༄༅།། གཟི་རྩ་སྡེ་དགུ་རྫོང་གི་དཔེ་རྙིང་འཚོལ་བསྡུའི་ཟིན་བཀོད།

发布时间:2017-12-08 02:41:19

    གཟི་རྩ་སྡེ་དགུའི་ངོ་སྤྲོད་གནད་བསྡུས། གཟི་རྩ་སྡེ་དགུ་རྫོང་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཅུ་གསུམ་གྱི་ནང་ཚན་ཡིན་ལ། རྫོང་འདི་ལ་སྤྱིར་བཏང་ས་གནས་སམ་ཡུལ་ཁག་བཞི་རུ་དབྱེ་སྟེ། གཟི་རྩ་སྡེ་དགུའི་ཁོག ཁོད་སྤུངས་སྡེ་བརྒྱད་ཁོག རོང་ལྡོང་སྤེལ་ཁོག སྟོད་པོའམ་དྭགས་པོའི་ཁོག་བཅས་དབྱེ་སྲོལ་ཡོད། སྤྱི་བཏང་རྫོང་འདིའི་མིང་ལ་ལོ་བཅུ་ཕྲག་གི་ཡར་སྔོན་ལ་རྣམ་འཕེལ་རྫོང་ཟེར། རྗེས་སུ་གཟི་རྩ་སྡེ་དགུའི་ཁོག་གི་མཛེས་ལྗོངས་སྐད་གྲགས་ཆེ་བས་རྒྱལ་ཁབ་གཞུང་གིས་རྫོང་འདི་ལ་ཡང་གཟི་རྩ་སྡེ་དགུ་རྫོང་ཞེས་པར་བསྒྱུར། ད་ཆར་རྫོང་འདིར་གནས་པའི་མི་རིགས་ལ་བོད་རྒྱ་ཆའང་རིགས་སོགས་ཡོད་ཅིང་། གྲོང་སྡེ་བརྒྱ་དང་ཉེར་གཅིག་ཡས་མས་ཤིག་ཡོད།


   རྩོམ་པ་པོས་དཔེ་རྙིང་འཚོལ་བསྡུ་བྱེད་བཞིན་པ། གཅིག གཟི་རྩ་སྡེ་དགུའི་ཁོག་ཞེས་པ་ནི། འོ་ཟོ་གྲོང་སྡེ། འཕན་ཡག་གྲོང་སྡེ། རྒྱལ་འཕེན་གྲོང་སྡེ། ལག་ནག་གྲོང་སྡེ། འཕེལ་པོ་གྲོང་སྡེ། ཕར་ཕྱིན་གྲོང་སྡེ། རྫས་ཚང་བའི་གྲོང་སྡེ། ཕྱུག་སྐྱིད་གྲོང་སྡེ། ཡེ་དགར་གྲོང་སྡེ་བཅས་ཡིན། དེ་ལ་ཡང་སྡེ་དགུ་བརྩི་སྟངས་མི་འདྲ་བ་རེ་གཉིས་འདུགགཉིས། ཁོད་སྤུངས་སྡེ་བརྒྱད་ཁོག་ཞེས་པ་ནི། དེང་གཙང་རྩ་གྲོང་རྡལ་དང་ཁོད་པོ་གཡུང་དྲུང་དར་རྒྱས་དགོན་པའི་ལྷ་སྡེ་སྟེ། གཙང་རྩ་གྲོང་སྡེ། བྲོ་རྩིས་གྲོང་སྡེ། གླང་ལྕེ་གྲོང་སྡེ། ཁྱུང་ཁྱག་གྲོང་སྡེ། གཉའ་བརྟན་གྲོང་སྡེ། ཐང་ཙམ་གྲོང་སྡེ། ཨ་སྔགས་གྲོང་སྡེ། བར་ཟུར་གྲོང་སྡེ་བཅས་བརྒྱད་དང་གཞན་ཆུ་དྭངས་གྲོང་སྡེ། ཟངས་ལྕགས་གྲོང་སྡེ་སོགས་གྲོང་སྡེ་མང་། གསུམ། རོང་ལྡོང་སྤེལ་ཁོག་ཞེས་པ་ནི། ས་ཡུལ་བཀྲ་ཤིས་ཕུན་ཚོགས་གླིང་དང་བཀྲ་ཤིས་མེ་ཏོག་གླིང་། རྩུབ་མ་སྟག་སྐྱང་གཡུང་དྲུང་དར་རྒྱས་གླིང་སོགས་ཀྱི་ལྷ་སྡེ་ཁག་རྣམས་ཡིན།བཞི། སྟོད་པོའམ་དྭགས་པོའི་ཁོག་ཞེས་པ་ནི། སྟོད་པོ་ལ་སི་ཁྲོན་ཞིང་ཆེན་མེན་ཡཱང་གྲོང་ཁྱེར་ཕིན་ཝུའུ་རྫོང་ཁོངས་ཀྱི་སྟོད་པོ་དང་ཀན་སུའུ་སྟོད་པོ། གཟི་རྩ་སྡེ་དགུ་རྫོང་ཁོངས་ཀྱི་སྟོད་པོ་སོགས་ཡོད། འོན་ཀྱང་དེ་དག་ཚང་མའི་ཡུལ་སྲོལ་གོམས་གཤིས་དང་སྐད་རིགས་སོགས་གཅིག་པ་གཅིག་རྐྱང་ཡིན། གཞན་ཡང་ཁོག་འདིའི་མིང་འབྲི་སྟངས་ཐད་ལ་སྔོན་གྱི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་མི་འདྲ་བ་ཁག་གཅིག་འདུག་སྟེ། མཁས་དབང་དཔལ་ཚུལ་གྱིས་བརྩམས་པའི་བསྟན་འབྱུང་དང་དམུ་དགེ་བསམ་གཏན་གྱིས་མཛད་པའི་《ཀུན་དགའ་མེ་ལོང་།》 མཁར་རྨེའུ་བསམ་གཏན་གྱིས་བརྩམས་པའི་《མདོ་སྨད། བོད་ཆོལ་ཁ་གསུམ།》སོགས་སུ་སྟོད་པོ་དང་། ཏོ་པོ། དོལ་པོ། རྟོལ་པོ། བོད་དམག དྭགས་པོ་སོགས་འབྲི་སྟངས་མི་འདྲ་བ་འགའ་འདུག དེར་མ་ཟད་ཡུལ་དེའི་མི་རྣམས་ནི་སྔ་ཞང་ཞུང་གི་དུས་རབས་སམ་མི་ལོ་སྟོང་ཕྲག་གཅིག་གི་ཡར་སྔོན་ནས་ཞང་ཞུང་དང་ཡར་ཀླུང་སོགས་ནས་བརྒྱུད་པའི་བོད་རིགས་ཡིན་པ་དང་བོད་པའི་ཁྱད་ཆོས་སོགས་མ་ཉམས་པར་གནས་ཡོད། གཟི་རྩའི་སྟོད་པོ་ལ། སྨད་བཀྱག་གྲོང་སྡེ། འོད་ཟེར་གྲོང་སྡེ་སོགས་གྲོང་སྡེ་བཅོ་བརྒྱད་ཡས་མས་ཡོད་པར་གྲགས། དེ་ལྟར་ཡུལ་ཁག་བཞི་ཡི་མི་བརྒྱུད་ནི་སྔ་ཞང་ཞུང་ངམ་སྟོད་མངའ་རིས་ས་ཁུལ་ནས་བརྒྱུད་པ་ཡིན། གཞན་ཁོད་པོའམ་ཁོད་སྤུངས་ཟེར་བ་ཡང་ཞང་ཞུང་གི་རུས་བརྒྱུད་ཡིན་སྟེ། དཔེར་ན་ཞང་ཞུང་ཡུལ་དུ་སྐུ་འཁྲུངས་པའི་གཡུང་དྲུང་བོན་གྱི་བླ་ཆེན་ཁོད་སྤུངས་བློ་གྲོས་ཐོགས་མེད་དང་། ཁོད་སྤུངས་དྲན་པ་ནམ་མཁའ་སོགས་གྲུབ་ཆེན་དུ་མར་བྱོན་མྱོང་ཡོད། ཁྱད་པར་དུ་རྫོང་འདི་ལ་མི་ལོ་ཆིག་སྟོང་ལྷག་གི་ཡར་སྔོན་ནས་ཕེབས་པའི་གྲུབ་ཐོབ་རིག་འཛིན་རི་སྐེད་དྲང་སྲོང་ཉི་མ་འོད་ཟེར་ཚང་ཞུ་བ་ཡང་ཞང་ཞུང་(དེང་མངའ་རིས་ས་ཁུལ།)ཡུལ་ནས་ཡུལ་ལུང་འདིར་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་བསྐྱངས་ཏེ་འཁོར་སློབ་བརྒྱུད་པ་ལ་ཡང་རི་སྐེད་ཚང་དང་ཆུ་འབྲུག་ཚང་། ཕར་ཕྱིན་ཚང་། བོན་མཁར་ཚང་བཅས་ཕྱེས་ཏེ་ད་བར་བརྒྱུད་པ་མ་ཆད་པར་གནས་ཏེ་བསྟན་འགྲོའི་དོན་མཛད། རྫོང་འདི་ལ་དགོན་སྡེ་གྲགས་ཅན་གཟི་རྩ་རབ་དབེན་དགོན་བཀྲ་ཤིས་ཕུན་ཚོགས་གླིང་དང་། ཁོད་པོ་གཡུང་དྲུང་དར་རྒྱས་གླིང་། ས་ཡུལ་དགོན་བཀྲ་ཤིས་ཕུན་ཚོགས་གླིང་། བཀྲ་ཤིས་མེ་ཏོག་གླིང་། རྩུབ་མ་སྟག་སྐྱང་གཡུང་དྲུང་དར་རྒྱས་དགོན་སོགས་ཡོད་ཅིང་། གནས་ཆེན་རྫ་ཕྱུག་བྲག་དཀར། མཛེས་ལྗོངས་ཀླུ་གཉན་གསེར་མཚོ། གཟི་རྩ་སྡེ་དགུའི་མཛེས་ལྗོངས་སོགས་ནི་འཛམ་གླིང་མཛེས་ཁུལ་གྲགས་ཅན་གྱི་གྲས་སུ་བཙུད་ཡོད། ལོ་རེའི་སྤྱི་ཟླ་5པ་ནས་སྤྱི་ཟླ་11བར་ལ་ཉིན་རེ་ཡུལ་སྐོར་བ་ཁྲི་ཕྲག་འགའ་རེ་གཟིགས་སྐོར་ལ་ཡོང་བཞིིན་ཡོད། དགུན་ཁ་ལ་ཡང་ཉིན་རེར་ཡུལ་སྐོར་བ་སྟོང་ཕྲག་ཁ་ཤས་རེ་ཡོད།


གཟི་རྩའི་དཔེ་རྙིང་འཚོལ་བསྡུར་ཕྱིན་པའི་སྐོར།

   

  2015ལོའི་ཟླ་བ་7པའི་ཚེས་10ཉིན་ནས་ཚེས་15ཉིན་བར་ཉིན་ལྔའི་རིང་ལ་ཁོད་སྤུངས་གཡུང་དྲུང་དར་རྒྱས་དགོན་པའི་མཆོག་སྤྲུལ་རི་སྐེད་ཚང་དབང་རྒྱལ་ཚེ་རིང་དང་བླ་མ་ཤེས་རབ་རིན་ཆེན། རྔ་བ་སྣང་ཞིག་དགོན་པའི་གདོང་བསོད་བཀྲ། གུས་པ་བཅས་ང་ཚོ་མི་སྣ་བཞི་ལྷན་དུ་གཟི་རྩ་སྡེ་དགུའི་ཁོག་དང་ཁོད་སྤུངས་སྡེ་བརྒྱད་ཁོག སྟོད་པོའི་ཁོག་བཅས་ཀྱི་གྲོང་སྡེ་ཁག་གཅིག་ལ་སོང་སྟེ་ཡུལ་དེའི་དུད་ཁྱིམ་ཁག་གིས་ཉར་ཚགས་བྱས་ཡོད་པའི་དཔེ་རྙིང་སྐོར་ཞིག་ལ་ཞིབ་འཇུག་གི་ཕྱོགས་ཅུང་ཙམ་ཞིག་གནང་བའི་གོ་སྐབས་བྱུང་བ་མ་ཟད་དེ་དག་གི་ནང་ནས་གལ་ཆེ་བའི་རིགས་དང་དཀོན་པའི་རིགས་ལྡེབ་མ་སྟོང་ཕྲག་འགའ་ཞིག་པར་བླངས་ཏེ་ཉར་ཚགས་བྱེད་པའི་སྐལ་བ་བྱུང་།



   

    དེ་ཡང་ཁོད་སྤུངས་སྡེ་བརྒྱད་ཀྱི་ནང་ཚན་ཁྱུང་ཁྱག་གྲོང་སྡེའི་ཚེ་རིང་ཡག་ཚང་དང་གཡག་འབྲུག་ཚང་། དོན་གྲུབ་ཚང་། ཉི་ཁོ་ཚང་བཅས་དང་དེ་ནས་གླང་ལྕེ་སྐལ་བཟང་ཉི་མ་ཚང་། ཟངས་ལྕགས་སྡེ་བའི་གསང་དྲག་སྐྱབས་ཚང་། ཁྱུང་ཡག་རི་རྐེད་རྒྱ་ཐར་ཚང་། སྟོད་པོ་ཁོག་གི་སྨད་བཀྱག་དང་འོད་ཟེར་སྡེ་བ་སོགས་ཀྱི་ཁྱིམ་ཚང་གི་ཡིག་རྙིང་པོད་བརྒྱ་ལྷག་དངོས་སུ་ལག་སོན་བྱུང་བའི་རིགས་ནི། བོད་རང་ས་རང་ཡུལ་གྱི་མེས་པོ་སྐུ་དྲིན་ཅན་ཚོའི་ཤེས་རབ་ཀྱི་རྩལ་ལས་འཁྲུངས་པའི་བོན་གྱི་རིག་པའི་ཉིང་ཁུ་ལྟ་བུའི་རིག་གཞུང་ལུགས་ཁོ་ན་རེད། དཔེ་རྙིང་འདི་ཚོ་ཕར་ཆེར་ཏུན་ཧོང་ཡིག་རྙིང་གི་རྣམ་པ་དང་ཆ་འདྲ་ས་ཅུང་འདུག་ལ། དཔེ་རྙིང་འདི་དག་གི་ནང་ནས་ཁ་ཤས་ནི་སྲིད་པ་ཆགས་རབས་དང་འགའ་ཤས་ནི་བོན་གྱི་གནམ་རིག་སྐར་རྩིས་སྐོར། ཡང་འགའ་ཤས་སྟོན་པ་གཤེན་རབ་མི་བོ་ཆེས་ཐེག་དམན་གདུལ་བྱ་རྣམས་ཀྱི་དོན་དུ་བསྟན་པའི་ཀོང་ཙེའི་གཏོ་མདོས་སུམ་བརྒྱ་དྲུག་ཅུའི་ནང་ནས་ཁ་འཐོར་དུ་གྱུར་བའི་དཔེ་རྙིང་སོགས་མང་བོ་འདུག དཔེ་རྙིང་འདི་དག་གི་ཤོག་གུ་ལ་ཞིབ་དཔྱོད་བྱས་ན་༽མི་ལོ་སྟོང་ཕྲག་ཡས་མས་ཕྱིན་པའི་ཤེས་རྟོགས་བྱུང་། དཔེར་ན། དཔེ་རྙིང་ཁ་ཤས་ཀྱི་ཤོག་གུ་ནི་སྲིན་བལ་ལྟ་བུའི་རྣམ་པ་ཅན་རེད་འདུག་པས། འདི་དག་ཚན་རིག་ཞིབ་འཇུག་གིས་བརྟག་དཔྱོད་གནང་བའི་རེ་སྒུག་ཆེ།



     

 

   ཡང་གཅིག་བཤད་ན་འདི་དག་ནི་བོན་གྱི་གནའ་རབས་ལ་དགའ་བའི་ཞིབ་འཇུག་པ་དག་ལ་གསེར་ལས་ལྷག་པའི་རིན་པོ་ཆེ་ཞིག་ཡིན་ལས་ཆེ་སྙམ། སྲིད་པའི་བོན་བཞིའམ་རྒྱུ་ཐེག་གི་བོན་བཞིའི་ལྟ་སྤྱོད་དང་། ཁྱད་པར་གནའ་བོའི་བོན་གྱི་གཏོ་རྩིས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་དང་སློབ་སྦྱོང་གནང་མཁན་དག་གིས་དཔེ་རྙིང་འདི་དག་ལ་ཞིབ་འཇུག་དང་གཟིགས་རྟོག་སོགས་གནང་ན་བོད་གནའ་རབས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཤེས་རིག་ལ་ཕན་འབྲས་ཐོན་ངེས་རེད་བསམ་པའི་ཚོར་སྣང་བྱུང་ལ། གཞན་ཡང་དཔེ་རྙིང་འདི་དག་ལས་ཁ་ཤས་ནི་ཡུལ་ལུང་གཞན་དང་དེ་སྔོན་ཡོངས་ཁྱབ་ཏུ་མ་སོང་བའི་མ་ཕྱི་རེ་ལས་ལྷག་མེད་པའི་རྩ་ཆེན་དཔེ་རྙིང་ཡིན་པས་ཉར་ཚགས་དང་འགྲེམ་སྤེལ་སོགས་མ་གནང་ཚེ་འདིའི་རིགས་རྩ་ཉམས་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་བས་བདག་སྐྱོང་བྱེད་པ་གལ་ཆེ་སྙམ། དེ་ལྟར་ང་ཚོ་མ་འོངས་པ་ལ་ཡང་དུས་སྐབས་དང་བསྟུན་ནས་མུ་མཐུད་དེ་ཡུལ་ལུང་འདི་དག་གི་གྲོང་སྡེ་གཞན་དག་གི་དུད་ཁྱིམ་རྣམས་ནས་ཉར་ཚགས་གནང་བའི་ཡིག་རྙིང་ཁག་ལ་ཞིབ་འཇུག་དང་འཚོལ་བསྡུ་སོགས་བྱེད་རྒྱུའི་འཆར་གཞི་ཡོད་ལ། གཞན་ད་རུང་ང་ཚོར་ཆ་རྐྱེན་སོགས་ལེགས་འཛོམས་བྱུང་ཚེ་གལ་ཆེ་བའི་ཡིག་རྙིང་རྣམས་རྒྱལ་ཕྱི་ནང་གི་མཁས་དབང་ཞིབ་འཇུག་པ་རྣམས་ཀྱི་གཟིགས་རྟེན་དུ་《གཟི་རྩའི་དཔེ་རྙིང་ཕྱོགས་བསྒྲིགས།》ཞེས་པའི་དེབ་ཚོམས་ཁག་ཅིག་ཚད་ལྡན་གྱི་དཔེ་ཁང་ནས་པར་བསྐྲུན་བྱེད་པའི་འཆར་གཞི་སོགས་ཡོད། ། 


上一篇:༄༅།། བོད་ནུབ་ཀྱི་གནས་མཆོག མཐོ་སྒང་གི་མངའ་རིས།—— མངའ་རིས་ཀྱི་རང་བྱུང་བཀོད་པ་པར་དུ་བླངས་པ་མིག་ཡིད་དགའ་སྟོན།

下一篇:༄༅།། ཆབ་མདོའི་ཁ་རབ་གནའ་ཤུལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2111031 位访客