བོད་བརྒྱུད་ནང་བསྟན་འཕེལ་རྒྱས་ཁྲོད་མཚོ་སྔོན་གྱིས་བཏོན་པའི་ནུས་པ་དང་གོ་གནས།

发布时间:2017-07-14 04:16:24

 དེ་ཡང་སངས་རྒྱས་བསྟན་པ་ནི་གནའི་རྒྱ་གར་དུ་དར་ཞིང་། དུས་རབས་བདུན་པའི་སྐབས་ལ་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་དེ། བོད་ཡུལ་དུ་སྔར་ཡོད་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་ཆོས་དང་གདོང་གཏུག་མང་པོ་བྱུང་བའི་ཁྲོད་མཉམ་འདྲེས་བྱུང་སྟེ་རིམ་བཞིན་དུ་མཐོ་སྒང་གི་མི་རིགས་རང་བཞིན་ལྡན་ཞིང་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ལྟ་བུ་སྟེ་བོད་བརྒྱུད་ནང་བསྟན་འདི་ཉིད་ཆགས་པ་རེད། བོད་བརྒྱུད་ནང་བསྟན་གྱི་བྱུང་བ་དང་འཕེལ་རྒྱས་ཀྱི་ས་གནས་གཙོ་བོ་ནི་བོད་ལྗོངས་ཡིན། དེ་བས་ནང་བསྟན་ལ་ཞིབ་འཇུག་བྱེད་མཁན་རྣམས་བོད་ལྗོངས་ལ་སྤྲོ་སྣང་ཚད་མེད་སྐྱེ་བཞིན་ཡོད། ཡིན་ནའང་། ལོ་རྒྱུས་ལ་ལྟོས་ན། བོད་བརྒྱུད་ནང་བསྟན་གྱི་གྲུབ་པ་དང་འཕེལ་རྒྱས་ནི་ཧ་ཅང་རྙོག་དྲ་ཆེ་བའི་གོ་རིམ་ཞིག་ཡིན་ལ། ས་ཕྱོགས་གཅིག་གི་གནས་ཚུལ་གྱིས་གསལ་བཤད་བྱེད་དཀའ་བ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ཁྲོད་ང་ཚོ་མཚོ་སྔོན་གྱིས་བཏོན་པའི་ནུས་པ་ལ་སྣང་མེད་དུ་འཇོག་མི་རུང་ངོ་། །

  དང་པོ། མཚོ་སྔོན་ས་ཆ་ནི་བསྟན་པ་ཕྱི་དར་གྱི་འབྱུང་གནས་ཡིན།

  སངས་རྒྱས་ཆོས་ལུགས་དེ་ཉིད་བོད་ཡུལ་དུ་འཕེལ་བའི་གོ་རིམ་ལ་བསྟན་པ་སྔ་དར་དང་བསྟན་པ་ཕྱི་དར་གཉིས་སུ་དབྱེ་ཡོད་དེ། སངས་རྒྱས་ཆོས་ལུགས་བོད་ལྗོངས་སུ་དར་བ་ནས་གླང་དར་མས་ཆོས་བསྣུབས་པའི་བར་ནི་བསྟན་པ་སྔ་དར་ཀྱི་དུས་ཡིན་ལ། དུས་སྐབས་དེ་ལ། བོད་ཀྱི་བཙན་པོ་དག་གིས་ཤུགས་ཆེན་པོའི་སྒོ་ནས་ཆོས་གཞུང་བསྒྱུར་ཅིང་། བསམ་ཡས་གཙུག་ལག་ཁང་བཞེངས་པ། སད་མི་བདུན་རབ་ཏུ་བྱུང་བར་མཛད་དེ་སོ་ཐར་འདུལ་བའི་བསྟན་པ་སྤེལ་བ་སོགས་ཆོས་ཀྱི་འཁོར་ལོ་བསྐོར། ཡིན་ནའང་དེ་ཉིད་བོད་ཡུལ་དུ་དར་བ་ལ་བོན་ཆོས་ཀྱིས་བགེགས་དང་བར་ཆད་མང་པོ་བཏང་མྱོང་བ་རེད། བོན་ཆོས་ནི་སངས་རྒྱས་བསྟན་པ་མ་དར་གོང་བོད་པ་རྣམས་ཀྱིས་དད་མོས་བྱེད་པའི་གདོད་མའི་ཆོས་ལུགས་ཤིག་ཡིན་ཏེ། གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དེ་ཉིད་ནི་སྲིད་སྐྱོང་གི་ཆོས་ལུགས་ཡིན། ལོ་རྒྱུས་དེབ་ཐེར་ལྟར་ན། བན་བོན་གཉིས་འགྲན་རྩོད་ཐེངས་བཞི་བྱུང་མྱོང་སྟེ། འགྲན་རྩོད་བྱུང་ཐེངས་རེར་སངས་རྒྱས་བསྟན་པ་ལ་གནོད་པ་ཚབས་ཆེན་ཐེབས། གནོད་པ་ཆེས་ཆེ་བ་ནི་སྤྱི་ལོ841ལོར་བྱུང་བའི་གླང་དར་མས་ཆོས་བསྣུབས་པའི་དོན་རྐྱེན་ཡིན་ནོ། །《རྒྱལ་རབས་གསལ་བའི་མེ་ལོང》ལས། "རབ་ཏུ་བྱུང་བ་རྣམས་ལ་ལ་ཤན་པ་བཅོས། ལ་ལ་རྟགས་དང་ཕྲལ། ལ་ལ་རི་དྭགས་བཤོར་དུ་བཅུག མ་ཉན་པ་རྣམས་སྲོག་དང་ཕྲལ། ལྷ་ཁང་འཇིག་པའི་སྔོན་མ་ལྷ་ས་ལ་བྱས་ཏེ། ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར་གསུངས་པ་ཆོས་བློན་རྣམས་ཀྱིས་ཐབས་བྱས་ཏེ། ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར"ཞེས་པ་དང་། "ལྷ་ས་དང་བསམ་ཡས་ལ་སོགས་པའི་སྒོ་རྩིག གཞན་ལྷ་ཁང་ཆུང་བ་ཐམས་ཅད་བཤིག གླེགས་བམ་ལ་ལ་ཆུ་ལ་བསྐྱུར། ལ་ལ་མེ་ལ་སྲེགས། ལ་ལ་གཏེར་བཞིན་སྦས་སོ"ཞེས་འཁོད་པ་ལྟར། གླང་དར་མས་ཆོས་བསྣུབས་པའི་དོན་རྐྱེན་ནི་སངས་རྒྱས་བསྟན་པ་བོད་ཡུལ་དུ་འཕེལ་རྒྱས་ཀྱི་དོན་དག་གལ་ཆེན་ཞིག་ཡིན་ལ། སངས་རྒྱས་བསྟན་པ་བོད་ཡུལ་དུ་དར་བ་ནས་གླང་དར་མས་ཆོས་བསྣུབས་པའི་བར་ལ་ལོ་ངོ216ཙམ་འགོར་ཡོད། གླང་དར་མས་ཆོས་བསྣུབས་པ་ནས་བཟུང་སངས་རྒྱས་བསྟན་པའི་དར་སྤེལ་རེ་ཞིག་མཚམས་བཞག་པ་རེད།

  དེའི་རྗེས་ཀྱི་ལོ་ངོ130ཙམ་གྱི་རིང་ལ། དབུས་གཙང་དང་། མངའ་རིས་སོགས་ས་ཆ་རུ། སྔོན་ཆད་རབ་བྱུང་བའི་དགེ་འདུན་གྱི་མིང་ཙམ་མ་གཏོགས་སངས་རྒྱས་བསྟན་པའི་ཤུགས་རྐྱེན་མི་མཐོང་བར་གྱུར། སྤྱི་ལོ978ལོར་སངས་རྒྱས་བསྟན་པ་སླར་ཡང་བོད་ལྗོངས་སུ་དར་སྤེལ་བྱུང་ཞིང་། དེ་ནི་མཚོ་སྔོན་དང་ཐད་ཀར་དུ་འབྲེལ་ཡོད་པ་རེད། ལོ་རྒྱུས་དེབ་ཐེར་ལྟར་ན། གླང་དར་མས་ཆོས་བསྣུབས་པའི་སྐབས་སུ། བོད་ལྗོངས་ཀྱི་དགེ་འདུན་གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱཀྱ་མི་ནེ་རྣམ་གསུམ་གྱིས་དམ་ཆོས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས་ས་ཆ་མང་པོ་བརྒྱུད་དེ་མཐར་མདོ་སྨད་ལྷོ་ངོས་བེ་རེའི་ས་ཆ་དེའུ་ཚ་མཚོ་བརྒྱུད་རྨ་ལུང་རྡོ་རྗེ་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ཏེ་དམ་ཆོས་སྤེལ། ཁོང་རྣམ་གསུམ་ལ་རྗེས་རབས་པ་རྣམས་ཀྱིས"མཁས་པ་མི་གསུམ"ཞེས་གུས་པའི་མཚན་ཕུལ། དེ་ནས་དམར་གཡོ་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་མཇལ་ཏེ་དབུས་གཙང་དུ་འདུལ་བའི་བསྟན་པ་མི་ནུབ་གོང་དུ་འཕེལ་བའི་བསྟན་པའི་ས་བོན་རིམ་བཞིན་སྤེལ། བླ་ཆེན་དགོངས་པ་རབ་གསལ་ནི་ཙོང་ཁ་བདེ་ཁམས་སུ་སྐུ་བལྟམས། དེ་ཉིད་སྐྱ་བོའི་སྐབས་སུ་མཚན་དུ་ཀ་ར་འཕན་དང་། དགུང་ལོ20ལ་རབ་བྱུང་གི་སྡོམ་པ་བཞེས། མཚན་དུའང་ཡེ་ཤེས་རྒྱལ་མཚན་ཞེས་གསོལ། བུ་སྟོན་གྱི་བཞེད་པ་ལྟར་ན་ལྕགས་མོ་བྱ་ལ་བསྟན་པ་ནུབ་ནས་བདུན་ཅུ་རྩ་གསུམ་པ་ཆུ་མོ་བྱ་ལ་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་དེ་ནས་བསྟན་པ་ཕྱི་དར་འགོ་ཚུགས་པར་གསུངས། དེ་ནས་བྱང་ཕྱོགས་སུ་ཕེབས་ཏེ་ཅང་ཨིན་རྩེ་མཁར་མི་ཉག་སྙའི་ཡུལ་དུ་བྱོན་ནས་གོ་རོང་སེང་གེ་གྲགས་ལས་འདུལ་བ་གསན་པས་འདུལ་བ་ལུང་སྡེ་བཞི་བསྟན་བཅོས་སོགས་མངོན་པའི་ཐེག་པ་ཆེན་པོ་ལོ་བཅུ་གཉིས་ཀྱི་བར་གསན། དེ་སྐབས་ཅིག་ཆར་འཇུག་པའི་རྣལ་འབྱོར་བ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་ཅན་མང་བས་དེ་དག་གི་ལྟ་བ་སུན་འབྱིན་པའི་ཆེད་ལྷ་དང་མཆོད་རྟེན་དཔག་ཏུ་མེད་པ་བཞེངས་ཏེ་ཚོན་དང་བཟོ་ལ་སོགས་པ་ཡང་རང་གིས་མཛད་དེ་འདུས་བྱས་ཀྱི་དགེ་བའི་རྩ་བར་བརྩོན་པར་མཛད། དམ་པའི་སྤྱོད་པ་འདི་ལྟ་བུར་དད་པ་སྐྱེས་ནས་སྤ་གོར་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང། བླ་ཆེན་པོ་དགུང་ལོ་ང་བཞི་བར་ཀླུ་མེས་དང་འབྲིང་ཡེ་ཤེས་ཡོན་ཏན་སོགས་དབུས་གཙང་མི་བཅུའི་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་མཛད་པ་དེ་ནས་བཟུང་དབུས་གཙང་དུ་འདུལ་བའི་བསྟན་པ་དར་བའི་རྩ་ལག་ཆེན་པོར་གྱུར། དེ་ལས་ཀླུ་མེས་དང་འབྲིང་གཉིས་དབུས་སུ་ཡར་ཕེབས་རྗེས་སྡོམ་རྒྱུན་སྤེལ་བར་མཛད་པས་སློབ་བརྒྱུད་མང་དུ་འཕེལ་ཞིང་། དེ་སྡོམ་རྒྱུན་དང་བཤད་རྒྱུན་སྤེལ་བར་མཛད་པའི་སློབ་བརྒྱུད་ཀ་བ་བཞི་དང་གདུང་བཞི། གྲལ་བ་བཞི་ལ་སོགས་མང་པོ་བྱུང་། དེས་ན་ཀླུ་མེས་ནི་བོད་ཀྱི་བསྟན་པ་ཕྱི་དར་སྐབས་མཛད་རྗེས་ཆེ་བའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན་དང་། བསྟན་པ་སྤེལ་བར་བཀའ་དྲིན་ཆེ་བའི་མཁས་བཙུན་དུ་མ་སྤེལ་ཡོད་པ་རེད། ལྷག་པར་དུ་བླ་ཆེན་དགོངས་པ་རབ་གསལ་ནི་ཐམས་ཅད་ཀྱི་མེས་པོ་ལྟ་བུར་གྱུར་ཡོད། དེ་ཡང་བོད་ལྗོངས་སུ་ཆོས་བསྣུབས་པའི་སྐབས་སུ་མཚོ་སྔོན་ས་ཆ་རུ་བསྟན་པའི་མེ་རོ་བླངས་ཡོད་པས། སངས་རྒྱས་བསྟན་པ་བོད་ཡུལ་དུ་སླར་གསོ་བྱེད་པ་ལ་ནུས་པ་གལ་ཆེན་བཏོན་ཡོད་པར་འདོད།

  གཉིས་པ། མཚོ་སྔོན་ནི་བོད་བརྒྱུད་ནང་བསྟན་མི་རིགས་གཞན་དང་འབྲེལ་བའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན།

  བོད་བརྒྱུད་ནང་བསྟན་དེ་ཉིད་བོད་ཡུལ་དུ་གྲུབ་པ་ཡིན་མོད། འོན་ཀྱང་དེའི་ཤུགས་རྐྱེན་ནི། བོད་བརྒྱུད་ནང་བསྟན་སྤེལ་བའི་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ཀྱི་རིང་ལ། དེ་ཉིད་སྔ་རྗེས་སུ་སོག་པོའི་ས་ཆ་དང་། ཀན་སུའུ། ཧྲན་ཞི། པེ་ཅིན་སོགས་ས་ཆ་རུ་བརྒྱུད་ཅིང་། སོག་པོ་དང་། ཡུས་ཀུའུ། ཧོར་སོགས་གྲངས་ཉུང་མི་རིགས་དང་རྒྱ་རིགས་ཁག་ཅིག་གི་ཆོས་ལུགས་སུ་གྱུར་པ་རེད། བོད་བརྒྱུད་ནང་བསྟན་མི་རིགས་འདི་དག་གིས་དང་ལེན་བྱེད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཁོ་བོས་བསམ་ན་དེ་ནི་བོད་བརྒྱུད་ནང་བསྟན་སྐབས་དེ་དུས་ཀྱི་མི་རིགས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་དང་མཐུན་པར་སྙམ། འོན་ཀྱང་ཕྱི་ངོས་ཀྱི་རྒྱུ་རྐྱེན་ལ་བལྟས་ན། དེ་ནི་ལོ་རྒྱུས་མི་སྣ་ཁག་ཅིག་གི་ཧུར་བརྩོན་དང་མཚོ་སྔོན་འདི་ལྟ་བུའི་ཁྱད་པར་ཅན་གྱི་ས་གནས་ཀྱིས་བཏོན་པའི་ནུས་པ་དང་འབྲལ་ཐབས་མེད་པར་འདོད། མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་ཡོད་ཅིང་། ས་སེར་མཐོ་སྒང་དང་འབྲེལ་ཡོད་ལ། དེ་ནི་རང་རྒྱལ་གྱི་ལོ་རྒྱུས་སྟེང་ཞིང་འབྲོག་སྣོལ་འདྲེས་ཆེ་བའི་ས་ཆ་ཞིག་ཡིན། དེ་ཡང་མཚོ་སྔོན་ད་དུང་རང་རྒྱལ་མི་རིགས་མང་པོ་དར་རྒུད་ཀྱི་གར་སྟེགས་ཆེན་མོ་ཞིག་རེད། ལོ་རྒྱུས་སྟེང་གི་གནའི་འཇང་རིགས་དང་། འ་ཞ། བོད་པ། རྒྱ་རིགས་སོགས་ས་ཆ་འདི་རུ་ཧ་ཅང་གལ་ཆེན་གྱི་ནུས་པ་བཏོན་མྱོང་ལ། ད་ལྟ་མཚོ་སྔོན་ས་ཆ་བོད་རིགས་དང་། སོག་རིགས། ཧོར་རིགས། ཧུའེ་རིགས། ཟ་ལར་རིགས་སོགས་ཀྱི་ཁྱིམ་གཞིར་གྱུར་ཡོད། མཚོ་སྔོན་ནི་རང་རྒྱལ་གྱི་འབྲོག་ལས་རིག་གནས་དང་ཞིང་ལས་རིག་གནས། གྲངས་ཉུང་མི་རིགས་རིག་གནས། རྒྱ་རིགས་རིག་གནས། མཐོ་སྒང་རིག་གནས། དབུས་རྒྱུད་རིག་གནས་སོགས་ཧ་ཅང་གལ་ཆེན་གྱི་འདུ་གནས་ཤིག་ཡིན་ནོ། །མཚོ་སྔོན་གྱི་འདི་ལྟ་བུའི་ས་རྒྱུས་ཁྱད་ཆོས་དང་རིག་གནས་ཁྱད་ཆོས་དེ་བོད་བརྒྱུད་ནང་བསྟན་དེ་ཉིད་སོག་པོ་དང་ཧོར་རིགས། རྒྱ་རིགས་སོགས་མི་རིགས་གཞན་པའི་བར་འདྲེས་པ་ལ་མཐུན་རྐྱེན་བསྐྲུན་ཡོད་པ་རེད། བོད་བརྒྱུད་ནང་བསྟན་སོག་པོ་ས་ཆ་རུ་སྤེལ་བ་དེ་ཡོན་རྒྱལ་རབས་ཀྱི་དུས་མགོ་ཡིན། ཡིན་ནའང་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་ཤུགས་རྐྱེན་ཆེན་པོ་མ་ཐེབས། སྤྱི་ལོ1559ལོ་ནས་སྤྱི་ལོ1573ལོའི་བར་ལ་སོག་པོ་ཨལ་ཐན་ཆོས་ཀྱི་རྒྱལ་པོས་མཚོ་སྔོན་ས་ཆ་སྔ་རྗེས་སུ་ཐེངས་གཉིས་ལ་དབང་བསྒྱུར་བ་དང་། སངས་རྒྱས་བསྟན་པའང་མི་རིགས་ཀྱི་བཀག་རྒྱ་ལས་གྲོལ་ཏེ་སོག་པོའི་ས་ཆ་རུ་དར་ཐུབ་པ་རེད། དེ《སོག་པོའི་ཆོས་འབྱུང》ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སྤྱི་ལོ1577ལོར་སོག་པོ་ཨལ་ཐན་ཆོས་ཀྱི་རྒྱལ་པོས་སྔ་ཕྱིར་སྤྱན་འདྲེན་ཞུས་པ་བཞིན་བྱང་ཕྱོགས་སོག་ཡུལ་ཏེ་ད་ལྟའི་མཚོ་སྔོན་ས་ཆ་རུ་རིས་མེད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྤེལ་བར་ཆིབས་ཁ་བསྒྱུར་ཞེས་འཁོད་ཡོད་ལ། རྒྱལ་དབང་མཆོག་ནས་ཨལ་ཐན་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཞེས་པའི་མཚན་གནངས། སོག་ཡུལ་ལ་དམ་པའི་ཆོས་རྒྱ་ཆེར་བསྐོར། སོག་པོ་བརྒྱ་ཕྲག་མང་པོ་རབ་ཏུ་བྱུང་། ཕྱུགས་ཟོག་བསད་ནས་མཆོད་པའི་ལུགས་སྲོལ་བཅོས་པར་མཛད།

  ཧོར་དང་མཚོ་སྔོན་གྱི་རྒྱ་རིགས་ནི་མཚོ་སྔོན་གཏན་སྡོད་གྱི་མི་རིགས་ཡིན་པ་དང་། ཁོང་ཚོའི་ནུབ་ཕྱོགས་དང་ཤར་ཕྱོགས། ལྷོ་ཕྱོགས་ཚང་མ་མཚོ་སྔོན་དང་ཀན་སུའུ་ཡི་བོད་ཁུལ་ཡིན་ཞིང་། བྱང་ཕྱོགས་ནི་སོག་ཁུལ་ཡིན། ཁོང་ཚོ་ནི་བོད་བརྒྱུད་ནང་བསྟན་དར་བའི་ས་ཆ་དང་མི་རིགས་ཀྱི་བར་དུ་གནས་ཡོད། དེ་དང་དུས་མཚུངས་སུ་མཚོ་སྔོན་ས་ཆ་ནི་བླ་མཆོག་རྣམས་ཀྱིས་རྒྱལ་ཆེན་གོང་མར་མཇལ་བའི་བརྒྱུད་ལམ་ཞིག་ཡིན་པས། དེ་ནི་བོད་བརྒྱུད་ནང་བསྟན་ཧོར་རིགས་དང་མཚོ་སྔོན་གྱི་རྒྱ་རིགས་སོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ཕྱི་ངོས་ཀྱི་རྒྱུ་རྐྱེན་ཞིག་ཡིན། དེ་མིན་མཚོ་སྔོན་ནི་བོད་རིགས་དང་ཧོར་རིགས། རྒྱ་རིགས། སོག་རིགས་སོགས་འདྲེས་མར་སྡོད་པའི་ས་ཆ་ཞིག་ཡིན་པས། བོད་བརྒྱུད་ནང་བསྟན་ཧོར་རིགས་དང་རྒྱ་རིགས་སོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ནང་ཡོད་ཀྱི་རྒྱུ་རྐྱེན་ཡིན། བསྡོམས་རྩིས་ལྟར་ན། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ། མཚོ་སྔོན་གྱི་ཧོར་རིགས་ས་ཆ་རུ་སྔ་རྗེས་སུ་མཆོད་རྟེན་ཐང་དང་། ཀྲུའུ་ཅ་དགོན་པ་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་གནས40ལྷག་བཏབ་ཡོད་པ་དང་། མཚོ་སྔོན་གྱི་རྒྱ་རིགས་ས་ཆ་རུ་སྔ་རྗེས་སུ་ཆུས་ཐན་དགོན་དང་། ཧུང་ཧྭ་དགོན་སོགས་དགོན་གནས70ལྷག་བཏབ་ཡོད་པ་རེད།

  གསུམ། མཚོ་སྔོན་དུ་བོད་བརྒྱུད་ནང་བསྟན་གྱི་མཁས་པ་མང་པོ་བྱུང་ཡོད།

  མཚོ་སྔོན་ནི་མི་རིགས་སོ་སོའི་རིག་གནས་འབྲེལ་འདྲིས་ཆེ་བའི་ས་ཆ་གལ་ཆེན་ཞིག་ཡིན་ཞིང་། འདི་རུ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་བཅུད་འདུས་ཡོད། སངས་རྒྱས་བསྟན་པ་ས་ཆ་འདི་རུ་བརྒྱུད་པ་ནས་བཟུང་། ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་ཡོད་དེ། ཆེས་མངོན་གསལ་གྱི་མཚོན་རྟགས་ནི། སངས་རྒྱས་བསྟན་པ་དར་བ་ནས་བཟུང་། མཚོ་སྔོན་དུ་དགེ་བའི་བཤེས་གཉེན་གྲངས་ཀྱིས་མི་ལང་བ་བྱུང་སྟེ་བོད་བརྒྱུད་ནང་བསྟན་གྱི་དར་འཕེལ་ལ་མཛད་རྗེས་ཆེན་པོ་བསྐྲུན་ཡོད། མཚོ་སྔོན་ས་ཆའང་སངས་རྒྱས་བསྟན་པའི་མཁས་ཆེན་མང་པོ་དར་བའི་ས་ཆ་ཡིན་ཞེས་གཞན་ཕྱོགས་སུ་གྲགས། རགས་རྩིས་ལྟར་ན། མིང་གྲགས་ཅན་གྱི་མཁས་པ་མི200ལྷག་ཡོད། དེ་དག་ལས་ཆེས་ཕུལ་ཏུ་བྱུང་བ་ནི་མཚོ་སྔོན་གྱི་བླ་ཆེན་དགོངས་པ་རབ་གསལ་ཡིན་ཏེ། ཁོང་ཉིད་ནི་སངས་རྒྱས་བསྟན་པ་བོད་དུ་སླར་གསོ་བྱེད་པའི་མི་སྣ་གནད་འགག་ཅན་ཞིག་ཡིན་པ་དང་། ཁོང་ཉིད་ཀྱིས་སངས་རྒྱས་ཆོས་ལུགས་ལ་བཏོན་པའི་བྱས་རྗེས་ལ་རྗེས་རབས་པ་རྣམས་ཀྱིས་ཧ་ཅང་མཐོ་བའི་གདེང་འཇོག་ཡོད་པ་རེད། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལགས་ཀྱི་བརྩམས་ཆོས《ཐུའུ་བཀྭན་གྲུབ་མཐའ》ལས། "བླ་ཆེན་པོ་དགོངས་པ་རབ་གསལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། བོད་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་འོངས་ནས་བླ་ཆེན་ལས་སྡོམ་པ་བླངས། དེ་རྣམས་བོད་དུ་ཐོན་ནས་གནས་གཞི་བཟུང་ཞིང་སྡོམ་པ་སྤེལ་བས། སངས་རྒྱས་ཀྱི་བསྟན་པའི་མེ་རོ་སྨད་ནས་གསོས་ཏེ། སླར་ཡང་བསྟན་པ་དར་བའི་མགོ་ཚུགས་ཏེ་རིམ་གྱིས་འཕེལ་བས་དབུས་གཙང་གི་ཕྱོགས་ཐམས་ཅད་དགེ་འདུན་གྱི་སྡེས་བཀང་སྟེ་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཏོ། །དེས་ན་བླ་ཆེན་པོ་དང་། ཀླུ་མེས་ལ་སོགས་པ་གངས་ཅན་པ་ལ་བཀའ་དྲིན་མཆོག་ཏུ་ཆེའོ། ། "ཞེས་བསྔགས་བརྗོད་བྱས་ཡོད།

  བོད་བརྒྱུད་ནང་བསྟན་ཕྱི་དར་གྱི་སྐབས་སུ་གྲུབ་མཐའ་མང་པོ་བྱུང་བའི་ཁྱད་ཆོས་ཐོན་ཡོད་པ་རེད། དུས་རབས་བཅུ་གཅིག་པའི་དུས་མཚམས་སུ། བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མང་པོ་བྱུང་སྟེ། དཔེར་ན། རྙིང་མ་དང་། བཀའ་གདམས། ས་སྐྱ། བཀའ་བརྒྱུད། ཇོ་ནང་། དགེ་ལུགས་སོགས་བྱུང་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་བྱུང་བ་དེ་ནི་བོད་ལ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པའི་མཚོན་རྟགས་ཡིན་པ་རེད། གྲུབ་མཐའ་མང་པོའི་ནང་དུ་གྲུབ་མཐའ་གཉིས་ནི་མཚོ་སྔོན་གྱི་དགེ་བའི་བཤེས་གཉེན་གྱིས་སྲོལ་བཏོད་པ་ཡིན་ཏེ། གཅིག་ནི་འབྲི་གུང་བཀའ་བརྒྱུད་ཡིན་ཞིང་། ཅིག་ཤོས་ནི་དགེ་ལུགས་པ་ཡིན་ནོ། །འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་གཏོད་མཁན་ནི་མཚོ་སྔོན་ཁམས་འདན་སྟོད་ཙོང་དུ་སྐུ་བལྟམས་པའི་སྐྱོབ་པ་འཇིག་རྟེན་མགོན་པོ(1143-1217)ཡིན་ཏེ། ཁོང་ཉིད་གཞོན་དུས་སུ་འགྲོ་མགོན་ཕག་མོ་གྲུ་པའི་དྲུང་དུ་ཕེབས་ནས་ཟླ་བ་སུམ་ཅུ་རྩ་གཉིས་ཙམ་བཞུགས། མཚན་དུ་རིན་ཆེན་དཔལ་ཞེས་གསོལ། དགུང་ལོ་ཉི་ཤུ་རྩ་ལྔར་ཕག་མོ་གྲུ་ཞང་སུམ་ཐོག་པས་མཁན་པོ་དང་། ཅི་ལུང་གི་སློབ་དཔོན། གཉན་པ་འདུལ་འཛིན་གྱིས་གསང་སྔོན་བྱས་ཏེ་བསྙེན་པར་རྫོགས། དགུང་ལོ་སོ་བདུན་རབ་བྱུང་གཉིས་པའི་ས་ཕག་ལོར་འབྲི་གུང་དགོན་པ་བཏབ། དགོན་འདི་རིམ་བཞིན་ཇེ་རྒྱས་སུ་སོང་ནས་གྲུབ་མཐའ་འདི་ཆགས་པ་རེད། དགེ་ལུགས་པའི་སྲོལ་གཏོད་མཁན་ནི་མཚོ་སྔོན་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་སྐུ་བལྟམས་པའི་རྗེ་ཙོང་ཁ་པ(1357-1419)ཡིན། ཁོང་ཉིད་དགུང་ལོ་བདུན་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། དགུང་ལོ་བཅུ་དྲུག་ལ་དབུས་སུ་ཕེབས། རིག་གནས་དང་བཀའ་པོད་ལྔ་སོགས་ལ་ཐོས་བསམ་སྒོམ་གསུམ་དང་། མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་ནན་ཏན་མཛད། ཞལ་སློབ་ཤཱཀྱ་ཡེ་ཤེས་ལ་བྱམས་ཆེན་ཆོས་རྗེ་ཞེས་པའི་འཇའ་ས་བྱུང་སྟེ་རྒྱ་བོད་དབར་གྱི་འབྲེལ་ལམ་དམ་པོ་ཚུགས། ས་གླང་ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། དགའ་ལྡན་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ། སེར་འབྲས་དང་རྒྱུད་གྲྭ་སྟོད་སྨད་འཛུགས་པའི་བཀོད་པ་མཛད། ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་ཀྱི་གསུང་རྩོམ་རྒྱ་ཆེར་སྤེལ། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་སློབ་མ་མང་དུ་བསྐྲུན། དགེ་ལུགས་པ་ནི་བོད་བརྒྱུད་ནང་བསྟན་ལས་སྟོབས་ཤུགས་ཆེས་ཆེ་བའི་གྲུབ་མཐའ་ཞིག་ཡིན་ཞིང་། དེ་ཉིད་བོད་ཡུལ་གྱི་སོག་པོ་དང་། ཧོར་རིགས། ཡུས་ཀུའུ་རིགས་དང་རྒྱ་རིགས་ཁག་ཅིག་བཅས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། མཚོ་སྔོན་ས་ཆའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ལས་ཀྱང་མཁས་པ་མང་པོ་བྱུང་ཡོད་དེ། དཔེར་ན། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར(1704-1788)ནི་མཚོ་སྔོན་རྨ་ཆུའི་འགྲམ་ཐོ་ལི་ཞེས་པའི་ས་ཆའི་མི་ཡིན་པ་དང་། མཚོ་སྔོན་དགོན་ལུང་གི་སྤྲུལ་སྐུ་ཡིན། ཁོང་ཉིད་ཀྱི་བརྩམས་ཆོས་ཧ་ཅང་མང་ལ། ཁོང་གིས་བརྩམས་པའི་རྒྱ་གར་དང་། རྒྱ་ནག སོག་ཡུལ། བོད་བཅས་ཀྱི་ལོ་རྒྱུས་འཁོད་པའི《བསྟན་པ་སྤྱིའི་ཆོས་འབྱུང་དཔག་བསམ་ལྗོན་བཟང》ཞེས་པའི་དེབ་ཐེར་ནི་རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་ཅན་གྱི་བརྩམས་ཆོས་ཞིག་ཡིན་པ་དང་།

  སྐད་རིགས་དུ་མ་རུ་བསྒྱུར་ཡོད་པ་རེད།ལྕང་སྐྱ་རོལ་བའི་རྡོ་རྗེ(1717-1786)ནི་ལྕང་སྐྱ་སྐུ་ཕྲེང་གསུམ་པ་ཡིན་ཞིང་། རྗེ་འདི་ཉིད་ཀྱིས་བརྩམས་ཆོས་དང་བསྒྱུར་རྩོམ་མང་པོ་མཛད་ཡོད་པ་དང་། སངས་རྒྱས་བསྟན་པ་རྒྱ་ནང་དུ་དར་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ(1737-1801)ནི་དགོན་ལུང་བྱམས་པ་གླིང་གི་སྐུ་ཕྲེང་གསུམ་པའི་སྤྲུལ་སྐུ་ཡིན་ཞིང་། རྗེ་འདི་ཉིད་ཀྱིས་དགོན་སྡེ་མང་དུ་ཕྱག་བཏབ། བྱིན་ཅན་གྱི་རྟེན་མང་དུ་བཞེངས། རིས་མེད་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད། 《ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་རྣམ་ཐར》དང་། 《ཐུའུ་བཀྭན་གྲུབ་མཐའ》《བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་གང་གའི་ཆུ་རྒྱུན》སོགས་པོད་མང་པོ་མཛད་ཡོད།

  དགེ་འདུན་ཆོས་འཕེལ(1905-1951)ནི་མདོ་སྨད་མཚོ་སྔོན་རེབ་གོང་ཞོ་འཕོང་དུ་འཁྲུངས་ཞིང་། ཁོང་ནི་ཤེས་རབ་ཆེ་ཤིང་། ཐོས་རྒྱ་ཆེ་བ། མདོ་སྔགས་རིག་གནས་གང་ལའང་མཁས་པའི་རྩེར་སོན་པ་ཞིག་ཡིན་ཏེ། ཁོང་གིས་འཆད་རྩོད་རྩོམ་པའི་མཛད་པའི་གྲགས་སྙན་འཛམ་གླིང་དུ་ཁྱབ་ཅིང་། ད་ལྟ་དམ་པ་དེ་ཉིད་ཀྱིས་རྩོམ་པར་མཛད་པའི་བསྟན་བཅོས་རྣམས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་སྙན་འཇེབས་ལྡན་ཞིང་ཉམས་འགྱུར་གྱིས་ཕྱུག ཚེ་ཏན་ཞབས་དྲུང(1910-1985)ནི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་དུ་སྐུ་བལྟམས། གནས་ལྔ་རིག་པའི་པཎྜི་ཏ་ཆེན་མོ་ཡིན་པ་དང་། མིང་གྲགས་ཅན་གྱི་བརྩམས་ཆོས་མང་པོ་མཛད་ཡོད། དེ་མིན་མཚོ་སྔོན་དུ་ད་དུང་མཁས་པ་མང་པོ་བྱུང་མྱོང་ལ། མཁས་པ་དེ་རྣམས་ནི་དགུང་ཁའི་ཁྲ་ལམ་མེར་གྱི་སྐར་ཚོགས་བཞིན་དུ་འོད་འཚེར་བ་དང་། ཁོང་རྣམ་ནི་མཚོ་སྔོན་གྱི་ལ་རྒྱ་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱའང་ཡིན། ཁོང་རྣམ་གྱིས་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་བ་ལ་མཛད་རྗེས་ཆེན་པོ་བཞག་ཡོད། དགེ་བའི་ཤེས་གཉེན་དེ་དག་ནི་དུས་ནམ་ཡིན་ཡང་མིའི་རིགས་བསམ་བློའི་ཞིང་ཁར་ཆུ་འབྱིན་པ་བཞིན་བརླན་ཞིང་གསོ་བཞིན་ཡོད་པ་རེད།


  


上一篇:བཀའ་འགྱུར་གྱི་པར་གཞི་ཁག་བྱུང་ཚུལ།

下一篇:བོད་ཀྱི་གསུང་རབ་གནའ་དཔེའི་དབུ་ཞབས་ལྷ་སྐུ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790212 位访客