱུན་གྱི་ཆ་ལག་ལས་ལག་ལེན་ཉུང་བསྡུས་བདུད་རྩི་ཟིལ་དཀར》《མཁན་པོ་ཨ་ཏ་རི་ནི་པཎྜི་ཏར་གྲགས་པའི་སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན》སོགས་བསྟན་བཅོས་དྲུག་ཅུ་རེ་བརྒྱད་བརྩམས་ཡོད་པ་དེ་དག་པོ་ཏི་བརྒྱད་དུ་བསྡུས་ནས་བཞུགས་ཡོད་པའོ།། 




上一篇:ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

下一篇:ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2510290 位访客