ནུབ་ཧི་མ་ལ་ཡའི་དཔེ་ཀློག་ཟིན་ཐོ་ལས། —(འབྲས་ལྗོངས་)ཀྱི་སྐོར། རྩོམ་པ་པོ། བདེ་ཆེན་སྒྲོལ་མ།

发布时间:2017-07-14 04:09:08

    སྦས་ཡུལ་འབྲས་མོ་གཤོངས་སམ་འབྲས་ལྗོངས་(Sikkimནི་ཕོ་བྲང་གསར་པའི་དོན་ཡིན།)ནི་བོད་བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་བོད་ཀྱི་མངའ་རིས་རྒྱལ་ཕྲན་ཞིག་ཡིན་ལ། འབྲས་ལྗོངས་རྒྱལ་རྒྱུད་ཀྱང་བོད་བཙན་པོའི་རྒྱུད་པ་སྨད་དུ་མཆེད་པ་ལས་ཁམས་མི་ཉག་རྒྱལ་རྒྱུད་ཀྱི་རྒྱུད་པ་གྱད་འབུམ་བསགས་ནས་བྱུང་བར་བཤད། འབྲས་ལྗོངས་ཀྱི་རྒྱལ་པོ་ཐོག་མ་ནི་ཕུན་ཚོགས་རྣམ་རྒྱལ་ཡིན་ལ། ཁོང་ནི་ཕྱི་ལོ༡༦༤༢ལོར་ཐོག་མར་འབྲས་ལྗོངས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན། འབྲས་ལྗོངས་པས་རྒྱལ་པོ་ལ་ཆོས་རྒྱལ་ཞེས་ཀྱང་འབོད་ལ། དེ་བཞིན་རྒྱལ་པོ་ཚང་ཀུན་གྱི་མིང་གི་རྗེས་སུ་རྣམ་རྒྱལ་བཏགས་ཡོད། སྤྱིར་རྣམ་རྒྱལ་ནི་རྒྱལ་པོའི་མངོན་བརྗོད་ཡིན་པ་དང་དེ་ཡང་ཐོག་མར་རྣལ་འབྱོར་མཆེད་གསུམ་གྱིས་རྒྱལ་ཐོག་དང་པོ་ཕུན་ཚོགས་ལ་ཕུན་ཚོགས་རྣམ་རྒྱལ་ཞེས་བཏགས་པ་ནས་རྒྱུན་ཆགས་པའོ།།

    འབྲས་ལྗོངས་ནི་བོད་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད་ལ་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་༧༠༦༥ཡོད་པ་དང་། མི་གྲངས་ནི༦༠༧༦༨༨ཙམ་ཡོད་པར་བཤད། ཡུལ་གྱི་རྒྱ་ཁྱོན་ལས་བཞི་ཆ་གཅིག་ནི་ཕལ་ཆེར་ནགས་ཚལ་སྟུག་པོས་ཁྱབ་ཡོད། རི་རྒྱུད་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཤོས་ནི་གངས་ཅན་མཛོད་ལྔའི་རི་རྒྱུད་དང་། ཆུ་བོ་བཀྲ་ཤིས་བྲག་ནི་ཆུ་བོ་སྙན་གྲགས་ཆེ་ཤོས་དེ་ཡིན། ལྗོངས་འདིའི་མི་རིགས་ནི་ལྷོ་མོན་ཙོང་གསུམ་བོད་དང་བཞིས་གྲུབ་ཡོད་ལ། ས་གནས་རང་གི་གཉུག་གནས་ཀྱི་མི་རིགས་ནི་ལྷོ་པ་དང་མོན་པ་དང་ཙོང་གསུམ་ཡིན་པ་ལ། བོད་རིགས་ནི་ཕྱིས་སུ་མཆེད་པར་བཤད།

    རྙིང་མ་དང་བཀའ་བརྒྱུད་གཉིས་ནི་འབྲས་ལྗོངས་རྒྱལ་ཁབ་ཀྱི་ཆོས་ལུགས་ཡིན་ལ། དེ་ཡང་རྙིང་མ་ནི་རྣལ་འབྱོར་མཆེད་བཞིའི་(ཕྱི་ལོ་༡༦༤༠ནང་ཡིན།) སྐབས་གཞི་ཚུགས་ལ་དགོན་གནས་གཙོ་བོ་ནི་གསང་ཆེན་པདྨ་ཡང་རྩེ་དགོན་དང་གསང་སྔགས་ཆོས་གླིང་དགོན་སོགས་དང་། བཀའ་བརྒྱུད་ནི་རྒྱལ་ཐོག་བཞི་པ་འགྱུར་མེད་རྣམ་རྒྱལ་(ཕྱི་ལོ་༡༧༣༠ནང་ཡིན།) སྐབས་གཞི་ཚུགས་པ་དང་དགོན་གནས་གཙོ་བོ་ནི་ར་ལངས་དགོན་དང་རུམ་སྟེགས་དགོན་སོགས་ཡིན། འབྲས་ལྗོངས་ཀྱི་ཡུལ་འདིར་རྙིང་མའི་ཆོས་བརྒྱུད་མ་དར་སྔོན་ལ་བོན་ཆོས་ལ་དད་པ་བྱེད་པ་དང་། བོན་ཆོས་ལ་དད་པའི་ས་ཁུལ་རེ་ཟུང་ད་ལྟ་ཡང་ཡོད་འདུག གྲོ་ཞིང་དུ་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་དགོན་ཞེས་པ་ཡོད་འདུག

    སྦས་ཡུལ་འདིའི་གནས་སྒོ་ཐོག་མར་འབྱེད་མཁན་ནི་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་ཡིན་ལ། ཁོང་ནི་ཕྱི་ལོ་༡༣༧༣ལོར་འབྲས་ལྗོངས་ཀྱི་བྱང་སྒོ་བརྒྱུད་ནས་གནས་འདིར་ཞབས་ཀྱིས་བཅགས། དེ་རྗེས་མོན་ཀཿཐོག་པ་དང་། རྣལ་འབྱོར་མཆེད་བཞིས་དུས་སུ་སྦས་གནས་དག་ཡོངས་སུ་སྒོ་ཕྱེས་པའོ།། གང་ལྟར། དུས་རབས་བདུན་པ་ནས་བཅུ་བཞི་དང་། བཅུ་བཞི་ནས་ཉི་ཤུའི་དཀྱིལ་ཙམ་བར་དུ་འབྲས་ལྗོངས་སུ་བོད་ཀྱི་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བ་མ་ཟད། སྐྱེས་ཆེན་དེ་དག་དང་འབྲས་ལྗོངས་ཆོས་རྒྱལ་དག་གི་བར་མཆོད་ཡོན་ལྟ་བུའི་འབྲེལ་ལམ་གྱིས་དུས་ཡུན་དེ་དག་གི་རིང་ཆོས་སྲིད་ཟུང་འབྲེལ་ལྟ་བུའི་ལམ་ལུགས་ཀྱིས་འབྲས་ལྗོངས་ཀྱི་མངའ་རིས་ཧྲིལ་བོ་གཅིག་ཏུ་བསྡུས་ཡོད་པ་ཡིན།

   འབྲས་ལྗོངས་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་ཕྱོགས་གང་ནས་དཔྱད་ཀྱང་བོད་པའི་རྒྱལ་ཕྲན་ཞིག་ཡིན་པ་ནི་སྨྲ་མི་དགོས་ན་ཡང་། བར་བར་དུ་འབྲས་ལྗོངས་ལ་ཁྱིམ་མཚེས་འབྲུག་ཡུལ་དང་གོར་ཥ་སོགས་ཀྱིས་བཙན་འཛུལ་གྱི་རྐྱེན་པས་གནའ་བོའི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་མཐའ་དག་རྒྱུན་འཛིན་བྱེད་ཐུབ་མེད་པ་རེད།
   དེ་ཡང་ཕྱི་ལོ་༡༧༠༠ལོར་འབྲུག་པས་འབྲས་ལྗོངས་ལ་བཙན་འཛུལ་གྱིས་ཕོ་བྲང་རབ་བརྟན་རྩེ་ཡང་བཅོམ་ནས་མི་ལོ་ལྔ་ཙམ་ལ་དབང་བསྒྱུར་བ་དང་། ཕྱི་ལོ་༡༧༨༨ལོར་གོར་ཥས་ཀྱང་བཙན་འཛུལ་བྱས། ལྷག་པར་དུ་ཕྱི་ལོ་༡༨༢༥ལོ་ནས་རྒྱ་གར་དབྱིན་གཞུང་གིས་ག་ལེར་བཙན་འཛུལ་གྱིས་མཐར་ཕྱི་ལོ་༡༨༨༧ལོར་དབྱིན་གཞུང་གི་སྐུ་ཚབ་བཏང་ནས་འབྲས་ལྗོངས་རྒྱལ་པོའི་དབང་ཤུགས་ཡོངས་སུ་མེད་པར་བཟོས། དེ་ལྟར་ཕྱི་ལོ་༡༩༤༧ལོར་རྒྱ་གར་ལ་རང་བཙན་ཐོབ་རྗེས་འབྲས་ལྗོངས་ནི་རྒྱ་གར་གྱི་སྲུང་སྐྱོབ་རྒྱལ་ཕྲན་ཞིག་ཏུ་གྱུར་ལ། མཐར་ཕྱི་ལོ༡༩༧༥ལོར་ཡོངས་སུ་རྒྱ་གར་གྱི་ཁོངས་སུ་ཚུད་ནས་མངའ་སྡེ་ཨང༢༢པར་གཏན་ལ་ཕབ་བོ།།
འབྲས་ལྗོངས་ཀྱི་རྒྱལ་ཐོག་རིམ་བྱོན་བཅུ་གསུམ་ནི།

༡། ཕུན་ཚོགས་རྣམ་རྒྱལ། ༢། བསྟན་སྲུང་རྣམ་རྒྱལ། ༣། ཕྱག་རྡོར་རྣམ་རྒྱལ།
༤། འགྱུར་མེད་རྣམ་རྒྱལ། ༥། རྣམ་རྒྱལ་ཕུན་ཚོགས། ༦། བསྟན་འཛིན་རྣམ་རྒྱལ།
༧། གཙུག་ཕུད་རྣམ་རྒྱལ། ༨། སྲིད་སྐྱོང་རྣམ་རྒྱལ། ༩། མཐུ་སྟོབས་རྣམ་རྒྱལ།
༡༠། སྲིད་སྐྱོང་སྤྲུལ་སྐུ། ༡༡། བཀྲ་ཤིས་རྣམ་རྒྱལ། ༡༢། དཔལ་ལྡན་དོན་གྲུབ་རྣམ་རྒྱལ་བཅས་སོ།།


上一篇:མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།

下一篇:བཀའ་འགྱུར་གྱི་པར་གཞི་ཁག་བྱུང་ཚུལ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1792185 位访客