༄༅།། སྡེ་དགེ་པར་ཁང་།

发布时间:2017-12-08 02:32:46

 

● པར་ཁང། 
     སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་བྱ་བ་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྤྱི་ལོ་1729ལོར་སྡེ་དགེ་རྒྱལ་པོའི་གདུང་རབས་ཞེ་ལྔ་པ་དང་། སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ། ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གིས་ཨ་ལོ་དཔལ་འབྱོར་དགོན་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆོས་རྒྱལ་ཉིད་ཀྱིས་ཐུགས་བཞེད་ལྟར་སྒྲུབས་ཤིང་། ཤིང་དང་པར་བརྐོའི་མཐུན་རྐྱེན་ཁོང་གིས་སྒྲུབ་ཆོག་ཅེས་སྐུལ་བ་དང་། དགེ་མཚན་ལ་བརྟག་དཔྱད་ནན་ཏན་མཛད་དེ་སྡེ་བཞི་དགེ་བཅུའི་རབ་ཏུ་འབྱོར་བའི་གནས་དཔལ་ལྡན་ལྷུན་གྲུབ་སྟེང་དུ་བཞེངས་རྒྱུའི་ཐུགས་ཐག་བཅད་དེ་ཧོར་ཟླ་གཉིས་པའི་ཚེས་བཟང་ཉིན་རྨང་བཏིང་། རྒྱལ་བའི་བཀའ་འགྱུར་མཚལ་པར་གསར་བཞེངས་ཀྱི་ལས་གྲྭ་དངོས་སུ་དབུ་ཚུགས། སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་དངོས་ནས་ཞུ་དག་པའི་ཁུར་བཞེས་ནས་དཔེ་རྒྱུན་རྙིང་བ་ཁུངས་བཙུན་འགའ་ལ་དཔེ་བསྡུར་བྱས་ཏེ། རིག་པར་སྨྲ་བའི་བློ་ལྡན་དུ་མ་དང་ལྷན་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་1730ལོའི་ཟླ་2པའི་ཚེས་3ཉིན་ཞུ་དག་བྱ་རྒྱུའི་དབུ་ཚུགས། པར་རྐོ་མཁན་ཆིག་སྟོང་ཙམ་གྱི་ནང་ནས་ཡང་དུ་ཕུལ་བྱུང་པར་རྐོ་བ་བཞི་བརྒྱ་གདམས་གསེས་བྱས་ཏེ་པར་རྐོ་རྒྱུའི་དབུ་བརྩམས། དེ་དག་གིས་ཀྱང་བདེ་ལས་དང་མགྱོགས་མ་ཙམ་མ་ཡིན་པར་མི་རེས་ཉིན་རེ་ལ་ལྡེབ་ངོས་རེ་ལས་རྐོ་མི་ཆོག་པའི་བཅའ་ཁྲིམས་བཞག་ནས་ཟབ་ཚད་ཀྱང་ངེས་པར་གཏན་ལ་ཕབ། ཆོས་རྒྱལ་གང་གི་རྟེན་བཀའ་འགྱུར་རོ་ཅོག་མཚལ་གྱི་པར་དུ་བཞེངས་གྲུབ་ནས། བཞུགས་སུ་གསོལ་བའི་བརྟེན་པ་གཙུག་ལག་ཁང་བཅས་ལེགས་པར་བསྐྲུན་ཏེ་དེང་གི་དུས་སུའང་གཟི་བྱིན་འབུམ་ཕྲག་འབར་བཞིན་བཞུགས་པ་དང་། གཞན་ཡང་པར་ཤིང་དང་ཤོག་བུ། སྣག་ཚ་སོགས་བཟོ་མཁན་དང་། ཞུ་དག་མཁན། བྲིས་མཁན། རྐོ་བཙུགས་མཁན། གཡོག་མཁན་བཅས་མི་གྲངས་བརྒྱ་ལ་ཉེ་བ་ནས་ལོ་གྲངས་ལྔའི་རིང་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་པོད་བརྒྱ་དང་གསུམ་ལེགས་བྱས་པར་དུ་བསྐྲུན་ཐུབ་པར་བྱུང་།

● པར་ཤིང་ཉར་ཚགས་ཁང་།

     སྡེ་དགེ་རྒྱལ་པོའི་རྒྱལ་རབས་བཅུ་གསུམ་པ། ཀུན་དགའ་འཕྲིན་ལས་རྒྱ་མཚོའི་ལུང་བཟང་སྤྱི་བོར་བཅིངས་ནས་མཁས་བཙུན་གྲུབ་པའི་རྗེ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་ཞལ་སྔ་ནས་དང་། རྗེ་བཙུན་ནམ་མཁའ་བཟང་པོས་མཚོན་པའི་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་པ་འོས་པའི་སུམ་ལྡན་རྡོ་རྗེ་འཛིན་པ་དུ་མས་ཀྱེ་རྡོ་རྗེར་བརྟེན་པའི་སའི་ཆོ་ག་དང་གཏེར་བཞུགས། རྩིས་གཞུང་ལ་བསྟུན་ནས་བཅོས་སྒྲིག་དགོས་པ་རྣམས་རྩིས་སྨྲ་བའི་དམ་པ་རྣམས་ཀྱིས་ལེགས་པར་བསྒྲུབས་ཏེ། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་ལོ་སྟེ་1744ལོར་འགོ་བརྩམས། སྡེ་དགེའི་མངའ་འོག་ནས་མི་གྲངས་བཞི་བརྒྱ་ཙམ་གྱིས་ལོ་གྲངས་གསུམ་ལྷག་གི་རིང་ལ་སྔར་ཡོད་བཀའ་འགྱུར་ཁང་ལ་རྒྱ་བསྐྱེད་ཀྱིས་བསྟན་འགྱུར་ཁང་བཟོ་བསྐྲུན་ཡོངས་སུ་གྲུབ་སྟེ། ཕྱི་ལོ་ནས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་དང་སངས་རྒྱས་ལྷ་དབང་གཙོས་ལྷ་རིས་མཁས་ཅན་སོགས་ཉེར་མཁོ་བ་ཆིག་བརྒྱ་སུམ་ཅུ་སོ་དྲུག་བཅས་ཀྱིས་བར་ལྷོད་མེད་པར་འཆི་བ་མེད་པའི་ཡུལ་གྱི་ལྷ་བཟོ་བ་བི་ཤྭ་ཀརྨའི་ལག་རྩེ་ལས་འཁྲུངས་པ་ལྟ་བུའི་གཞལ་ཡས་ཁང་བཟང་རྒྱན་དང་བཅས་པ་གསར་དུ་བསྐྲུན་པའང་ལེགས་པར་མཐར་ཕྱིན་ཏེ། རབ་བྱུང་གསུམ་པའི་ལྕགས་ཕོ་རྟ་ལོ་སྟེ་སྤྱི་ལོ་1750ལོའི་ཟླ་བ་2པར་དགེ་སློང་རྡོ་རྗེ་འཛིན་པ་ལྔ་བཅུ་ཙམ་གྱིས་རབ་ཏུ་གནས་པར་མཛད། མཚན་ལ་གཙུག་ལག་ཁང་དམ་པ་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་བྱ་བ་གསོལ། དེ་དང་དུས་མཚུངས་སུ་ཞ་ལུའི་གསེར་ཁང་བསྟན་འགྱུར་གྱི་དཔེ་གཙོ་བོར་བྱས་པའི་སེ་ར་དང་། འབྲས་སྤུངས། ར་ས་འཕྲུལ་སྣང་། འཕྱོང་རྒྱས་སོགས་ན་བཞུགས་པའི་ཕྱི་མོ་རྣམས་གཅིག་ཏུ་བསྡུས་པ་དང་། དེ་རྣམས་སུ་མ་བཞུགས་པའི་གསར་འགྱུར་གྱི་མདོ་སྔགས་རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་རྣམ་གྲངས་བདུན་བརྒྱ་བརྒྱད་ཅུ་ཙམ་བསྣན་ཏེ་ཁྱོན་བསྡོམས་ཆོས་ཀྱི་གྲངས་བཞི་སྟོང་ཉིས་བརྒྱ་དགུ་བཅུ་ཙམ་བཞུགས་པར་གངས་ལྗོངས་ཀྱི་མཁས་ཚོགས་ལྷན་འཛོམས་ཀྱིས་ཞུ་དག་བགྱིས་པ་དང་། དེ་དག་གི་མ་དཔེར་བྱས་པའི་སི་ཏུ་ཆོས་འབྱུང་གིས་བཞེངས་པའི་དཔེ་དང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་བཞེངས་པའི་དཔེ་སོགས་ལ་བསྡུ་གཞི་མ་དཔེར་བྱས་ནས། ཞུ་ཆེན་མ་ཧཱ་པཎྚི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་ཞུ་དག་ལན་མང་བྱས་པ། མཁས་བཙུན་སྐྱེས་བུ་ཉེར་ལྔ་དང་ལྷན་དུ་དབྱར་ངོ་གཉིས་བཅས་བསྡོམས་པས་ལོ་ལྔའི་རིང་པར་གཞི་ལེགས་པར་གྲུབ་པའོ། པར་རྐོས་ཤིན་ཏུ་ལེགས་པོ་མི་ལྔ་བརྒྱ་ཐམ་པས་ལོ་དྲུག་གི་ནང་དུ་ལེགས་གྲུབ་བྱུང་བའི་བསྟན་འགྱུར་རིན་པོ་ཆེ་འཛམ་གླིང་རྒྱན་གཅིག་པར་ཤིང་གི་ཐོག་ཁོ་ན་ལའང་ཞུ་དག་ཐེངས་བཞི་བྱས་པ་བཅས་ཀྱིས་མཚོན། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ་1742ལོའི་གནམ་ལོ་གསར་ཚེས་ཤར་བ་ལ་པོད་གྲངས་ཉིས་བརྒྱ་བཅུ་གསུམ་གྱི་པར་ཤིང་ཡོངས་སུ་བརྐོས་གྲུབ་ནས་འཛམ་གླིང་ཐོག་འགྲན་ཟླ་བྲལ་བའི་བསྟན་འགྱུར་རིན་པོ་ཆེའི་གསུང་པར་ཡིད་རྟོན་ཆོག་པ་འདི་ཉིད་བཞེངས་གྲུབ་པའོ། གཞན་ཡང་མ་ཎི་བཀའ་འབུམ་དང་། པདྨ་བཀའ་ཐང་། མདོ་སྡེ་བསྐལ་བཟང། རྒྱལ་ཡུམ་སྟོང་ཕྲག་བརྒྱ་བ། ཀླུ་འབུམ་དཀར་ནག་ཁྲ་གསུམ། བཻཌཱུར་དཀར་པོ་དང་སྔོན་པོ། གཡལ་སེལ། སྙན་ངག་དཎྜིའི་དགོངས་རྒྱན་བཅས་ཀྱི་པར་ཤིང་གསར་དུ་བཞེངས་གནང་མཛད་པའོ། ། དེའི་རྗེས་སྡེ་དགེ་རྒྱལ་པོའི་རྒྱལ་རབས་བཅུ་བཞི་པ་ཆོས་རྒྱལ་ཁྲི་རབས་བརྒྱད་པ་བློ་གྲོས་རྒྱ་མཚོས་ཡབ་མེས་ཀྱི་མཛད་བཞེད་རྒྱུན་མཐུད་བྱས་ནས། མེ་ཕོ་བྱི་བ་སྟེ་སྤྱི་ལོ་1756ལོར་པར་ཁང་ཆོས་མཛོད་ཆེན་མོ་སྔར་ཡོད་ཐོག་ལ་གཡས་གཡོན་ཟུར་གཉིས་སུ་རྟེན་གྱི་ཟུར་རྒྱན་གཙུག་ལག་གསར་བཞེངས་གྲུབ་པ་དང་། རྗེས་སུ་མཛོད་བདུན་དང། ཞུ་ཆེན་བཀའ་འབུམ་སོགས་པོ་ཏི་ལྔ་བཅུ་ཙམ་གྱི་པར་ཤིང་ལེགས་པོ་གསར་དུ་བརྐོས། དེ་ལྟར་སྡེ་དགེ་རྒྱལ་རབས་བཅུ་གཉིས་པ་དང་། བཅུ་གསུམ་པ། བཅུ་བཞི་པ་བཅས་ཀྱི་སྐུ་རིང་ལ་འཁོར་འབངས་ཁྲི་སྟོང་མང་པོས་ཕ་རྗེས་བུ་འཛིན་དང་། བླ་སྲོག་རྗེས་མཐུད་ཀྱི་སྡེ་དགེའི་བོད་རིགས་མི་དམངས་ལས་ལ་བརྩོན་ཞིང་འབད་འབུངས་ཆེ་བ་དང་བློ་གྲོས་རྩལ་ལས་འཁྲུངས་བའི་པར་ཁང་ཆོས་མཛོད་ཆེན་མོ་འདི་ཉིད་དད་ལྡན་ཡོངས་ཀྱི་ཚོགས་བསགས་བསོད་ནམས་ཀྱི་ཞིང་དུ་བསྐྲུན་ནས་ད་ལྟའི་བར་གནས་ཐུབ་པར་བྱུང་བའོ། །

   ● སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་། 
        དེ་རྗེས་ས་དབང་བདེ་དགའ་བཟང་པོ་ཞིང་དུ་གཤེགས་པ་དང་། ལྷ་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་སྐུ་ན་ཕྲ་བས་བཙུན་མོ་སྒ་རྗེ་ཚེ་དབང་ལྷ་མོ་ཉིད་ཀྱིས་རྒྱལ་ཚབ་བཟུང་སྟེ། རྙིང་མ་རྒྱུད་འབུམ་དང་། འཇིགས་གླིང་བཀའ་འབུམ་དང་། ངོར་ཆེན་བཀའ་འབུམ། དཀོན་ལྷུན་བཀའ་འབུམ་སོགས་པོད་གྲངས་མང་པོའི་པར་ཤིང་གསར་དུ་བརྐོས།

● པར་ཤིང་རྐོ་བཞིན་པ། 
      དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་དང་རྡོ་རྗེ་སེང་གེའམ་ཨ་ཇ་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་གསང་བདག་བློ་གཏེར་དབང་པོས་ཕྱོགས་བསྒྲིགས་བྱས་པའི་རྒྱུད་སྡེ་ཀུན་བཏུས་དང་། ཀུན་མཁྱེན་གོ་རམས་པའི་བཀའ་འབུམ། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་ཆོས་སྐོར། གཡག་སྟོན་སངས་རྒྱས་དཔལ་གྱི་བཀའ་འབུམ། དྭགས་པོའི་བཀའ་འབུམ། ཐོགས་མེད་བཀའ་འབུམ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཕྱོགས་བསྒྲིགས་བྱས་པའི་ལམ་འབྲས་རྣམ་འགྲེལ་དང་བཅས་པའི་པར་ཤིང་གསར་དུ་བརྐོས་པའོ། །

● ལྷ་པར་ཁང་།
                ལྷ་སྲས་ཚེ་དབང་བདུད་འདུལ་གྱི་སྐུ་རིང་ལ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ། མི་ཉག་ཀུན་བཟང་བསོད་ནམས་ཀྱི་གསུང་འབུམ་སོགས་པར་ཤིང་གསར་དུ་བརྐོས་ནས། སྔ་ཕྱི་རྒྱལ་རབས་རིམ་བྱོན་གྱིས་པར་དུ་བརྐོས་པའི་པར་ཤིང་གི་གྲངས་ནི་ལྡེབ་ཚད་རིང་ཐུང་ཁྱོན་སྡོམ་ཁྲི་ཉི་ཤུ་རྩ་གཉིས་ལ་ཉེ་བར་བཞུགས་ཡོད་པ་བཅས་སོ། །

● པར་ཤིང་གསར་པར་མར་ཁུ་བྱུག་བཞིན་པ། 
      ལོ་རབས་བརྒྱད་ཅུ་པ་ཚུན་ཆད་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་རབ་དང་རིམ་པ་མངོན་གྱུར་བྱས་པ་དང་བསྟུན། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ཡང་སྔ་རྗེས་སུ་ཉམས་གསོ་བྱས་པ་དང་ལྷན་དུ། པར་འཐོར་བ་དང་དཔེ་དཀོན་པོའི་ཡིག་ཚོགས་ཀྱི་པར་གཞིའི་པར་ཤིང་གསར་རྐོ་བྱ་རྒྱུའི་ལས་དོན་གྱི་དབུ་བརྩམས། ལོ་རབས་བརྒྱད་ཅུ་པའི་ལོ་འགོ་ནས་སྤྱི་ལོ་2009ལོའི་བར་པར་ཤིང་གསར་དུ་བརྐོས་པའི་གྲངས་ཁྲི་དྲུག་ལ་ཟིན་ཡོད་ཅིང་པར་གསར་བརྐོས་འདིས་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་པར་ཁང་དུ་བཞུགས་སུ་གསོལ་བའི་པར་ཤིང་རྙིང་པའི་ལྡེབ་གྲངས་སྡོམ་འབོར་གྱི་བརྒྱ་ཆ་སུམ་ཅུ་ལ་ཉེ་བར་ཟིན་པ་རེད།
   ལོ་རབས་དགུ་བཅུ་པ་ནས་བཟུང་པར་ཁང་གིས་པར་འདེབས་ཀྱི་ལས་ཀའི་བྱ་བ་ཇེ་ཉུང་དུ་བཏང་ནས། ལས་ཀའི་གཙོ་བོ་རིག་དངོས་དོ་དམ་བྱ་བ་དམ་འཛིན་བྱས་པ་དང་། 1999ལོ་ནས་བཟུང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་སྤྲོ་འཆམ་ལས་སྒོ་དར་སྤེལ་གཏོང་བ་དང་ཆབས་ཅིག པར་ཁང་ཡང་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་སུ་གྱུར་ནས་ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་ཞེས་པའི་མཚན་སྒྲོན་ཕུལ་ནས་ཡུལ་སྐོར་སྤྲོ་འཆམ་ལ་སྔོན་མེད་ལེགས་སྐྱེས་བཟང་པོ་འབུལ་བཞིན་ཡོད་པ་རེད།

   སྡེ་དགེ་པར་ཁང་སྔ་རྗེས་སུ་1980ལོ་དང་1986ལོ་ལ་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་བཞག་པ་དང་། 2007ལོར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་དངོས་ཤུལ་བཞག་གི་གྲས་སུ་བཞག ། 

● པར་ཟིན་པའི་དཔེ་ཆ།


上一篇:༄༅།།བོད་ཁུལ་གྱི་ཆེས་སྔ་བའི་སངས་རྒྱས་ཀྱི་སྐུ་རྟེན་བྲག་བརྐོས་མ།

下一篇:༄༅།། ཁམས་རི་བོ་ཆེའི་ཁྲ་འཁྱིལ་མའི་གཙུག་ལག་ཁང་གི་གེ་སར་གྱི་རིག་རྫས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038063 位访客