༄༅།།མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

发布时间:2017-09-08 09:57:01

    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། དུས་ཡུན་ཉིན་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་བདེ་བླག་ངང་མཚོ་ནུབ་སོག་རིག་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་རུ་མཇུག་བསྡུས།  

    ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པ་ཡིན། དཔྱད་འདེམས་ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་ཉི་ཤུ་ལྷག་དང་དྲ་བ་སྨྱན་བྱད་གསར་འགྱུར་ལས་རིགས་ཁག་བཅས་ཀྱི་འཐུས་མི་བཞི་ཅུ་ལྷག་ཚོགས་འདུར་ཞུགས།  ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་རྒྱུ་སྤུས་སྔར་ལས་མཐོར་འདེགས་དང་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་ལེགས་སྒྲིག་དང་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་དང་ཉམས་མྱོང་བརྗེ་རེས་ལ་སྐུལ་འདེད་བྱས་པ་མ་ཟད། ད་དུང་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་གཡུར་ཟའི་འབྲས་བུ་སྒོ་ཀུན་ནས་མངོན་ཏེ། ལེ་ཚན་གྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་བྱ་བཞག་གོང་འཕེལ་ཡོང་བར་དགེ་མཚན་གྱི་ནུས་པ་བཏོན།   ཐེངས་འདིའི་དཔྱད་འདེམས་བརྩམས་ཆོས་ལ་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་འགྱུར་རིགས་དང་རིག་རྩལ་རིགས། སྨྱན་བྱད་དྲ་རྒྱ་གསར་བའི་རིགས། ལས་གཉེར་དཔྱད་རྩོམ་རིགས། སྙན་སྒྲོན་མདོ་འཛིན་རིགས་སོགས་ཚན་ཁག་དྲུག་ཏུ་བགོས་ཏེ། རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་རིགས་བཅུ་དྲུག་ལ་དཔྱད་འདེམས་བྱས། ཐེངས་འདིའི་དཔྱད་འདེམས་ཚོགས་འདུར་འགྲན་ཞུགས་བརྩམས་ཆོས༡༦༨འབྱོར་བ་དང་།དེའི་ཁྲོད་རྒྱང་སྒྲོག་བརྩམས་ཆོས་༣༩དང་བརྙན་འཕྲིན་བརྩམས་ཆོས་༡༠༤ཡོད་ལ། དཔྱད་འདེམས་པ་སོ་སོས་ནན་ཏན་དང་གཟབ་ནན། དྲང་བཞག་བཅས་ཀྱི་ཆ་རྐྱེན་དང་གཏན་འབེབས་ལྟར་རྩ་དོན་ལྟར། བརྩམས་ཆོས་རེ་རེར་དཔྱད་ཞིབ་བྱས་པ་ཡིན་ལ། བྱ་དགའ་ཐོབ་ཚད༧༠%དང་། འདོར་ཚད༣༠%ཡི་བསྡུར་ཚད་ཀྱིས་རྒྱང་སྒྲོག་རིགས་ཀྱི་བརྩམས་ཆོས་༣༢དང་བརྙན་འཕྲིན་རིགས་ཀྱི་བརྩམས་ཆོས་༧༨།བརྙན་གཟུགས་དྲ་རྒྱ་གསར་བའི་རིགས་ཀྱི་བརྩམས་ཆོས་༥ལ་བྱ་དགའ་ཐོབ།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྒྱང་སྒྲོག་ཀྱི་༼   གེ་སར་རྒྱལ་བོའི་སྒྲུང་༽   སོགས་བརྩམས་ཆོས་༢༡ལ་བྱ་དགའ་ཨང་དང་པོ་ཐོབ་དང་ཨ་མདོ་བརྙན་འཕྲིན་ཁང་གི་༼    ང་ཡི་སྦྲ་ནག༽་  སོགས་བརྩམས་ཆོས་༣༢ལ་བྱ་དགའ་ཨང་གཉིས་པ་ཐོབ།  རྫ་སྟོད་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་༼   ཡུལ་ཤུལ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་གཟའ་འཁོར་བྱ་འགུལ་སྐབས་དང་པོ་༽   སོགས་བརྩམས་ཆོས་༥༧ལ་བྱ་དགའ་ཨང་གསུམ་པ་ཐོབ།  མཚོ་བྱང་བརྙན་འཕྲིན་ཁང་གི་༼   མཚོ་སྔོན་པོ་ས་ཁུལ་གྱི་དགོ་བའི་གྲངས་ཀ་༡༤༦༤ལ་འཕར་བ༽  སོགས་བརྩམས་ཆོས་༥ལ་ཕུལ་བྱུང་བྱ་དགའ་ཐོབ།

 

   ཚོགས་འདུས་བསྟན་དོན།  ཐེངས་འདིའི་དཔྱད་འདེམས་ཚོགས་འདུ་ནི་རྩ་འཛུགས་དམ་ཞིང་སྒྲིག་གཞི་ཚགས་དམ་པ་དང་སྒྲིག་སྲོལ་ཁ་གསལ་བས་དྲང་བདེན་དང་སྤྱི་གསལ། དྲང་བཞག་གི་རྩ་དོན་གཞིར་བཟུང་ཡོད་པ་ཞིག་ཡིན་པ་མ་ཟད། ཞིང་ཆེན་ཡོངས་ནས་ཁུལ་རིམ་པ་དང་ལྷག་ཏུ་རྫོང་རིམ་པའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལས་ཁུངས་ཞུགས་པ་ཆེས་མང་ཞིང་། དཔྱད་འདེམས་འཐུས་མི་ཆེས་མང་པ། རྒྱང་སྒྲོག་བརྙན་འཕྲིན་དང་སྨྱན་བྱད་གསར་བའི་བརྩམས་ཆོས་ཆེས་མང་པའི་རྒྱས་འཛོམས་ཐེངས་ཤིག་ཡིན། རྗེས་ཕྱོགས་མུ་མཐུད་དུ་མཉམ་འབྲེལ་དང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ།ལེགས་ཆ་ཕན་ཚུན་ཁ་གསབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་བསྟན།  


   ཚོགས་ཞུགས་པའི་འཐུས་མི་རྣམས་ཀྱིས་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ཞིང་ཆེན་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམས་ཚོགས་འདུ་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་མ་ཟད།མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

 


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 

http://www.tibetanms.cn/news/zhtxw/2017-08-28/28023.html


上一篇:༄༅།།སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།

下一篇:༄༅།།སྐབས་དང་པོའི་བོད་ཀྱི་རིག་གནས་ཕྱིར་བསྒྲགས་དང་གསར་གཏོད་ཐོན་རྫས་ཉོ་ཚོང་འགྲེམས་སྟོན་ལྷ་ས་ནས་འཚོགས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872310 位访客