བོད་ཀྱི་གསུང་རབ་གནའ་དཔེའི་དབུ་ཞབས་ལྷ་སྐུ།

发布时间:2017-07-14 04:55:37

དབུ་ཞབས་ལྷ་སྐུ་ནི་བོད་ཀྱི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེ་ནི་གནའ་དཔེའི་དབུ་ཤོག་གི་སྲིབ་ངོས་དང་། ཞབས་ཤོག་གི་ཉིན་ངོའི་གཡས་གཡོན་གཉིས་སུ་གསུང་རབ་ཀྱི་གཞུང་དང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་ཀྱི་སློབ་དཔོན་གོང་མ་དག་གི་སྐུ་བརྙན་དང་གཞུང་དེ་མཛད་མཁན་གྱི་མཛད་པ་པོ། གསུང་རབ་དེ་བྲིས་དཔར་བཞེངས་སོགས་ཀྱི་བྱ་བར་དཔལ་འབྱོར་གྱི་ཐོག་ནས་ཕྱར་བ་གྲུ་འདེགས་གནང་མཁན་གྱི་སྦྱིན་པའི་བདག་པོ་དང་ནང་བསྟན་སྲུང་མ་སོགས་ཀྱི་སྐུ་བརྙན་བྲིས་བརྐོས་གནང་ཡོད་པ་དེ་ལ་ཟེར།

སྤྱིར་བཏང་བྱས་པ་ཡིན་ན་གང་བཞེངས་པར་བྱ་བའི་གཞུང་དེ་ཆ་ཡོངས་སུ་རྫོགས་པའི་རྗེས་སུ། གཞུང་དེའི་བརྗོད་བྱའི་དོན་དང་གོ་མཚུངས་པའི་དབུ་ཞབས་ལྷ་སྐུ་འབྲི་བཞེངས་གནང་སྲོལ་ཡོད་པ་ཞིག་ཡིན། འོན་ཏེ་ད་ལྟ་ང་ཚོས་མཇལ་ཡུལ་དུ་མཆིས་པའི་གསུང་རབ་དབུ་ཞབས་ལྷ་སྐུས་བརྒྱན་པ་མང་པོ་ཞིག་གསུང་རབ་དེ་བྲིས་མ་ཡིན་ཀྱང་དེའི་དབུ་ཞབས་ལྷ་སྐུ་འབྲི་བའི་འཆར་གཞི་ཡོད་མོད་ཀྱང་། ཡུལ་དུས་ཀྱི་རྐྱེན་པས་ལྷ་སྐུ་འབྲི་མཁན་གྱི་ཆ་རྐྱེན་མ་འཛོམས་པའི་དབང་གིས་ལྷ་སྐུ་འབྲི་སའི་ས་ཆ་གཞུང་དེའི་དབུ་ཤོག་གི་གཡས་གཡོན་དུ་ལྷ་སྐུ་གཤོང་ཚད་ཀྱི་ས་ཆ་ད་བར་སྟོང་པར་ལུས་པ་མངའ་རིས་དང་ལྷོ་ཁ་ཁུལ་སོགས་སུ་མཇལ་རྒྱུ་འདུག   གསུང་རབ་དེ་བྲིས་བཞེངས་གནང་ཟིན་པའི་རྗེས་སུ་གསུང་རབ་དེ་དང་འབྲེལ་ཡོད་ཀྱི་ལྷ་སྐུ་དུས་མཉམ་དུ་བྲིས་ཡོད་པ་སྟེ་མཉེས་ཐང་སྒྲོལ་མ་ལྷ་ཁང་དུ་བཞུགས་པའི་ཤེར་ཕྱིན་ཡུམ་པོད་ང་པའི་ཤེར་ཕྱིན་གྱི་མང་པོའི་རྫོགས་མཚམས་སུ་ཤེར་ཕྱིན་གྱི་སྐུ་བརྙན་དེ་བྲིས་ནས་སྣང་། སྐུ་བརྙན་དེ་དག་ནི་གཞུང་དེ་འབྲི་སྐབས་ཤེར་ཕྱིན་ཡུམ་དེའི་བམ་པོའི་རྫོགས་མཚམས་སུ་ལྡེབ་གྲངས་ཀྱི་གཡས་གཡོན་ལ་མ་བལྟོས་པར་བམ་པོའི་རྫོགས་མཚམས་གང་ཞིག་ཏུ་འཁེལ་རུང་དེ་གར་ལྷ་བྲིས་པས་སྐུ་བརྙན་བྲིས་པ་མངོན་གསལ་དོད་པོར་སྣང་། སྤྱི་ལོ1933ལོའི་ལྷ་ལྡན་དཔར་མ་མདོ་སྐལ་བཟང་དེའི་ལྡེབ་གྲངས་ཀྱི་ཉིན་ངོས་སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས། བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་མཁན་པོ་སོགས་བཀོད་འདུག་བོད་ཡིག་གནའ་དཔེའི་སྟེང་དུ་སྐུ་བརྙན་འབྲི་བརྐོས་གནང་བ་དེ་ལས་བོད་ཡིག་གནའ་དཔེར་རི་མོའི་མཛེས་རྒྱན་སྤྲས་པ་ཁོ་ན་མ་ཡིན་པར་ལྷ་སྐུའི་ནང་དོན་དང་སྒྱུ་རྩལ་ལས་ཡིག་ངོ་མོའི་ཤེས་པའི་རྒྱ་ཆེའི་ཀློག་པ་པོར་བསམ་བློ་དང་སློབ་གསོ། སྤྱི་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་ཁག་ལ་སྲི་ཞུ་སྒྲུབ་ཀྱི་ཡོད། དཔེ་རིས་མདུན་དུ་བསྣམས་ཏེ་ཏིང་ངེ་འཛིན་ལ་བཞུགས་པའམ་རང་གི་གཉེན་ཉེ་ལ་སོགས་པ་ཚེ་རིང་ནད་མེད་ཡོང་བའི་སླད་དུ་གསོལ་བ་སྨོན་ལམ་འདེབས་སྐབས། དཔེ་རིས་ཀྱི་སྤྱན་ལམ་དུ་སྣང་བརྙན་གསོན་པོ་ཞིག་སྤྲད་ཐུབ་ཀྱི་ཡོད། ལྷག་དོན་དུ་ཡིག་ངོ་མ་ཆོད་པའི་འཇིག་རྟེན་པ་རྣམས་ལ་ནང་བསྟན་ཆོས་ལུགས་སམ་གཞུང་དེའུ་བརྗོད་སྙིང་རྟོགས་པ་ལ་གཟིགས་བརྙན་གྱི་རྣམ་པའི་ཐོག་ནས་རོགས་འདེགས་ཀྱི་ནུས་པ་དཔེ་མི་སྲིད་ཐོན་གྱི་ཡོད་ལ། རི་མོས་ལོ་རྒྱུས་ཀྱི་དོད་བྱས་ནས་སྐབས་དེའི་གནས་ཚུལ་ཡང་མཚོན་ཐུབ་པ་བྲིས་དག་པའི་རི་མོ་ཞིག་གིས་རི་མོའི་སྦྱིན་བདག་གནང་མཁན་གྱི་དཔལ་འབྱོར་གྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གོ་གནས་སོགས་ཀྱང་མངོན་གྱི་ཡོད་པ་བཅས་ཡིན་ནོ།།

བུ་ཞབས་ལྷ་སྐུ་ནི་བོད་ཀྱི་གསུང་རབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། དེ་ནི་གནའ་དཔེའི་དབུ་ཤོག་གི་སྲིབ་ངོས་དང་། ཞབས་ཤོག་གི་ཉིན་ངོའི་གཡས་གཡོན་གཉིས་སུ་གསུང་རབ་ཀྱི་གཞུང་དང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་ཀྱི་སློབ་དཔོན་གོང་མ་དག་གི་སྐུ་བརྙན་དང་གཞུང་དེ་མཛད་མཁན་གྱི་མཛད་པ་པོ།  གསུང་རབ་དེ་བྲིས་དཔར་བཞེངས་སོགས་ཀྱི་བྱ་བར་དཔལ་འབྱོར་གྱི་ཐོག་ནས་ཕྱར་བ་གྲུ་འདེགས་གནང་མཁན་གྱི་སྦྱིན་པའི་བདག་པོ་དང་ནང་བསྟན་སྲུང་མ་སོགས་ཀྱི་སྐུ་བརྙན་བྲིས་བརྐོས་གནང་ཡོད་པ་དེ་ལ་དབུ་ཞབས་ཀྱི་ལྷ་སྐུ་ཞེས་བརྗོད་ཀྱི་ཡོད། གསུང་རབ་ཀྱི་དབུ་ཞབས་ལྷ་སྐུ་དེ་དག་ཀྱང་རང་རང་གི་འདོད་པ་གང་ཡོད་བྲིས་པ་ཞིག་མ་ཡིན་པར་དེ་དག་ལ་གོ་རིམ་ངེས་ཅན་ཞིག་ཡོད་པ་སྣང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་བསྟན་འགྱུར་གྱི་དཀར་ཆག་ལས། གླེགས་བམ་རྣམས་ཀྱི་དབུ་ཞབས་གཡས་གཡོན་དུ་བཞུགས་པའི་སྐུ་བརྙན་ལ། ཐོག་མར་བསྟོད་ཚོགས་ཀྱི་དབུར་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེའི་བསྟན་པ་ལ་བྱས་པ་ཅན་གྱི་ས་སྐྱ་བཎྜི་ཏ་གཉིས་དང་། དེ་ནས་རིམ་པར་རྒྱུད་སྡེ་གོང་འོག་གི་འགྲེལ་པ་རྣམས་རྒྱུད་སྡེ་རང་རང་ནས་འབྱུང་བའི་ཡི་དམ་གྱི་ལྷ་གཙོ་བོ།  དེའི་འགྲེལ་བྱེད་ཀྱི་སློབ་དཔོན་དང་། སོ་སོའི་དབང་དང་རྒྱུད་བཤད་ཀྱི་བླ་མ་འགའ་ཞིག་དང་། མཛད་པ་པོ་སོགས་སྔར་བརྐོས་ཟིན་ཏེ་གཙོས་པར་འགྱུར་འདོད་པའི་ལྷ་གཞན་དང་། འཕགགས་ཡུལ་གྱི་པཎྜི་ཏ་དང་གྲུབ་ཐོབ།  མཐར་རྒྱུད་སྡེ་ནས་བཤད་པའི་ཆོས་སྐྱོང་དང་ནོར་ལྷ་དང་། མདོའི་སྐོར་ལ། IMG_4125.JPG.jpgམངོན་རྟོགས་རྒྱན་གྱི་དབུར་སྟོན་པ་སངས་རྒྱས་དང་བསྟན་བཅོས་གསུང་བ་པོ་བྱམས་པ་དང་དེ་ནས་རིམ་པར་སངས་རྒྱས་སུམ་ཅུ་རྩ་ལྔ་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བཅུ་སོགས་དང་། མེ་ཏོག་བཀོད་པའི་མདོ་ལས་བྱུང་བའི་སངས་རྒྱས་ཉི་ཤུ་རྩ་གསུམ་གང་ཆུད་དང་། མངོན་པར་འཇམ་དཔལ་སོགས་བྱང་ཆུབ་སེམས་དཔའ་བརྒྱད་དང་། འདུལ་བར་ཐུབ་པ་གནས་བརྟན་བཅུ་དྲུག ཉན་ཆོས་མཆོག་བརྒྱད། རིག་གནས་སྐོར་ལ། སྔར་གྱི་སངས་རྒྱས་རྣམས་ལས་མ་རྫོགས་པ་རྣམས་ཚང་བར་བཀོད་པ་དང་། བསྟན་བཅོས་རང་རང་གི་མཛད་པ་པོ་དང་།  བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་དང་རྒྱལ་བློན་འགའ་རེ།  མཆོད་ཡོན་རྣམས་དང་ཆོས་རྒྱལ་སྤྱིའི་རྒྱལ་པོ་བཞིའི་སྐུ་བརྙན་བཅས་བྲིས་ཡོད།  ཅེས་པ་ལས་བོད་ཀྱི་གསུང་རབ་ཀྱི་དབུ་ཞབས་ལྷ་སྐུར་གོ་རིམ་ངེས་ཅན་ཞིག་མཆིས་པ་གོང་གི་ལུང་དང་གཤམ་གི་དཔེ་རིས་ལས་ཁ་གསལ་རྟོགས་ཐུབ།

དེ་མིན་ད་དུང་སྣར་ཐང་བཀའ་འགྱུར་གྱི་དབུ་ཞབས་ལྷ་སྐུ་ནི། གཞུང་སོ་སོའི་མདུན་ཤོག་ནང་མར་ལྷ་སྐུ་ཡོད་པ་ལས་གཞན་སྡེབ་གྲངས་ཀྱི་ཐོག་ཏུ་མེད།  དེ་དག་གི་གོ་རིམ་ནི་སྟོན་པ་ཤཱཀྱ་ཐུབ་པ་དང་རྣམ་ཐོས་སྲས་གཉིས་ཡོད།  དེ་རྗེས་ཤེར་ཕྱིན་ཡུམ་དང་དབྱངས་ཅན་ལྷ་མོ།  སྤྱན་རས་གཟིགས། ཚེ་ལྷ་རྣམ་གསུམ་བཅས་ཡིན། ལྷ་སའི་བཀའ་འགྱུར་གྱི་དབུ་ཞབས་ལྷ་སྐུ་ནི།  རིག་ཚན་སོ་སོའི་མདུན་ཤོག་ནང་མར་ལྷ་སྐུ་ཡོད་པ་ལས། པུ་སྟི་སོ་སོར་བར་འཇུག་གི་རི་མོ་མེད།  འདུལ་བའི་སྐོར་གྱི་པུ་ཏི་ཀ་པའི་ལྡེབ་གྲངས་དང་པོར་སྟོན་པ་ཤཱཀྱ་ཐུབ་པ་དང་། གཡས་གཡོན་སོ་སོར་ཤཱཀྱ་འོད་དང་ཡོན་ཏན་འོད། ལྡེབ་གྲང་གཉིས་ལྷ་སྐུ་གཅིག་མཚུངས་ཡིན། ཉི་ཁྲིར་སྟོན་པ་དང་གཡས་གཡོན་ཏུ་ཤར་རིའི་བུ་དང་མོང་གལ་བུ། བརྒྱད་སྟོང་དུ་སྟོན་པ་དང་དེའི་གཡས་གཡོན་དུ་ཀླུ་སྒྲུབ་དང་ཐོགས་མེད་རྣམ་གཉིས། མདོ་རྒྱ་ཆེར་དུ་སྟོན་པ་དང་ཁོང་གི་གཡས་གཡོན་དུ་སྤྱན་རས་གཟིགས་དང་འཕགས་པ་ཀུན་ཏུ་བཟང་པོ། དཀོན་ཅོག་བརྩེགས་པ་ལ་སྟོན་པ་དང་ནམ་མཁའི་སྙིང་པོ་བཞུགས་ཡོད། མདོ་སྐལ་བཟང་གི་དབུས་སུ་སྟོན་པ་དང་དེའི་གཡས་གཡོན་དུ་སངས་རྒྱས་མར་མེ་མཛད་དང་བྱམས་མགོན་གཉིས་བཞུགས་ཡོད། མདོ་མྱང་འདས་ཀྱི་དབུས་སུ་སྟོན་པ་དང་གཡས་གཡོན་དུ་སྲོང་བཙན་སྒམ་པོ་དང་ཐོན་མི་བཞུགས་ཡོད།  ལྡེབ་གྲངས་གཉིས་པའི་དབུས་སུ་ཇོ་བོ་རྗེ་དང་གཡས་གཡོན་དུ་རྗེ་རིན་པོ་ཆེ་དང་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་བཞུགས་ཡོད། ཅོ་ནེའི་དཔར་མར་གཞན་དང་མི་འདྲ་བ་ཞིག་ཡོད། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་ཆེས་ཉུང་། གཙོ་བོ་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱི་བརྙན་ཡིན། རྒྱུད་སྡེའི་པུ་ཏི་རྣམས་ལ་ཡི་དམ་གྱི་ལྷ་ཚོགས་བཀོད་མེད། དེའི་ཚབ་ཏུ་བྱང་སེམས་བརྒྱད་ཀྱི་གཙོས་པའི་གྲུབ་ཆེན། མདོའི་སྐོར་ལ་སྟོན་པ་དང་འཇམ་དབྱངས། རྗེ་རིན་པོ་ཆེ། རྒྱལ་མཆོག་ལྔ་པ་ཆེན་པོ། གཡས་གཡོན་ཕྱོགས་སུ་གོ་རིམ་ལྡན་པའི་ངང་ནས། རྒྱལ་བ་བྱམས་པ། སློབ་དཔོན་ཐོགས་མེད་ཀྱིས་གཙོས་པའི་རྒྱ་ཆེན་སྤྱོད་པའི་བླ་བརྒྱུད་རྣམས་ཡིན། གཡོན་ཕྱོགས་སུ་སློབ་དཔོན་ཀླུ་སྒྲུབ་དང་ཟླ་གྲགས་གཙོས་པའི་དབུ་མའི་བླ་བརྒྱུད་རྣམས་ཀྱི་སྐུ་བརྙན་ཡིན། ཕར་ཕྱིན་གྱི་སྐོར་ལ་འོད་དཔག་མེད་སོགས་རྒྱ་བོད་ཀྱི་མཁའ་གྲུབ་ཡིན། མདོ་དཀོན་མཆོག་བརྩེགས་དང་རྒྱ་ཆེན་བཤད་པར་སྒྲོལ་མ་ཉེར་གཅིག འདུལ་བའི་སྐོར་ལ་འཕགས་པའི་གནས་བརྟན་བཅུ་དྲུག་དང་རྒྱ་ཆེན་ཐོས་པའི་སྲས་གཉིད་ཡིན། མདོར་ན་གསུང་རབ་དེའི་ཕྱོགས་གཡས་སུ་གཞུང་ལུགས་དེ་ཐོག་མར་ལྗགས་རྩོམ་གནང་མཁན་ནམ་རང་རང་གྲུབ་མཐའ་སོ་སོའི་སྲོལ་འབྱེད་ཀྱི་སློབ་དཔོན་བཞུགས་སུ་བཅུག་པ་དང་། གཡོན་ཕྱོགས་སུ་གཞུང་དེ་བརྒྱུས་པ་འཛིན་མཁན་གྱི་སློབ་མའམ་བསྟན་པ་བྱས་པ་ཆེ་བའི་སྐྱེས་ཆེན་དམ་པ། སྲོལ་འབྱེད་ཀྱི་སློབ་དཔོན་དེའི་གསུང་ལས་སྐྱེས་པའི་ཐུགས་སྲས་ན་རིམ་བཞུགས་སུ་གསོལ་པ་སྟེ། གསུང་རབ་ཀྱི་ཕྱོགས་གཡས་ནས་འགོ་བརྩམས་ཏེ་གཡོན་དུ་རིམ་པ་བཞིན་བཀོད་གནང་ཡོད་པ་དེ་ནི་དབུ་ཞབས་ཀྱི་ལྷ་སྐུའི་གོ་རིམ་ཞིག་ཡིན།

 

བོད་ལ་ཆོས་རྒྱལ་སྐུ་དྲིན་ཅན་རྣམ་གསུམ་གྱི་མཛད་རྗེས་ལས་ནང་ཆོས་དར་འཕེལ་བྱུང་བའི་རྗེས་སུ་བོད་ཀྱི་འཇིག་རྟེན་མིག་གཅིག་ལྟ་བུའི་ལོ་པཎ་དང་། མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་དག་གིས་འབད་བརྩོན་ལས་ནང་ཆོས་དར་རྒྱས་བྱུང་། ལོ་པཎ་དང་མཁས་པ་དེ་དག་གིས་རང་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ཏེ་གསུང་རབ་གླེགས་བམ་ཁག་ལ་མཆན་འགྲེལ་བསྐྱོན་པ་དང་། དེ་དག་གི་བཤད་རྒྱུན་ཕ་བླ་མ་དམ་པའི་ངག་རྗེས་བུ་སློབ་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་བླ་ལྷག་ཏུ་མཛད་པ་ལས་རང་རེ་བོད་ལ་ས་སྐྱ་དང་། རྙིང་མ། བཀའ་གདམས་པ། དགེ་ལུགས་སོགས་ཀྱི་གྲུབ་མཐའ་འཛིན་པ་ཡང་བྱུང་། དེ་དག་རང་རང་སོ་སོའི་སྲོལ་འབྱེད་དམ་རྩ་བའི་བླ་མ་དང་སྦྱིན་བདག་མི་འདྲ་བའི་དབང་གིས་རང་གྲུབ་མཐའ་སོ་སོའི་བླ་ཆེན་གོང་མ་དག་གི་ལྗགས་རྩོམ་བྲིས་དཔར་སོགས་གནང་དུས་དབུ་ཞབས་ཀྱི་ལྷ་སྐུ་ཡང་གཙིགས་ཆེན་དུ་བཟུང་སྟེ་བཀོད་ཡོད།  

གཅིག་ནས་གསུང་རབ་དེ་དག་གི་མཛེས་ཆ་དང་གཉིས་ནས་རང་གི་སློབ་དཔོན་དམ་པ་མཚན་ནས་བརྗོད་པར་དཀའ་བ་རྣམས་ཀྱི་སྐུ་དྲིན་དྲན་ཤེས་དང་། མཛད་པ་པོ་རྣམས་ཁ་གསལ་ཡོང་ཕྱིར་གསུང་རབ་སོ་སོའི་དབུ་ཞབས་ལྷ་སྐུའི་བརྗོད་བྱ་བགྱིས་ཏེ། དབུ་ཞབས་ལྷ་སྐུའི་སྣང་བརྙན་གྱི་ཕྱག་མཚན་དང་སྒྱུ་རྩལ་སོགས་ལས་གསུང་རབ་དེ་གྲུབ་མཐའ་དང་དགོན་སྡེ་གང་ཞིག་གི་ཡིན་མིན་ཁ་ཚོན་གཅོད་ཐུབ་པའི་དགེ་མཚན་ཐོན་ཡོད། དཔེར་ན་ཨ་མེ་རི་ཁའི་བོད་རིག་པའི་མཁས་ཅན་ཕར(帕尔)གྱིས་མཛད་པའི་བོད་ཀྱི་གསུང་རབ་ཀྱི་མཛེས་རྒྱན《藏族佛典装饰》ཞེས་པའི་ནང་དུ། ད་ལྟ་ལོའོ་ཧྲན་ཅི་མཛེས་རྩལ་ཁང་དང་མི་སྒེར་གྱི་ཕྱག་ཏུ་ཉར་ཚགས་གནང་བའི་གཟུངས་སྔགས་བྲིས་མ་ལྡེབ་གྲངས་མ་ཚང་བ་པོད་གཅིག་ཡོད། ཕྱོགས་མང་པོའི་ངོས་ནས་བསྙད་ན། གཟུང་སྔགས་བྲིས་མ་དེ་ནི་དཔལ་ཞ་ལུ་དགོན་གྱི་ཕྱག་དཔེ་ཡིན་པར་ཐག་བཅད་ཆོག  རྒྱུ་མཚན་ནི་གསུང་རབ་དེའི་དབུ་ཞབས་ལྷ་སྐུའི་ཁྲོད་དུ། བུ་སྟོན་རིན་ཆེན་གྲུབ་ཀྱི་སྐུ་བརྙན་ཡོད་པའི་རྒྱུ་མཚན་གྱིས་ཡིན། ཞེས་གསུངས་འདུག བུ་སྟོན་རིན་ཆེན་གྲུབ་ནི་དུས་རབས13པའི་ནང་དུ་བྱོན་པའི་སྙན་གྲགས་པ་ཕྱོགས་བཅུར་ཁྱབ་པའི་མཁས་པ་ཞིག་ཡིན། ས་ལུགས་ཀྱི་ཡ་གྱལ་ཏེ་བུ་ལུགས་ཀྱི་སྲོལ་ཡང་གཏོད་གནང་། ལྡེབ་གྲངས་སོ་སོའི་གཞོགས་གཡས་གཡོན་དུ་མཛེས་ཆོས་ཀྱིས་ལྷ་སྐུས་བརྒྱན་ཡོད། ལྷ་སྐུ་དེ་དག་གི་རྡོ་རྗེ་ཐེག་པའི་ལྷ་ཚོགས་དང་ཀླུ་སྒྲུབ་ཀྱི་སྣང་བརྙན་བཅས་ཡིན། མ་གཞི་རྒྱ་གར་ལོ་རྒྱུས་ཐོག་ཀླུ་སྒྲུབ་ཅེས་པའི་མཚན་ཅན་གྱི་སློབ་དཔོན་ཁོ་ན་མ་ཡིན་པར་ཁ་ཤས་བྱོན་ཡོད་ཀྱང་། འོན་ཏེ་སྐུ་བརྙན་དེ་དག་གི་ཁྲོད་ནས་བྱོན་ལེགས་ཤོས་ཀྱི་སྣང་བརྙན་དེ་ནི་དུས་རབས2པའི་ནང་དུ་བྱོན་པའི་རླབས་ཆེན་གྱི་དབུ་མའི་ལུགས་ཀྱི་མཚན་ཉིད་རིག་པ་མཁན་ཅན་ཀླུ་སྒྲུབ་ཡིན་འདུག ཁོང་གི་མཚན་དུ་ནཱ་ག་ཞེས་པའི་ཚིག་འདི་ལས་ཁོང་གིས་ཤེར་ཕྱིན་བརྒྱད་སྟོང་པ་ཀླུ་ཡུལ་ནས་གདན་དྲངས་གནང་བར་བརྟེན་ཁོང་གི་སྐུ་བརྙན་གྱི་དབུ་ཐོད་དུ་ཡང་ཀླུ་ཡི་མཚོན་བྱེད་སྦྲུལ་མགོས་བརྒྱད་ཡོད་པ་ལས་ངོ་མཁྱེན་སླ། 

ཡང་གསུང་རབ་ཀྱི་དབུ་ཞབས་ལྷ་སྐུ་དང་བཅས་པའི་མདུན་ཤོག་ནང་མར་མཛེས་རྒྱན་གྲ་རྒྱ་ཤོས་ཀྱི་གསུང་པོད་ཅིག་ད་ལྟ་རྒྱ་གར་དྷི་ལིར་ཡོད་པའི་བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་དུ་བཞུགས་ཡོད། གསུང་པོད་དེའི་མཚན་བྱང་དང་དབུ་ཞབས་ལྷ་སྐུ་ཚང་མར་ཆ་ཡོངས་ནས་མཛེས་རྒྱན་སྦྲས་ཡོད་དེ། རྡོ་ཞོ་ལས་སྐྱོ་སྦྱར་བཏང་སྟེ་འབུར་བརྐོས་སྒྱུ་རྩལ་གྱི་རྣམ་པ་ཐོན་ཡོད་པ་དེ་དག་ལ་གསེར་ཆུ་འབོར་ཆེན་བཏང་ཡོད། མདུན་ཤོག་ནང་མའི་ནང་དུ་བྲིས་པའི་ཡི་གེའི་འགོར་མུ་ཏིག་གིས་ཕྲ་བཏབ་ཡོད། མཚན་བྱང་དེ་དག་དང་དབུ་ཞབས་ཀྱི་རྟེན་འབྲེལ་མཚོན་བྱེད་ཀྱི་མཆོད་རྫས་དང་མཆོད་རྟེན་ཚང་མར་གསེར་མཚོན་གྱིས་མདོག་བསྒྱུར་བའི་ཆུ་འཛིན་སྟེང་བྲིས་ཡོད།  མདུན་ཤོག་ནང་མའི་དབུ་ཞབས་ལྷ་སྐུའི་པད་ཁྲི་ནི་ཚེམ་དྲུབ་ཅིག་ཡིན། གཞོགས་གཡོན་དུ་སྟོན་པའི་སྣང་བརྙན་དང་། གཞོགས་གཡས་སུ་རི་བོ་དགེ་ལུགས་སྲོལ་གཏོད་མཁན་གྱི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྣང་བརྙན་ཡིན། སྐུ་བརྙན་དེ་དག་སོ་སོའི་མདུན་དུ་མུ་ཏིག་གི་གང་བའི་སྡེར་མ་རེ་ཕུལ་ཡོད། མ་གཞི་ངེད་ཚོས་ཕྱག་དཔེ་དེའི་མཚན་བྱང་གཏན་འཁེལ་བ་ཞིག་སྨྲ་དཀའ་ཡང་། ཕྱག་དཔེ་དེ་རི་བོ་དགེ་ལུགས་པའི་དགོན་སྡེ་ཞིག་གི་ཡིན་པ་ནི་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲས་ཆོག་ཅེས་གསུངས་པ་ལས་ཕྱག་དཔེ་དེ་དག་གི་འབྱུང་ཁུངས་དང་གྲུབ་མཐའ་ཅི་ཞིག་གི་ཡིན་མིན་མགོ་བཏགས་ཕུད་ཐུབ་པ་བྱུང་ཡོད་པ་ནི་དབུ་ཞབས་ལྷ་སྐུའི་བརྗོད་བྱར་ལུང་ཁུངས་བཅོལ་གནང་ཏེ་གསུངས་བཞག་པ་ཤ་སྟག་རེད་འདུག  དེས་ན་གྲུབ་མཐའ་སོ་སོའི་དབུ་ཞབས་ལྷ་སྐུར་རྒྱུན་དུ་བརྐོ་བྲིས་བགྱིས་པའི་སྐུ་བརྙན་ནི་འདི་ལྟར་ཏེ།


དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་གསུང་རབ་ཀྱི་ཁྱད་ཆོས་ཤིག་ཡིན། ཁྱད་ཆོས་དེ་དག་ནི་རྒྱ་དཀར་ནག་དང་བལ་ལུགས་ཀྱི་ཁྱད་ཆོས་གང་གི་ཁོངས་སུའང་གཏོགས་པ་ཞིག་མིན། བོད་ཀྱི་གསུང་རབ་གྱི་མཚན་བྱང་དང་གཞུང་དངོས་ལ་མཛེས་རྒྱན་ཀླུབས་རྒྱུར་སྤྲོ་སྣང་ལྡན་པ་མ་ཟད་གསུམ་རབ་ཀྱི་དབུ་ཞབས་ལྷ་སྐུར་ཆེས་དམིགས་བསལ་གྱིས་དང་དོད་གནང་གི་ཡོད། དེ་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རིག་གནས་ལས་བྱུང་བ་ཞིག་ཡིན། ངེད་མེས་པོ་རྣམས་ཀྱི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ནང་བསྟན་ལྷ་ཚོགས་ལས་གསུང་རབ་ལ་རྒྱན་སྤྲས་པ་དང་། ལྷག་དོན་དུ་ལྷག་བསམ་ཞེན་པ་དཀར་པོས་རང་རང་གི་བླ་མ་དམ་པར་ཁྱད་དུ་འཕགས་པར་བསྙེན་བཀུར་གནང་སྟེ་སྐུ་བརྙན་བརྐོ་འབྲི་གནང་སྟབས།  མཛེས་རྒྱན་གྱི་རྣམ་པ་མི་འདྲ་བའི་དབུ་ཞབས་ལྷ་སྐུའི་ཁྲོད་དུ་རྟག་ཏུ་བླ་མ་དམ་པའི་སྐུ་བརྙན་མཇལ་རྒྱུ་ཡོད།

དཔེར་ན་གོང་གི་གསུང་རབ་དེའི་དབུ་ཞབས་ལྷ་སྐུ་ལ་གཟིགས་ཚེ། སྐུ་བརྙན་དེའི་ནང་ནས་དབུས་སུ་བཞུགས་པ་དེ་ནི་རྙིང་མ་བའི་སོ་ཟུར་གནུབས་གསུམ་ཞུ་བའི་ནང་གི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞི་བ་དེ་ཡིན། ཁོང་ནི་དུས་རབས་བརྒྱད་པའི་སྟོད་དུ་བྱོན་པའི་གསང་སྔགས་རྙིང་མའི་སློབ་དཔོན་གྲགས་ཅན་ཞིག་ཡིན། གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱོགས་གཡས་གཡོན་གཉིས་སུ་བཞུགས་པའི་སྐུ་བརྙན་དེ་ནི་ཟུར་ཆེན་ཆུང་རྣམ་གཉིས་ཏེ། ཟུར་ཆེན་ཤཱཀྱ་འབྱུང་གནས(1002-1062)དང་ཟུར་ཆུང་ཤེས་རབ་གྲགས་པ(1014-1076)ཞུ་བ་ཁོང་རྣམ་གཉིས་ཡིན། ཁོང་རྣམ་གཉིས་ནི་གསང་སྔགས་རྙིང་མའི་སློབ་དཔོན་ཞིག་ཡིན་གཤིས་གསུང་རབ་དེའི་དབུ་ཞབས་ལྷ་སྐུའི་ནང་དོན་ལས་གསུང་རབ་དེ་གྲུབ་མཐའ་གང་ཞིག་གི་ཡིན་པ་ཐད་ཀར་ཁ་ཚོན་གཅོད་ཐུབ་པ་ནི་དབུ་ཞབས་ལྷ་སྐུའི་དྲིན་ཡིན་སྟབས་གསུང་རབ་ཀྱི་དབུ་ཞབས་ལྷ་སྐུར་དོ་གལ་བྱ་རྒྱུ་གལ་ཆེ།




上一篇:བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཁྲོད་མཚོ་སྔོན་གྱིས་བཏོན་པའི་ནུས་པ་དང་གོ་གནས།

下一篇:ཡུལ་ཤུལ་ལྡོང་ཚང་གི《བཀའ་བསྟན》ཏེ། ཁྱིམ་རྒྱུད་གཅིག གསུང་རབ་གཅིག ལོ་ངོ་སྟོང་གཅིག

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872309 位访客