༄༅།།བོད་ཁུལ་གྱི་ཆེས་སྔ་བའི་སངས་རྒྱས་ཀྱི་སྐུ་རྟེན་བྲག་བརྐོས་མ།

发布时间:2017-12-08 02:30:54


● འུན་ཤིང་ཀོང་ཇོའི་ལྷ་ཁང་གི་རྟེན་གཙོ།

        ཉེ་ལམ། རང་རྒྱལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་ཡོད་པའི་སྐུ་རྟེན་བྲག་བརྐོས་མ་གཉིས་ལ་རྟོག་ཞིབ་བྱས། དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་སྐུ་རྟེན་བྲག་བསྐོས་མ་འདི་གཉིས་བཞེངས་པའི་དུས་ཚོད་ནི་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཏེ། ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་པའི་དུས་སྟོད(ཕལ་ཆེར་ཐང་ཞོན་ཙུང་གི་སྐབས)ཡིན། དེར་བརྟེན། འདི་ནི་བོད་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་རྟེན་བྲག་བསྐོས་མ་ཆེས་སྔ་ཤོས་ཡིན་པ་གསལ་ཐག་ཆོད་ཅིང་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས།
        དཀར་མཛེས་དང་ཡུལ་ཤུལ་གཉིས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གནའ་ཤུལ་དཔྱད་བསྡུར་ཞིབ་འཇུག་བྱ་ཆེད། ལོ་ན་བདུན་ཅུ་དོན་གསུམ་ཡིན་པའི་རྒྱའི་གནའ་རྫས་རྟོག་ཞིབ་པ་དེས་དཀའ་ཚེགས་ལ་མ་འཛེམས་པར་འབྲི་ཆུའི་གྲོང་རོང་གི་སྤྱི་ལེ་བརྒྱ་དང་སུམ་བཅུ་ལྷག་བརྒལ་ཏེ། ཡུལ་ཤུལ་ཁུལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་གནའ་ཤུལ་ལ་བརྟག་དཔྱད་དུ་ཕེབས། ལེགས་པ་ལུང་པའི་སུམ་མདོ་རུ་བཀའ་གདམས་པའི་ལུགས་ཀྱི་རྡོ་བརྩིགས་མཆོད་རྟེན་ཞིག་བཞེངས་ཡོད། མཆོད་རྟེན་ཅུང་ཟད་ཞིག་རལ་དུ་གྱུར་ཡོད་ཀྱང་། སྦོམ་ཞིང་རིང་བའི་བང་རིམ་དང་མཆོད་རྟེན་གྱི་ལྟོ་བུམ་སོགས་ལ་བལྟས་ན་འདི་ནི་རྒྱལ་ཡོངས་ནས་ཆེས་རྙེད་པར་དཀའ་བའི་བསྟན་པ་ཕྱི་དར་སྐབས་ཀྱི་མཆོད་རྟེན་ཞིག་ཡིན། ཕལ་ཆེར་སྤྱི་ལོ་དུས་རབས་བཅུ་གཉིས་པའི་ནང་དུ་བཞེངས་པ་ཡིན་པས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས་དེར་སྲུང་སྐྱོབ་དང་མཐོང་ཆེན་བྱེད་རོགས་ཞེས་བསམ་འཆར་བཏོན།

ལེགས་པ་ལུང་པའི་བོད་ཁུལ་གྱི་ཆེས་སྔ་བའི་བྲག་ངོས་ཀྱི་སྟོན་སྐུ་བརྐོས་མ།


        གནའ་བོའི་མཆོད་རྟེན་དེའི་བྱང་ཕྱོགས་ཀྱི་བྲག་ངོས་སུ་སྐུ་ཆ་མཉམ་པ་གཉིས་ཐིག་རིས་སུ་བརྐོས་འདུག། ཆར་རླུང་གིས་ཟད་ཀྱང་སྤྱིའི་ཆ་ནས་སྐྱོན་ཆེན་པོ་བཟོས་མེད། གཡོན་ཕྱོགས་སུ་སྟོན་པ་སེང་ཁྲི་པདྨའི་ཟླ་ཅན་ལ་བཞུགས་ནས་ཆོས་འཁོར་བསྐོར། སྐྱིལ་ཀྲུང་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་གཉིས་གཡས་གཡོན་ཕྱོགས་རེ་རེར་བཞུགས། གཡས་ཕྱོགས་ཀྱི་སྟེང་དུ་རྣམ་གསུམ་དག་པའི་དགེ་སློང་གིས་ཕྱག་སོར་ཐལ་མོར་སྦྱར་ནས་ཆོས་ལ་ཉན། གཡས་ཕྱོགས་ཀྱི་འོག་ཏུ་ཆོས་ལ་ཉན་དུ་ཡོང་བའི་སེང་གེ་མགོ་གསུམ་ཅན་དང་ར་མ། རྟ་དང་རི་དྭགས་སེམས་ཅན་སོགས་ཡོད། བྲག་རིའི་ངོས་གང་བོར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲོལ་བའི་ཆོས་ཀྱི་སྙིང་པོ་རབ་ཏུ་གསལ། གཡས་ཕྱོགས་ཀྱི་བྲག་བརྐོས་སུ་ཇོ་བོ་ཤཱཀྱ་མུ་ནེ་དྲང་མོར་བཞུགས་པའི་སྐུ་ཞིག་བཞེངས་ཡོད། ཕྱག་ཏུ་བུམ་པ་བསྣམས་པར་ལོ་མ་གསུམ་ཡོད། དེས་དཀོན་མཆོག་གསུམ་པོ་མཚོན། ཕྱག་གཡོན་པ་དྲང་མོར་མར་བསྲིངས། ལག་མཐིལ་ཁ་ཕྱིར་འཁོར་ཏེ་ཕྱག་རྒྱ་བྱས། དེས་སེམས་ཅན་གྱི་སྨོན་ལམ་གང་བཏབ་ཡིད་བཞིན་དུ་འགྲུབ་པ་མཚོན། བུམ་པ་མཆོག་གསུམ་གྱིས་དཀོན་མཆོག་གསུམ་མཚོན། དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས། ལུའོ་དབྱང་ལུང་མེན་བྲག་ཁུང་གི་མེ་འབར་བྲག་ཁུང་དུ་ཡང་རི་མོ་འདི་ལྟ་བུ་ཡོད་པ་དང་། དེ་ནི་ཝེ་རྒྱལ་རབས་བྱང་མའི་དུས་མཇུག་(སྤྱི་ལོ་དུས་རབས་དྲུག་པའི་དུས་འགོ)ཏུ་བཞེངས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཞིག་ཡིན། ལུང་མོན་བྲག་ཁུང་དུ་ཐང་རྒྱལ་རབས་འཕེལ་རྒྱས་ཀྱི་དུས་སྐབས(ཕལ་ཆེར་ཐང་ཞོན་ཙུང་གི་སྐབས)ཀྱི་སྐུ་བརྙན་མང་། ཏུན་ཧོང་བྲག་ཕུག་གི་ལྡེབས་རིས་རྒྱུ་ཆར་གཞིགས་ན་མི་རྣམས་ཀྱིས་ཤཱཀྱ་མུ་ནེའི་སྐུ་འདི་དག་ལ་ལྷག་ཏུ་དད་གུས་བྱེད། དེའི་ནང་ནས་ཀྱང་ཆེས་སྐད་གྲགས་ཅན་ནི་ལི་ཡུལ་གྱི་སྐུ་བརྙན་ཡིན། དད་ལྡན་པ་ཚོས་སྐུ་བརྙན་དག་གནས་ཤིག་ནས་གནས་གཞན་ཞིག་ཏུ་འཕུར་ཐུབ་པར་འདོད། ལེགས་པ་ལུང་པའི་སྐུ་བརྙན་འདི་དག་ཀྱང་ལི་ཡུལ(དེང་སང་ཞིན་ཅང་ཧོ་ཐེན་ས་ཁུལ)ནས་འཕུར་ཡོང་བ་ཡིན་ནམ་ཞེས་ཀུ་རེའི་ཚུལ་དུ་གསུངས།

        དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས། གོང་གི་མཆོད་གནས་སྐུ་བརྙན་དེ་གཉིས་ཀྱི་ཞལ་ཤིན་ཏུ་རྒྱགས་པར་ཐང་རྒྱལ་རབས་འཕེལ་རྒྱས་དུས་སྐབས་ཀྱི་ཁྱད་ཆོས་ལྡན། ནང་སའི་སྐུ་བརྙན་དང་མི་འདྲ་བའི་ཆ་ནི་སངས་རྒྱས་ཀྱི་ཟུར་ཕུད་སྟེང་དུ་ཀ་བེད་དབྱིབས་ཅན་གྱི་ནོར་བུ་ཆུང་ཆུང་ཞིག་ཡོད་པ་དེ་རེད་གསུངས།


        དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་བཞེངས་ཁྲིའི་གཡས་ཕྱོགས་སུ་ཡོད་པའི་ཡོན་བདག་དེ་ཚོར་ལྷག་པར་དུ་ཞིབ་གཟིགས་གནང་ཞིང་། སྟེང་དུ་མི་གསུམ་དང་འོག་ཏུ་མི་གཅིག་ཡོད། སྟེང་གི་མི་དེ་དག་གི་ཁྲོད་ནས་དང་པོ་ནི་སྐྱེས་པ་ཞིག་རེད། མགོ་ལ་མགོ་རྨོག་རྣ་ཁེབ་པ་ཐུ་བྷོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་གྱོན། ལུས་སུ་གོས་རིང་གོང་བ་རིང་པོ་ཞིག་གྱོན་པ་སོགས་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་ས་འོག་ནས་རྙེད་པའི་ཤིང་གི་རོ་སྒམ་སྟེང་བྲིས་པའི་བོད་མིའི་ཆ་ལུགས་དང་གཅིག་པ་གཅིག་རྐྱང་རེད། དེའི་རྒྱབ་ཕྱོགས་སུ་བོད་ལྭ་གྱོན་ཡོད་པའི་བུད་མེད་ཅིག་ཡོད། ཁོ་མོའི་ངོ་གདོང་ལ་རྒྱགས་ཤ་དོད་ཅིང་། ཐོད་པར་མེ་ཏོག(ཤིང་པདྨ་ཡིན་པ་འདྲ)བཙུགས་པ་མ་ཟད་ལག་ཏུ་ཡང་མེ་ཏོག་ཐོགས། ཡོན་བདག་གི་རི་མོ་འདིར་ཁྱིམ་གྱི་བཟའ་མི་གསུམ་པོ་དང་དགེ་སློང་ཚོས་མཉམ་དུ་སངས་རྒྱས་ལ་མཇལ་ཁ་ཞུ་བཞིན་པའི་གསོན་ཉམས་ལྡན་པའི་ཚུལ་བརྐོས་འདུག།
● ལེགས་པ་ལུང་པའི་སྐུ་རྟེན་བྲག་བརྐོས་མར་རྟོག་ཞིབ་བྱེད་བཞིན་པ།
        མིང་དུ་གྲགས་པའི«མགོ་བོར་མེ་ཏོག་བཏགས་པའི་བུད་མེད་ཀྱི་རི་མོ»ཞེས་པར་ཡང་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་སུ་བུད་མེད་ཚོས་མགོ་ལ་མེ་ཏོག་འདོགས་པའི་ཡུལ་སྲོལ་མངོན། ཡོན་བདག་ཁྲོད་མགོ་ལ་མེ་ཏོག་བཏགས་པའི་བུད་མེད་དེ་ནི་རྒྱའི་སྲས་མོ་ཞིག་བོད་ཀྱི་སྐུ་དྲག་ལ་མནའ་མར་སོང་བ་ཡིན་ཡང་སྲིད། རི་མོ་འདི་ནི་བོད་རྒྱའི་མཛའ་མཐུན་དང་བརྩེ་བ། གཉེན་སྒྲིག་ཉེ་ཚན་དུ་འདོད་པའི་ལོ་རྒྱུས་ཀྱི་རི་མོ་ཞིག་ཀྱང་རེད།
  དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་སྐུ་རྟེན་བྲག་བསྐོས་མ་འདི་གཉིས་བཞེངས་པའི་དུས་ཚོད་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་ཡིན་པར་ཐག་བཅད། ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་པའི་དུས་སྟོད(ཕལ་ཆེར་ཐང་ཞོན་ཙུང་གི་སྐབས)དུ་བཞེངས། དེར་གཞིགས་ན་ང་ཚོས་འདི་ནི་བོད་ཁུལ་གྱི་སངས་རྒྱས་ཀྱི་སྐུ་རྟེན་བྲག་བསྐོས་མ་ཆེས་སྔ་ཤོས་ཡིན་པར་ཐག་ཆོད་པ་དང་། དེར་དོན་སྙིང་ཆེན་པོ་ཡོད་པར་སེམས།

● ལེགས་པ་ལུང་པའི་སྐུ་རྟེན་བྲག་བརྐོས་སྐུ་བརྙན།
        འུན་ཤིང་ཀོང་ཇོའི་ལྷ་ཁང་གི་ལྡེབས་བཟོ་ནི་ད་སྔ་རང་རྒྱལ་དུ་གནས་པའི་ཉེ་སྲས་བརྒྱད་ཀྱི་དཀྱིལ་འཁོར་ཆེས་ཐོག་མ་ཡིན།
        ཉིན་དེར་མུ་མཐུད་དུ་འུན་ཤིང་ཀོང་ཇོའི་ལྷ་ཁང་ལ་བརྟག་དཔྱད་གནང་སྐབས་དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་འབུར་བརྐོས་ཀྱི་ལྷ་སྐུ་འདི་དག་ལ་གཟིགས་ཞོར་གནའ་བོའི་བོད་རིགས་མི་དམངས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་གཟེངས་བསྟོད་གནང། འདི་ནི་རྣམ་པར་སྣང་མཛད་དང་ཉེར་སྲས་བརྒྱད་ལས་གྲུབ་པའི་དཀྱིལ་འཁོར་རེད། ལྷ་སྐུའི་ཞལ་རས་གོར་ཞིང་ཟླུམ་པ། དབུ་ལ་གཙུག་གཏོར་གྱིས་བརྒྱན། ལུས་ལ་བོད་བཙན་པོའི་སྐབས་ཀྱི་གོང་བ་ཆེ་ཞིང་ཕྱིར་སློག་ཅན་དེ་གོན་ཡོད། གནའ་རྫས་རྟོག་ཞིབ་རིག་པའི་རྣམ་པ་རིག་པ་དང་འདྲ་རིས་རིག་པའི་དབྱེ་ཞིབ་ལྟར་ན། ལྷ་སྐུ་འདི་དག་ནི་ཕལ་ཆེར་དུས་རབས་དགུ་པའི་དུས་མགོར་བཞེངས་པར་འདོད།
● རྣམ་པར་སྣང་མཛད་ཀྱི་འབུར་བརྐོས་སྐུ་བརྙན།

        དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་ཉེ་སྲས་བརྒྱད་ཀྱི་དཀྱིལ་འཁོར་ནི་ཐང་རྒྱལ་རབས་ཀྱི་དམ་པ་མི་འཇིགས་པ་དང་རྡོ་རྗེ་སེམས་དཔའ། སྟོང་མིན་སོགས་ཀྱིས་གསང་བར་སྤེལ་བའི་སྔགས་རྒྱུད་ཀྱི་རི་མོ་ཡིན། ད་ལྟ་རྒྱལ་ནང་དུ་ཡོད་པ་ནི་ཕལ་ཆེར་དུས་རབས་དགུ་པའི་དུས་དཀྱིལ་དུ་བྱུང་བའི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་རྫོང་གི་ལྷ་སྐུ་དང་། ཀན་སུའུ་ཏུང་ཧོང་ཡུས་ལིན་བྲག་ཕུག་ནས་ཐོན་པའི(ཕལ་ཆེར་དུས་རབས་བཅུ་གཉིས་པ﹚མི་ཉག་སྐབས་ཀྱི་ལྡེབས་རིས་ཁ་མི་ཚང་བ་དེ་ཡིན་ཞེས་བཤད།

        དགེ་རྒན་ཆེན་མོ་ཝུན་ལགས་ཀྱིས་ལེགས་པ་ཁོག་གམ་འུན་ཤིང་ཀོང་ཇོའི་ལྷ་ཁང་གི་ལྷ་སྐུ་ལ་དབྱེ་ཞིབ་དང་ཞིབ་མཇུག་བྱས་ནས་དེ་ནི་བོད་བཙན་པོ་དུས་སྐབས་སུ་བཞེངས་པར་ཐག་བཅད་པ་མ་ཟད། ལྷ་སྐུའི་བྱུང་དུས་དང་རྣམ་པ། ཁྱད་ཆོས་སོགས་ལ་དབྱེ་ཞིབ་གསལ་པོ་མཛད་དེ་རིག་གཞུང་གི་ལམ་ནས་བདེན་དཔང་མཛད།། 


● འུན་ཤིང་ཀོང་ཇོའི་ལྷ་ཁང་གི་རྡོ་བརྐོས་སྐུ་བརྙན།

དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གི་ངོ་སྤྲོད་མདོར་བསྡུས།

        དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་མཆོག་ནི་ལུའོ་དབྱང་ལུང་མོན་བྲག་ཁུང་ཞིབ་འཇུག་སོའི་སོ་ཀྲང་སྔོན་གྲས་དང་ཞིབ་འཇུག་པ་རེད། ཁོས་སངས་རྒྱས་ཆོས་ལུགས་ཀྱི་གནའ་རྫས་རྟོག་ཞིབ་ལས་ཀ་གཉེར་ནས་ལོ་ངོ་ལྔ་བཅུ་ལྷག་སོང་། སངས་རྒྱས་ཆོས་ལུགས་རྟོག་ཞིབ་དང་འབྲེལ་བ་ཡོད་པའི་དཔེ་དེབ་བཅུ་གཅིག་བརྩམས་ཤིང་རིག་གཞུང་དཔྱད་རྩོམ་བརྒྱ་དང་བདུན་བཅུ་ལྷག་སྤེལ། ད་ལྟ་རང་རྒྱལ་གྱི་སངས་རྒྱས་ཆོས་ལུགས་ཀྱི་གནའ་དཔྱོད་རིག་པ་ལ་མཁྱེན་དཔྱོད་ཡངས་པའི་མཁས་དབང་ཆེན་མོ་ཞིག་ཡིན། ད་ལྟ་ཁོང་གིས་རྒྱལ་ནང་གི་སློབ་ཆེན་བཅུ་ལྷག་གི་ཆེད་བསྐོས་དགེ་རྒན་ཆེན་མོ་དང་ཀྲུང་གོའི་རིག་དངོས་ཆ་འཕྲིན་བློ་འདྲི་ལྟེ་གནས་ཀྱི་རིག་དངོས་གསལ་འབྱེད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་བཞེས། ཁོས་ད་དུང་ལིའོ་ཉིང་སློབ་ཆེན་གྱི་དངོས་མང་བཤམས་སྟོན་ཁང་དང་ཅིན་ཀྲོའུ་དངོས་མང་བཤམས་སྟོན་ཁང་། ཅང་སུའུ་ཞིང་ཆེན་ཀྲེན་ཅང་དངོས་མང་བཤམས་སྟོན་ཁང་། ཁྲང་ཀྲོའུ་དངོས་མང་བཤམས་སྟོན་ཁང་། ཞིན་ཅང་དངོས་མང་བཤམས་སྟོན་ཁང་བཅས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་རྟེན་སྐུ་སོགས་ལ་གསལ་འབྱེད་བྱས་ནས་ལས་རིགས་འདིའི་ནང་ནས་གདེང་འཇོག་ཆེན་པོ་ཐོབ།།


上一篇:ལོ་ཆེན་རིན་ཆེན་བཟང་པོ།

下一篇:༄༅།། སྡེ་དགེ་པར་ཁང་།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2509766 位访客