མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་དགེ་རྒན་ཆེན་མོ་ཉི་མར “རྒྱལ་སྨན་ཆེན་མོ”ཞེས་པའི་མཚན་སྙན་ཐོབ་པ།

发布时间:2017-07-07 05:45:13

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ངམ་སྨན་པ་འབུམ་རམས་པ། ཀྲུང་གོའི་བོད་སྨན་དབུ་བཞུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཉི་མ་ལགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་བཅས་ཀྱིས་མཉམ་འབྲེལ་སྒོས་པེ་ཅིན་དུ་རྒྱལ་སྨན་ཆེན་མོའམ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་པ་མིང་གྲགས་ཅན་གྱི་གཟེངས་བསྟོད་ཚོགས་ཆེན་བསྡུས། ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་ངམ་སྨན་པ་འབུམ་རམས་པ། ཀྲུང་གོའི་བོད་སྨན་དབུ་བཞུགས་ཆེད་མཁས་པ་དགེ་རྒན་ཆེན་མོ་ཉི་མར“རྒྱལ་སྨན་ཆེན་མོ”ཡི་མཚན་སྙན་ཐོབ་སྟེ་རྒྱལ་སྨན་ཆེན་མོའི་བྱ་དགའ་ཐོབ་པའི་མཚོ་སྔོན་གྱི་མི་ཐོག་མར་གྱུར།

སྐབས་དང་པོའི“རྒྱལ་སྨན་ཆེན་མོ” དཔྱད་བསྡུར་འདེམ་བསྐོ་བྱ་བ་ནི༢༠༠༨ལོར་དངོས་སུ་མགོ་བརྩམས་པ་དང་། ད་ལོ་ནི་སྐབས་གསུམ་པ་རེད། སྐབས་འདིའི་དཔྱད་བསྡུར་འདེམ་བསྐོ་ནི་འོག་ནས་གོང་གི་རིམ་པ་ལྟར་འོས་སྦྱོར་བྱས་རྗེས་ཆེད་མཁས་པས་ཞིབ་དཔྱད་བྱེད་པ་དང་། སྤྱི་ཚོགས་ཡོངས་ལ་སྤྱི་བསྒྲགས་བྱེད་པ་བཅས་ཀྱི་གོ་རིམ་བརྒྱུད། རྒྱལ་ཡོངས་ནས“རྒྱལ་སྨན་ཆེན་མོ”མི༣༠དཔྱད་བསྡུར་འདེམ་བསྐོ་བྱས། གཟེངས་བསྟོད་ཐོབ་པའི “རྒྱལ་སྨན་ཆེན་མོ”ཚང་མ་ནི། ཞིང་ཆེན་རིམ་པའི་ཀྲུང་ལུགས་སྨན་པ་མིང་གྲགས་ཅན་ནམ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཆེད་མཁས་རིག་གཞུང་ཉམས་མྱོང་རྒྱུན་འཛིན་བྱ་བའི་མཛུབ་སྟོན་དགེ་རྒན་རྒན་པ་རྐྱང་རྐྱང་ཡིན་ལ། ཀྲུང་སྨན་དང(མི་རིགས་ཀྱི་སྨན་དང་སྨན་བཅོས)ནད་ཐོག་སྨན་བཅོས་སམ་སྨན་འདུལ་བ། གསལ་འབྱེད་བཅས་ཀྱི་ཀྲུང་སྨན་ནད་ཐོག་སྨན་བཅོས་ཀྱི་བེད་སྤྱོད་དང་འབྲེལ་བའི་བྱ་བ་ལོ་ངོ༥༠ཡན་ལ་བསྒྲུབས་མྱོང་མཁན་ཡིན་དགོས། ཐོག་མཐའ་བར་གསུམ་དུ་ནད་ཐོག་སྨན་བཅོས་རྒྱུན་འཁྱོངས་བྱེད་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པ། ལག་རྩལ་ཕུལ་བྱུང་ཡིན་པ། ཀྲུང་སྨན་དང་སྨན་བཅོས(མི་རིགས་ཀྱི་སྨན་དང་སྨན་བཅོས)གཞུང་ལུགས་ཀྱི་ཆུ་ཚད་གཏིང་ཟབ་པ། རིག་གཞུང་གྲུབ་འབྲས་ཁྱད་དུ་འཕགས་པ། རིག་གཞུང་གི་ལྟ་ཚུལ་དང་ལག་རྩལ། ཉམས་མྱོང་བཅས་གཞན་དང་མི་འདྲ་བ། རིག་གཞུང་རྒྱུན་འཛིན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་ཕྱོགས་ལ་བྱས་རྗེས་བཞག་པ། ཀྲུང་སྨན་དང་སྨན་བཅོས(མི་རིགས་ཀྱི་སྨན་དང་སྨན་བཅོས)ཀྱི་འཕེལ་རྒྱས་ཐད་ཁྱད་འཕགས་བྱས་རྗེས་བཞག་པ་ཞིག་ཡིན་དགོས།

ད་ལོར་དགུང་ལོ༨༤བཞེས་པའི་དགེ་རྒན་ཆེན་མོ་ཉི་མས་ཀྲུང་བོད་སྨན་དང་སྨན་བཅོས་བྱ་བ་ལོ་ངོ༦༠ལྷག་ལ་བསྒྲུབས་པ་དང་། ཀྲུང་ཧྭ་ཀྲུང་སྨན་དང་སྨན་བཅོས་རིག་གཞུང་ལྷན་ཚོགས་ཀྱི་ཚེ་གང་ལས་འཛིན་པ་དང་། སྐོར་དང་པོ་དང་གཉིས་པ། གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་བཅོས་ཆེད་མཁས་རིག་གཞུང་ཉམས་མྱོང་རྒྱུན་འཛིན་གྱི་མཛུབ་སྟོན་དགེ་རྒན་རྒན་པ་ཡིན།“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ”དང“མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་པ་མིང་གྲགས་ཅན”“ཀྲུང་ཧྭའི་གསོ་རིག་སྨན་བཅོས་རིག་གཞུང་ལྷན་ཚོགས་ཀྱི་གྲུབ་འབྲས་བྱ་དགའ།” “ང་རང་ཆེས་དགའ་བའི་བདེ་ཐང་སྐུ་སྲུང་པ།” “སྐོར་དང་པོའི་ཀྲུང་ཧྭའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན་ལ་གནང་བའི་རྒྱུད་སྤེལ་བྱ་དགའ”བཅས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་། ཁོང་གིས་མངོན་པར་མཐོ་བའི་འདུ་ཤེས་དང་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་གྱིས་ནད་པ་ཁྲི༣༥ལྷག་ལ་སྲོག་སྐྱོབ་སྨན་བཅོས་བྱས་པ་དང་། ཐོག་དང་པོར་བོད་ཀྱི་སྨན་དང་སྨན་བཅོས་ཀྱི་གསུང་རབ་ཏུ་བཀོད་པའི་གནའི་ནུས་ཐོན་བཅོས་ཐབས་སྤྱད་དེ། བོད་སྨན་གྱི་ཁྱད་འཕགས་ཕྱི་བཅོས་བཅོས་ཐབས་གསར་སྐྲུན་དང་ཁྱབ་སྤེལ་བྱས་ཤིང་བོད་ཀྱི་སྨན་དང་སྨན་བཅོས་ཀྱིས་སྐྲན་ནད་ལ་ནད་བརྟག་སྨན་བཅོས་བྱེད་པར་ཚད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་འབྱུང་དུ་བཅུག་པ་དང་། བོད་ཀྱི་སྨན་དང་སྨན་བཅོས་ལས་རིགས་ཐད་རིན་ཐང་གཞལ་དུ་མེད་པའི་རིག་གཞུང་གི་ལྟ་བ་དང་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་བཞག བོད་ཀྱི་སྨན་དང་སྨན་བཅོས་ཀྱི་ཤེས་ལྡན་པ་ཕུལ་དུ་བྱུང་བ་གསོ་སྐྱོང་བྱས། རང་རྒྱལ་བོད་ཀྱི་སྨན་དང་སྨན་བཅོས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། གཏིང་ཟབ་ལ་ཡུན་རིང་བའི་ཤུགས་རྐྱེན་ཐེབས་སུ་བཅུག་ཡོད། །


上一篇:སྐབས་གཉིས་པའི་རེབ་གོང་དབྱར་སྟོན་སྒྱུ་རྩལ་གྱི་འགོ་རྩོམ་མཛད་སྒོ།

下一篇:རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས་སྐབས་གསུམ་པ་མཚོ་ནུབ་ཁུལ་ནས་བསྡུ

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790255 位访客