༄༅། །ཡུམ་ཆེན་འགོག་བཟའ་ལྷ་མོའི་དེ་ཉིད་ ཉུང་ངུར་བརྗོད་པ་རྟེན་འབྲེལ་ལྷ་རྫས།

发布时间:2017-12-08 08:30:38

ཨེ་མ་ཧོ།

རིགས་གསུམ་སྤྲུལ་བའི་གདུལ་ཞིང་སྨན་ལྗོངས་ཀྱི། །
བསོད་ནམས་རླུང་རྟའི་བདག་པོ་དུས་ཀྱི་ལྷ། །
མི་དབང་སེང་ཆེན་ལྷ་ཡི་བླ་མ་མཆོག །
བསྐྱེད་པའི་ཡུམ་ཆེན་ཡལ་ག་མཛེས་ལྡན་བསྔགས། །

སྔོན་ཚེ་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཡིས། །
འགྲོ་ཁམས་བདེ་ལ་འགོད་པར་ཐུགས་གྲོས་དུས། །
ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ཡིས། །
ཐུགས་བསྐྱེད་དམ་བཅས་ཀླུ་རྒྱལ་སྲས་མོར་སྤྲུལ། །

རྒྱལ་ཀུན་སྤྱི་གཟུགས་པདྨའི་འཕྲིན་ལས་བསུས། །
ཀླུ་ཡུལ་ཆེན་པོ་བདེ་སྐྱིད་དཔལ་ལ་བཀོད། །
མཚོ་སྐྱེས་རྡོ་རྗེའི་ཐུགས་བཀོད་ལུང་བསྟན་བཞིན། །
མི་ཡི་ཡུལ་དུ་འགྲོ་དོན་དང་ལེན་མཛད། །

བསིལ་ལྗོངས་འགོག་གི་ལྷ་ཆུ་གོང་མ་ནས། །
སྐུ་ལུས་མ་སྤང་མཚན་དཔེའི་མེ་ཏོག་ཕོན། །
ཤ་ཁྲག་ཟོལ་ཕེབས་འགོག་གི་མི་རྗེ་ཡི། །
བུ་མོའི་དོད་མཛད་མི་ཡུལ་སྲོལ་ལ་བྱང་། །

འགོག་གླིང་གཡུལ་འགྱེད་རྐྱེན་ལ་བསྙད་བྱས་ཏེ། །
ལས་དབང་མེ་ཏོག་གླིང་དཀར་སྟོད་པ་རུ། །
ཕྱི་ནང་རྟགས་ལྟས་བཟང་པོས་ལེགས་ཕེབས་ནས། །
གདོང་སྲས་སེང་བློན་རྒྱལ་པོའི་ཆུན་མར་བབས། །

གཟུགས་མཛེས་ཞི་དུལ་ངང་བཟང་ངག་འཇམ་དང་། །
ལས་ལ་མཁས་ཤིང་ཀུན་ལ་བྱམས་ལྡན་པས། །
གླིང་གི་སྡེ་བས་འགོག་བཟའ་ལྷ་མོ་ཞེས། །
མཛངས་རབ་མཚན་གྱི་ཆོ་ལོས་མངའ་གསོལ་མཛད། །

མཐོན་མཐིང་དབུས་ཀྱི་ཉི་ཟླའི་གཟི་དཔལ་བཞིན། །
མཐོང་སྨོན་གླིང་དུ་སེང་བློན་ཡབ་ཡུམ་ཞེས། །
ཡ་རབས་མཚོན་དཔེར་ལྷུན་གྱིས་གྲུབ་པ་ཡིས། །
མིག་སེར་ཅན་དག་བག་ཟོན་གནས་ལ་བཀོད། །

དེ་ཚེ་དགའ་ལྡན་ལྷ་ཡི་ཞིང་ཁམས་ནས། །
བཅོམ་ལྡན་རྣམས་ཀྱིས་གཟིགས་སྟངས་དུ་མ་ཡིས། །
བདེ་མཆོག་ཚངས་སྲས་བུ་ཏོག་དཀར་པོ་ཉིད། །
མི་ཡུལ་འགྲོ་དོན་ཕེབས་པའི་ཡུམ་དུ་གཟིགས། །

གདོང་གི་བུ་མཆོག་བདུད་འདུལ་ལྷ་ཡི་འཕྲུལ། །
སྐུ་ལུས་དཔལ་ཆེན་ཕག་མོའི་བསྐྱེད་རིམ་ཀྱིས། །
ལྷུམས་གཙང་དག་པ་ལྷ་ཡི་དཀྱིལ་འཁོར་དུ། །
ལེགས་བསུས་ལེགས་བསྐྱེད་ཤེས་རབ་ནུ་ཞོས་གསོས། །

ལྷ་སྲས་གཉན་གྱི་བླ་བུར་བརྫུས་པ་ཞིག །
ཀླུ་ཡི་བུ་མོར་འཁྲུངས་ཞེས་ནག་ཕྱོགས་རྣམས། །
རབ་ཏུ་དངངས་ནས་སྦྱོར་ངན་སྣ་ཚོགས་ཀྱིས། །
རྣམ་པར་གཙེས་ཀྱང་མི་གཡོའི་མཐུ་གྲུབ་མ། །

སྤྲུལ་བའི་བུ་ཆུང་ལྷ་ཡི་མཚན་ལྟས་དང་། །
མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་ནུས་པའི་རྩལ། །
ལྷན་སྐྱེས་ཅན་དེས་རྟེན་འབྲེལ་དགོས་དབང་གིས། །
རེ་ཞིག་སྦས་ཚུལ་མཛད་པའི་སྡོངས་གྲོགས་མ། །

ལྟ་སྣང་ཙམ་ལ་སྣ་ཚོགས་བརྟུལ་ཞུགས་ཀྱི། །
སྤྱོད་ཚུལ་དང་བླངས་ས་བཙན་སྦྲུལ་མགོའི་མདོར། །
ནང་གི་རྣལ་འབྱོར་ལྟ་དགོངས་ཟབ་མོ་ཡིས། །
ཕྱི་ནང་ཆོ་འཕྲུལ་ཟིལ་གྱིས་གནོན་གྲོགས་མ། །

ཡུམ་སྲས་གཡུ་ལུང་བདེ་མཆོག་དཀྱིལ་འཁོར་དུ། །
ཕེབས་ཚེ་རྟེན་འབྲེལ་དང་པོའི་ཚོགས་རྗས་ལ། །
ས་བཅུད་ཟས་མཆོག་གྲོ་མའི་རྫོང་ཕབ་ཅིང་། །
རྨ་ཡུལ་ས་འཛིན་དང་པོ་བཀྲ་ཤིས་མ། །

སྲས་ཀྱིས་གླིང་སྲིད་བདག་ཏུ་བཞེས་པ་ཡི། །
རྫོགས་ལྡན་ལྷ་ཉི་དཀར་པོ་ཤར་ཉེའི་སྐབས། །
སྨོན་ལམ་མཐུ་བཙན་འཕྲུལ་གྱི་ཞགས་པར་བརྟེན། །
དབང་ཆེན་རྟ་མཆོག་བཀུག་པའི་མྱུར་མཛད་མ། །

སྦས་པའི་ལྷ་ཕྲུག་ཇོ་རུ་རྒྱལ་པོ་ཡིས། །
མི་འགྱུར་གསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་། །
གླིང་རྗེ་གེ་སར་རང་རྟགས་བཞེས་པའི་ཉིན། །
མི་ཡུལ་དགེ་བའི་འཕྲིན་ལས་ཀུན་གྲུབ་མ། །

དེ་ནས་སྒོམ་ཁང་སེང་འབྲུག་སྟག་རྫོང་དུ། །
ཐུགས་དམ་ལྷོད་མེད་ལྷ་སྔགས་ཏིང་འཛིན་གྱིས། །
སྐྱེས་བུའི་སྐུ་ཚེ་གང་གི་མཛད་འཕྲིན་ལ། །
རམ་མདེགས་གཉེར་འཛིན་བཀའ་དྲིན་གཞལ་བྲལ་མ། །

གང་ཞིག་འཛམ་བུའི་ཤིང་གི་སྒྲས་དྲངས་པའི། །

གླིང་ཆེན་འདི་རུ་གླིང་རྗེ་གེ་སར་ཞེས། །

མཛད་པའི་གྲགས་དཀར་ལྷ་ཡི་རྔ་བོ་ཆེའི། །

བྱེད་པོ་གཅིག་པུ་དབྱིངས་ཕྱུག་ཡུམ་ཆེན་མ། །

ཐ་མའི་དུས་སུ་གདུལ་བྱ་དུང་ཕྱུར་བརྒྱར། །
དགོངས་ཏེ་ངན་སོང་ཉུལ་བའི་སྣང་ཚུལ་གྱིས། །
སེང་ཆེན་བླ་མའི་ཐུགས་རྒྱུད་རབ་སྐུལ་ཏེ། །
མནར་མེད་དོང་ནས་སྤྲུག་པའི་འགྲོ་འདྲེན་མ། །

དཔའ་ཡས་རྡུལ་སྙེད་ཞིང་གི་ཁྱོན་ཡངས་སུ། །
སྤྲུལ་བ་དེ་སྙེད་ཅིག་གིས་འགྲོ་བའི་དོན། །
མཛད་པའི་མཐུ་གྲུབ་ལྷག་པར་གླིང་ཡུལ་དུ། །
རྗེས་ཆགས་ཐུགས་རྗེས་གཟིགས་པའི་བརྩེ་ཆེན་མ། །

མདོར་ན་ཤེས་རབ་ཡུམ་ཆེན་ཀུན་བཟང་མོའི། །

མཛད་ཚུལ་གཅིག་ལ་གདུལ་བྱ་སོ་སོ་ཡིས། །

མཐོང་སྣང་འདྲ་མིན་ཕྱིར་ན་འདི་འོ་ཞེས། །
སྨྲ་བའི་ཡུལ་དུ་མིན་མོད་རྟེན་འབྲེལ་རྫས། །

འདི་ཡང་གླིང་རྗེ་ཡུམ་སྲས་རྣམ་ཐར་ལ། །
རིང་ནས་དད་ཅིང་བྱིན་རླབས་སྨིན་བྱེད་འོད། །
སྙིང་དབུས་མི་ཤིགས་ཨ་ཡིག་དཀར་པོ་ལ། །
རྣམ་པར་རྟེན་དེས་སྤྲོ་བའི་སེམས་ཀྱིས་བཀོད། །

















 
 
 

ཀློག་གྲངས།:[550]


上一篇:མདོ་སྨད་ལོ་རྡོ་རྗེ་བྲག་གི་གནས་བསྟོད།

下一篇:ཀརྨ་བསྟན་སྐྱོང་དབང་པོའི་ཁྲིམས་ཡིག

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038076 位访客