ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།

发布时间:2017-12-07 11:04:50

    ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་གཙང་རྒྱལ་གྱི་ཐོག་མ་ཡིན་ལ། ཁོང་ནི་རིན་སྤུངས་པའི་གཉེན་ཚན་དུ་གཏོགས། རིན་སྤུངས་པ་དང་སྣེ་གདོང་བ་གཉིས་ཀྱི་ཞབས་འབྲིང་དང་། དེ་ནས་ཆིབས་དཔོན། རྫོང་དཔོན་སོགས་ཀྱི་གོ་གནས་རིམ་བཞིན་བརྒྱུད། རྗེས་སུ་ཁོང་འབངས་གྱེན་ལོག་བྱས་ཏེ་གཙང་རྒྱལ་གྱི་ཐོག་མ་རུ་གྱུར། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཡོད་པའི་གཙང་ཁུལ་གྱི་དཔོན་རིགས་ཤིག་ཡིན། འདི་ཉིད་རིན་སྤུངས་པའི་གཉེན་ཚུན་དུ་གཏོགས་པ་ཞིག་ཡིན་ལ།  དེས་རིན་སྤུངསས་པ་དང་སྣེ་གདོང་པ་གཉིས་ཀའི་ཞབས་འབྲིང་རྐང་བ་གཉིས་འཛུགས་བྱས།  སྲས་དགུ་ཙམ་ཞིག་བྱུང་བའི་ནང་གྲགས་ཆེ་བ་ནི་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང་།  ཀུན་སྤངས་ལྷ་དབང་རྗེ།  ཀརྨ་མ་བསྟན་སྐྱོང་དབང་པོ་བཅས་ཡིན།  ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་རིན་སྤུངས་བའི་ཆིབས་དཔོན་གྱི་ལས་ཀ་དང་།  དེ་ནས་རིམ་པས་ཤངས་དང་མྱང་སྨད་ཁུལ་གྱི་ཁྲལ་སྡུད་པ་ལོ་མང་བྱས།  རབ་བྱུང་དགུ་བའི་ས་སྤྲེལ་སྤྱི་ལོ1548ལོར་རིན་སྤུངས་པས་གཞིས་ཀ་བསམ་འགྲུབ་རྩེའི་རྫོང་དཔོན་དུ་བསྐོས།  ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་སྙིང་སྟོབས་དང་འཇོན་ཐང་འཛོམས་པ་ཞིག་ཡིན་པས་རིམ་བཞིན་སྟོབས་འབྱོར་དང་དབང་ཤུགས་ཇེ་ཆེར་སོང་སྟེ་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་དུས་སུ་སླེབས་སྐབས་རིན་སྤུངས་པའི་ཁ་གཏད་དུ་ལངས།  ལྷག་པར་མེ་སྦྲུལ་སྤྱི་ལོ1557ལོར་ཤངས་དོན་རབ་པའི་ས་སྡེའི་སྐོར་རིན་སྤུངས་པ་དང་།  ཞིང་ཤག་པ་གཉིས་པར་དྲག་དཔུང་གི་སྦྱོར་བ་བརྩམས་སྐབས་འབྲུག་པ་ཀུན་མཁྱེན་པདྨ་དཀར་པོས་བར་འདུམ་གནང་བར་ཕེབས་ནའང་དོན་རབ་པའི་སྲོག་ལ་ཉེན་ཁ་མ་བྱུང་བ་ཙམ་ལས་ས་མི་དབང་རིས་ཞིང་ཤག་པར་རྩིས་སྤྲོད་གནང་དགོས་བྱུང་།  ཆུ་ཕག་སྤྱི་ལོ1563ལོར་ས་སྐྱ་བའི་རྒྱབ་ཏུ་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་དམག་དཔུང་གཡས་རུ་བྱང་བའི་ཕྱོགས་སུ་བཏེགས་པའི་ཚེ།  ངག་དབང་འཇིགས་གྲགས་རང་ཡང་དམག་རྒྱབ་ཏུ་ཕེབས།  སྐབས་དེར་བསམ་འགྲུབ་རྩེའི་རྫོང་དཔོན་ཞིང་ཤག་པས་ངག་དབང་འཇིགས་གྲགས་ཀྱི་སྲས་པདྨ་དཀར་པོ་བཀྲོངས་པ་དང་འབངས་གྱེན་ལོག་བྱས་ཏེ་གླགས་མ་རྙེད་པའི་ཁར།  གཙང་རོང་ཕྱོགས་སུ་དམག་འཁྲུག་ལངས་པ་དང་།  དེ་རྗེས་རིན་སྤུངས་པས་རྒྱལ་རྩེ་པ་དང་།  འབྲོང་རྩེ་པ། སྣར་ཐང་བ་སོགས་ལའང་དཔུང་འཇུག་བྱས་ཀྱང་།  ཕ་རོལ་པོའི་ཕྱོགས་སུ་ཞིང་ཤག་པས་རྒྱབ་སྐྱོར་བྱས་པ་སོགས་གཡུལ་འགྱེད་དེ་དག་ན་རིན་སྤུངས་པར་ཕམ་ཁ་གཅིག་རྗེས་གཉིས་མཐུད་དུ་ཕོག་སྟེ་ངག་དབང་འཇིགས་གྲགས་ཀྱི་མངའ་ཐང་ཕལ་ཆེར་ཤོར།  དུས་དེར་ཕྱི་ལྟར་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་རྣམ་པ་ལ།  ནང་དོན་དངོས་སྡེ་བ་རིན་སྤུངས་པས་བོད་ལ་དབང་བསྒྱུར་བྱེད་པའི་སྲིད་དབང་དེ་ཉམས་པའི་འགོ་ཚུགས།  ཤིང་གླང་སྤྱི་ལོ1565ལོར་ཞིང་ཤག་པ་རང་གིས་དམག་སྣེ་ཁྲིད་དེ་པ་རྣམ་ལྷུན་གྲུབ་རྩེ་བསྐོར་བ་དང་།  རྫོང་གསར་ཕག་རི་བཅས་བླངས་པར་མ་ཟད།  ལྷུན་གྲུབ་རྩེ་པ་སང་ཤོར་གནང་ཤོར་དང་།  མྱང་སྟོད་པ་རྣམས་སུ་ཡི་ཕྱོགས་འགྲོ་ངེས་གཏན་མེད་ཁར།  རིན་སྤུངས་པ་ལའང་ཉེན་ཁ་ཆེན་པོ་ཆགས་པའི་མཚམས་སུ་སླེབས་ཚེ། རིན་སྤུངས་པས་འབྲུག་པ་པད་མ་དཀར་པོ་སླར་ཡང་རིན་གཙང་གཉིས་ལ་བར་འདུམ་གནང་བར་གདན་ཞུས་བྱས་མཐར།  པ་རྣམ་པ་ཡོངས་རྫོགས་ཞིང་ཤག་པར་སྤྲད་ནས་འཐུས་ཙམ་བྱུང་བ་བཅས་སྐབས་དེར་ཡང་ཞིང་ཤག་པར་རྒྱལ་ཁ་ཐོབ།  དེའི་དུས་བྱང་བདག་ནམ་མཁའ་རིན་ཆེན་གྱི་སྲས་ནམ་མཁའ་རྒྱལ་མཚན་དང་།  བྱང་བདག་བཀྲ་ཤིས་སྟོབས་རྒྱས་སྐུ་མཆེད་བགྲེས་གཞོན་གཉིས་ནང་མ་འཆམས་པའི་བར་དུ་ཞིང་ཤག་པའི་སྲས་ཀུན་སྤུངས་ལྷ་དབང་རྡོ་རྗེ་བཙངས་ཐོག་ནམ་མཁའ་རྒྱལ་མཚན་གྱི་ཕྱོགས་སུ་ལངས་ཏེ་བྱང་བདག་བཀྲ་ཤིས་སྟོབས་རྒྱས་རང་གི་སྒེར་གཞིས་སུ་བཞུགས་མི་ཆོག་པར་དབུས་ཕྱོགས་སུ་རྒྱང་ཕུད་ལྟ་བུར་ཕེབས་དགོས་པའི་ཆད་པ་ཕོག་པར་མ་ཟད།  ཞིང་ཤག་པས་བྱང་བདག་བཀྲ་ཤིས་སྟོབས་རྒྱས་ལ་འཕྱ་སྨོད་སྒྲོག་པ་ཐུགས་ལ་ཕོག་ཆེ་བས་བཀྲ་ཤིས་སྟོབས་རྒྱས་ཀྱིས་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས།  ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཟའ་ནད་ཀྱིས་གྲོངས་པ་རེད་ཅེས་པའི་བཤད་སྲོལ་བྱུང་། 

上一篇:རིན་སྤུངས་པ་དང་གཙང་པ་སྡེ་སྲིད་ཀྱི་སྐོར་བཤད་པ།

下一篇:༄༅།། ཕྱི་རྫིག་ནང་སྟོང་དུ་གྱུར་པའི་ཕོ་བྲང་།---གཞིས་ཀ་རྩེའི་རྫོང་།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2293677 位访客