རིན་སྤུངས་པ་དང་གཙང་པ་སྡེ་སྲིད་ཀྱི་སྐོར་བཤད་པ།

发布时间:2017-12-07 11:03:02

    ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་སྔར་ཕག་གྲུའི་སྣེ་གདོང་གོང་མ་དང་སྡེ་པ་རིན་སྤུངས་པ་གཉིས་ཀྱི་ཞབས་འབྲིང་གི་ཁོངས་སུ་གྱུར་ཏེ་ཕྱོགས་གཉི་གར་རྐང་པ་ཉིས་འཛུགས་ལྟ་བུ་བྱས་ནས་བསྡད་ཅིང༌།  སྒོས་སུ་ཁོང་རིན་སྤུངས་པའི་གཉེན་ཚན་དུ་གཏོགས་པས་ཞབས་འབྲིང་ནང་མའི་གྲས་སུ་ཚུད་དེ་རིན་སྤུངས་ངག་དབང་རྣམ་རྒྱལ་གྱི་སྐབས་སུ་ཆིབས་དཔོན་གྱི་ལས་ཀ་བཟུང་ཞིང་རིམ་པས་ཤངས་དང་མྱང་སྨད་ཁུལ་གྱི་ཁྲལ་སྡུད་པ་ལོ་མང་པོར་བྱས། རབ་བྱུང་དགུ་བའི་ས་སྤྲེལ་སྤྱི་ལོ༡༥༤༨ལ་རིན་སྤུངས་པས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་དུ་བསྐོས། ཞིང་ཤག་པ་ནི་སྙིང་སྟོབས་དང་གཡོ་སྒྱུ་ལྡན་པ་ཞིག་ཡིན་བས་རིམ་གྱིས་རང་གི་སྟོབས་འབྱོར་དང་དབང་ཤུགས་ཇེ་ཆེར་སོང་བར་བརྟེན། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་དུས་སུ་སླེབས་སྐབས་ངོ་ལོག་གིས་སྡེ་སྲིད་དང་ཁ་གཏད་དུ་ལངས་ཤིང་རིན་སྤུངས་པའི་སྲས་པད་མ་དཀར་པོ་བཀྲོངས་པ་སོགས་ཕར་རྒོལ་གྱེན་ལོག་མཐའ་གཅིག་ཏུ་བྱས།  དེ་ལ་ལོ་རྒྱུས་སྟེང་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་ཟེར་སྐད། ལྷག་པར་དེའི་རྗེས་ཤངས་དོན་རབ་པའི་ས་སྡེའི་སྐོར་རིན་སྤུངས་པ་དང་ཞིང་ཤག་པ་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་སྐབས་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོས་བར་འདུམ་མཛད་ནའང་དོན་རབ་པའི་སྲོག་ལ་ཉེན་ཁ་མ་བྱུང་ཙམ་ལས་ས་མི་དབང་རིས་ཐམས་ཅད་ཞིང་ཤག་པར་རྩིས་སྤྲོད་གནང་དགོས་བྱུང་ལ། ཡང་རབ་བྱུང་དགུ་པའི་ཤིང་གླང་སྤྱི་ལོ༡༥༦༥ལ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་རང་ཉིད་ཀྱིས་དམག་སྣེ་ཁྲིད་དེ་པ་སྣམ་ལྷུན་གྲུབ་རྩེ་དང་རྫོང་གསར་ཕས་རི་རྣམས་བླངས།  ཡང་དེའི་ཕྱི་ལོར་གཙང་རིན་གཉིས་མྱང་སྟོད་སྨད་དུ་དམག་འཁྲུག་ལངས་པས་སླར་ཡང་འབྲུག་པ་ཀུན་མཁྱེན་གྱིས་བར་གསེས་གནང་ཐོག  པ་སྣམ་ཡོངས་རྫོགས་ཞིང་ཤག་པར་སྤྲད་པས་གཟོད་འགྲིག་ཙམ་བྱུང་བ་བཅས་ཀྱིས་མཚོན་སྐབས་དེར་ཞིང་ཤག་པའི་དཔུང་སྟོབས་རིན་སྤུངས་པ་ལས་ལྡབ་འགྱུར་གྱིས་ཆེ་བར་ཡོད་པ་མངོན་ལ།  ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཁོང་ལའང་ཀུན་གྱིས་“སྐུ་མདུན་ཞིང”ཞེས་ཆེ་བསྟོད་ཀྱི་གུས་མཚན་ཁོ་ན་འཛིན་པར་བཤད་དོ།།    དེའི་ཚེ་བྱང་བདག་ནམ་མཁའ་རིན་ཆེན་གྱི་སྲས་བྱང་བདག་ནམ་མཁའ་རྒྱལ་མཚན་དང་རིག་འཛིན་བཀྲ་ཤིས་སྟོབས་རྒྱལ་སྐུ་མཆེད་བགྲེས་གཞོན་གཉིས་ནང་མ་འཆམས་པའི་བར་ལ་ཞིང་ཤག་པ་ཞུགས་ནས།  དོན་སྙིང་སྲས་བགྲེས་པ་ནམ་མཁའ་རྒྱལ་མཚན་གྱི་ཕྱོགས་སུ་ལངས་ནས་སྲས་གཞོན་པ་རིག་འཛིན་བཀྲ་ཤིས་སྟོབས་རྒྱལ་རང་གི་སྒེར་གཞིས་སུ་བཞུགས་མི་ཆོག་པ་བྱས་ཐོག  འཕྱ་སྨོད་དང་བཅས་དབུས་ཕྱོགས་སུ་རྒྱང་འབུད་བཏང་བ་ལ་རིག་འཛིན་བཀྲ་ཤིས་སྟོབས་རྒྱལ་གྱིས་འཕྱོངས་རྒྱས་ནས་དྲག་པོའི་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་གཟའ་ནད་ཕོག་སྟེ་གྲོངས་པར་བཤད་ལ། གང་ལྟར་སྐབས་དེར་ཞིང་ཤག་པས་བྱང་བདག་པ་ནང་མ་འཆམས་པའི་སྐབས་དང་བསྟུན་ནས་ལ་སྟོད་ལྷོ་བྱང་གི་མངའ་ཁོངས་རྣམས་རང་གི་དབང་རིས་སུ་བསྡུས་མ་ཐག་གྲོངས་སོང་བ་ཡིན་འདུག་གོ 


上一篇:ཕ་ཡུལ་དྲན་གླུ།

下一篇:ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 2038312 位访客