བོད་ལྗོངས་ཀྱིས་བརླག་སྟོང་ལ་ཉེ་པའི་དཔེ་རྙིང་མྱུར་སྐྱོབ་བྱས་པ།

发布时间:2017-06-28 03:23:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དང་། ས་ཁུལ་(གྲོང་ཁྱེར)། རྫོང་བཅས་རིམ་པ་གསུམ་གྱི་གནའ་གཞུང་ཡོངས་ཁྱབ་ཞིབ་བཤེར་མཁས་པ་ཚོས་དུས་ཡུན་གཟའ་འཁོར་གཅིག་རིང་གི་རྟོག་ཞིབ་བྱས་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་ཁོངས་མཐའ་མཚམས་རྫོང་བཞིའི་བས་མཐའི་དགོན་པ་ཁ་ཤས་སུ་གནའ་གཞུང་ཉར་ཚགས་ཆ་རྐྱེན་ལེགས་བཅོས་རྣམ་གྲངས་ལ་དཔྱད་དཔོག་བྱ་རྒྱུ་མ་ཟད། དུས་སྐབས་ཕྱི་མའི་རྣམ་གྲངས་ལག་བསྟར་ཇུས་གཞི་ཡང་འགྲུབ་པར་བྱེད་རྒྱུ་རེད།

ཟླ6ཚེས24ཉིན་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས། བོད་ལྗོངས་ཀྱི་གནའ་གཞུང་ཉར་ཚགས་ལས་ཁུངས་ཀྱི་ཆ་རྐྱེན་ལེགས་བཅོས་རྣམ་གྲངས་རྟོག་ཞིབ་བྱེད་པར་འགྲོ་བའི་ལམ་དུ་གསར་འགོད་པར“བོད་ལྗོངས་ནི་རྒྱལ་ཡོངས་སུ་བོད་ཡིག་གནའ་གཞུང་ཉར་ཚགས་བྱས་འབོར་ཆེ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མིག་སྔར་གནའ་གཞུང་ཧ་ཅང་མང་པོ་སྤྱི་དང་། ལྷག་པར་དུ་གནའ་དཔེ་རྩ་ཆེན་དང་དཔེ་ཆ་རྩ་ཆེན་ཡིན་རིགས་སྟོང་ཉེན་ཆེ་བ་དང་རྒྱུན་ཆད་པའི་གནད་དོན་ལྷགས་ཡོད་པས། ནུས་ལྡན་གྱི་སྲུང་སྐྱོང་བྱེད་དགོས་གཏུག་ཧ་ཅང་ཆེན་པོ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་གསལ་དུ་བོད་ལྗོངས་ཀྱི་གནའ་གཞུང་ཉར་ཚགས་ལས་ཁུངས་དགོན་སྡེས་གཙོ་བོར་བྱེད་པ་དང་། དགོན་སྡེའི་གྲངས་འབོར་སྟོང་ལྷག་ཟིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གཉིས་དང་གྲོང་ཁྱེར་ལྔའི་རྫོང74ལ་ཁྱབ་པ་རེད། 2010ལོར་བོད་ལྗོངས་ཀྱིས་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དངོས་སུ་སྤེལ་འགོ་བརྩམས་པ་ནས་ད་བར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་གྱི65%ལེགས་འགྲུབ་བྱས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱིས་སྔོན་ལ་རྒྱང་རིང་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ཉར་ཚགས་ལས་ཁུངས་ཀྱི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་སྤྱི་དང་། ལྷག་པར་དུ་གནའ་དཔེ་རྩ་ཆེན་དང་དཔེ་ཆ་ཆིག་རྐྱང་ཡིན་རིགས་དག་《རྒྱལ་ཁབ་གནའ་དཔེ་རྩ་ཆེན་མིང་ཐོ་》རུ་འགོད་རྒྱུའི་རེ་ཞུ་ལས་ཀ་བྱེད་རྒྱུ་མ་ཟད། ཉར་ཚགས་ལས་ཁུངས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གླེགས་ཤིང་དང་། གླེགས་ཐུམ། གླེགས་ཐག གླེགས་བམ་ཤོག་བྱང་། དཔེ་སྒྲོམ་སོགས་སྲོལ་རྒྱུན་ཉར་ཚགས་སྒྲིག་བཀོད་སྒྲིག་ཆས་བཟོ་རྒྱུ་སྔོན་མངག་བྱ་རྒྱུ་རེད།

སྤེན་པ་ཚེ་རིང་གིས“མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་བྱེད་དགོས་གཏུག་ཧ་ཅང་ཆེ་བའི་གནའ་གཞུང་དང་ཚད་ལྡན་ཡིག་ཆ་ད་དུང་ཧ་ཅང་མང་པོ་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་མཇུག་སྒྲིལ་གྲབས་ཡོད་རུང་། གནའ་གཞུང་དང་ཚད་ལྡན་ཡིག་ཆ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ནི་ད་ལྟ་སྤེལ་འགོ་ཚུགས་ཙམ་ཡིན་པ་མ་ཟད། རྒྱུན་མཐུད་ནས་སྤེལ་རྒྱུ་རེད”ཅེས་བརྗོད་པ་རེད། །



ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/news/tibet/xz/2017-06-28/20478.html


上一篇:མདོ་སྨད་ཁྲི་ཀའི་ས་པཎ་རྟེན་མཛོད་ཁང་བཞེངས་སྐྲུན་སྐོར་གྱི་ཆེད་མཁས་རིགས་སྒྲུབ་ཚོགས་འདུ་བསྡུས་པ།

下一篇:སྲོལ་རྒྱུན་མི་རིགས་བཟོ་ལས་ལ་བརྟེན་ནས་དབུལ་ཕོངས་དུད་ཚང་ཕྱུག་འགྱུར་ལམ་བུར་སྣེ་འཁྲིད་བྱེད།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790179 位访客