༄༅། །དངུལ་ཆུ་དྷརྨ་བྷ་དྲའི་མཛད་རྗེས་ལ་བསྟོད་པ་དྲི་ཟའི་གླུ་དབྱངས།

发布时间:2017-12-12 10:43:17

  

༄༅། །ཤེས་བྱ་ཀུན་ལ་མཁྱེན་རྒྱ་རབ་གསལ་བའི། །


གངས་ལྗོངས་རིག་པའི་འདབ་བརྒྱ་རབ་འགྲོལ་བ། །


མཁས་གྲུབ་ཆེན་པོ་དངུལ་ཆུ་བླ་མའི་ཞབས། །


དུས་དང་རྣམ་པ་ཀུན་དུ་བསྟོད་པར་བགྱི། །


 



རབ་བྱུང་བཅུ་གསུམ་དགའ་བའི་དུས་དེ་ལ། །


ས་ལའི་སྨན་ལྗོངས་གཙང་སྟོད་ཕྱུག་མོའི་ཡུལ། །


མཁས་དབང་དངུལ་ཆུ་བླ་མ་ཆོས་བཟང་ཞེས། །


འཁྲུངས་པར་བུག་པའི་སྒྲ་ཡིས་བསྟོད་གླུ་འབུལ། །


 



དེ་ཡང་ཁྱིམ་ཚང་དབུལ་བས་རྫི་བོར་སྐྱེས། །


ཆོས་གྲྭ་འགྲིམས་པའི་མཐུན་རྐྱེན་མ་འཛོམས་ཡང་། །


མཛུབ་མོ་སྨྱུག་དང་འཛིན་མ་དེབ་ཀྱི་ཚབ། །


ཤེས་བྱའི་རྒྱ་མཚོའི་ཁྲོད་དུ་རོལ་བར་མཛད། །


 



ལང་ཚོ་བཅུ་བཞིར་སོན་པའི་མཆུ་ཟླ་དེར། །


གནས་མཆོག་བཀྲ་ཤིས་དགེ་འཕེལ་གླིང་གི་ཕྱོགས། །


སློབ་དཔོན་བློ་བཟང་རྒྱལ་མཚན་སྐུ་དྲུང་དུ། །


སྐྲ་ཕུད་ཕུལ་ཞིང་སྡོམ་པ་བཞེས་པར་བསྟོད། །


 



སེམས་ཁོང་ཆུད་པའི་བགྲང་བྱ་ཉི་ཤུ་རུ། །


དྲིན་ཆེན་སྐྱེད་བྱེད་མ་ཡི་སྐུ་ཚེ་འདའ། །


དབེན་ས་དངུལ་ཆུ་རི་ཁྲོད་ཞེས་པ་དེར། །


སྒྲུབ་པ་ཉམས་ལེན་མཛད་པར་སྤྱི་བོར་བཀུར། །


 



སྒྲ་དང་སྙན་ངག་སུམ་རྟགས་མངོན་བརྗོད་དང་། །


སྡེབ་སྦྱོར་ལ་སོགས་རིག་པའི་དཔལ་ཡོན་དག །


སྦྱངས་པ་མཐར་ཕྱིན་ངོ་མཚར་མཛད་པ་ཡིས། །


མཁས་གྲུབ་གྲགས་པ་ཀུན་ཁྱབ་བྱེད་པར་བསྟོད། །


 



དེ་བཞིན་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཞེས། །


མངོན་བརྗོད་རྣམ་གྲངས་གསལ་ཞིང་གོ་བདེ་བར། །


བོད་ཀྱི་མངོན་བརྗོད་གཞུང་ལས་ཆེས་བདེ་བས། །


མིང་གི་རྨོངས་པ་སེལ་བར་མཛད་ལ་བསྟོད། །


 



དེ་ཡང་གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད། །


སྐྱེས་བུའི་ཤེས་རབ་བློ་སྒོ་འབྱེད་པ་དང་། །


ཡིག་བསྐུར་རྣམ་བཞག་མདོར་བསྡུས་གསུངས་པ་དེ། །


འཕྲིན་ཡིག་རྣམ་གཞག་རབ་ཏུ་གསལ་བར་བསྟོད། །


 



སུམ་རྟགས་འགྲེལ་པ་སི་ཏུའི་ཞལ་ལུང་སོགས། །


སྙན་དངགས་བསྟན་བཅོས་རྒྱ་མཚོའི་སྙིང་པོ་དག །


སྔགས་ཀྱི་ཀློག་ཐབས་སོགས་པའི་མཛད་པ་ནི། །


རྒྱུ་སྐར་ལམ་ཡི་སྐར་ཚོགས་བཞིན་གྱིས་བསྟོད། །


 



བཅུ་ཕྲག་རིག་པའི་གནས་ལ་མཁས་པའི་དབང་། །


སློབ་མ་མཁན་ཆེན་ངག་དབང་སྙན་གྲགས་དང་། །


རི་སྦུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་སོགས། །


སྐྱེས་ཆེན་དམ་པ་མང་དུ་སྐྱོང་བར་བསྟོད། །


 



སོ་ལྔ་ནས་བཟུང་ཟླ་འཕྲེང་བཞི་བཅུའི་རིང་། །


དངུལ་ཆུ་རི་ཁྲོད་རབ་དྭངས་ས་བཟང་དུ། །


བློ་སེམས་གཅིག་གིས་སྒྲུབ་པ་ལྷུར་བཞེས་པའི། །


སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་དུ་གཞོལ། །


 



ཀུན་མཁྱེན་དངུལ་ཆུ་བླ་མའི་མཛད་རྗེས་ནི། །


བརྗོད་པར་མི་ལངས་ཀུན་གསལ་མཐའ་མཉམ་ཡང་། །


རང་བློས་དཔོག་པས་ཅུང་ཙམ་བརྗོད་པ་ཡི། །


བདག་གིས་བསྟོད་པའི་བློ་དེ་མངོན་པར་བྱ། །


ཞེས་དངུལ་ཆུ་དྷརྨ་བྷ་དྲའི་མཛད་རྗེས་ལ་བསྟོད་པ་དྲི་ཟའི་གླུ་དབྱངས་ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་༢༠༡༠ལོའི་ལོ་ཙཱ་འཛིན་གྲྭའི་སློབ་མ་ཚེ་རིང་སྒྲོལ་དཀར་གྱིས་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་སམ་སྤྱི་ལོ་༢༠༡༢ལོའི་ཟླ་༡༡པའི་ཚེས་༢༥ཉིན་དགེ་རྒན་སྟུག་རྒྱའི་བཀའ་སྲུང་མགོན་པོ་ལགས་ཀྱི་མཛུབ་ཁྲིད་འོག་ལེགས་པར་འགྲུབ་པའོ། །



 

上一篇:ཨ་ལག་ཤ་ངག་དབང་བསྟན་དར།

下一篇:《པེ་ཅིན་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་དཀར་ཆག་ཆེན་མོ་ཤེས་བྱའི་གཏེར་མཛོད་》

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2807730 位访客