གངས་ལྗོངས་གཞུང་རྒྱུག་རི་རྒྱུད་དང་ཕྲེད་རྒྱུག་རི་རྒྱུད།

发布时间:2017-06-22 03:58:10

གཞུང་རྒྱུག་རི་རྒྱུད། 

གཞུང་རྒྱུག་རི་རྒྱུད་ནི་ཕྲེད་དུ་བརྒྱུགས་པའི་ལེ་ལག་རི་རྒྱུད་དུ་མ་ལས་གྲུབ་པ་འདི་ལྟ་སྟེ། 

  ཁུ་ནུ་ལའི་རི་རྒྱུད། 

          རི་རྒྱུད་འདི་ནི་ནུབ་ཕྱོགས་ནས་བོད་ཀྱི་བྱང་མཚམས་སུ་བརྒྱུགས་ཡོད། ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་ལྔ་བརྒྱ་ནས་དྲུག་སྟོང་བར་ཟིན། རི་རྒྱུད་དེའི་བྱང་ངོས་སུ་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་ཆིག་སྟོང་ཟིན་པའི་ཤིན་ཅང་ཐ་ལི་མུ་གཤོངས་ས་དང་། མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་ཉིས་སྟོང་དྲུག་བརྒྱ་ནས་སུམ་སྟོང་བར་ཟིན་པའི་མཚོ་སྔོན་ཚྭ་འདམ་གཤོངས་ས་གཉིས་གནས་ཤིང་། རི་རྒྱུད་དེ་ནི་གཤོངས་ས་དེ་གཉིས་ལས་སྤྱི་ཁྲེ་སུམ་སྟོང་ནས་ལྔ་སྟོང་ཡན་གྱིས་མཐོ་བས་གནམ་སའི་ཁྱད་པར་ཆོད། རི་རྒྱུད་དེའི་ལྷོ་ངོས་ནི་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་ཙམ་ཟིན་པའི་བོད་ཀྱི་བྱང་རྒྱུད་དང་འབྲེལ། བོད་ཁུལ་དུ་ཁུ་ནུ་ལའི་ལྷོ་ངོས་ཀྱི་ཆ་ཤས་ཙམ་ལས་མེད་པ་དེ་ནི་ས་བཀྲའི་ཐོག་གི་གཞུང་ཐིག86—92°བར་དུ་མངོན་ཆེ་བ་ཡོད། རི་རྒྱུད་དེའི་རི་བོ་མཐོ་ཤོས་ནི་མུ་ཙེ་ཐ་གེ་ཞེས་པ་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་དྲུག་སྟོང་དགུ་བརྒྱ་བདུན་ཅུ་དོན་གསུམ་ཡོད་པ་དེ་ཡིན། རི་རྒྱུད་དེ་ས་མཐོའི་ཐོག་བྱུང་སྔ་ཤོས་ཤིག་ཡིན། 

  ཁ་ལ་ཁུ་ནུ་ལ་དང་གདང་ལ་རི་རྒྱུད། 

    ཁ་ལ་ཁུ་ནུ་ལ་དང་གདང་ལ་རི་རྒྱུད་སྔ་མ་དེ་ཕལ་ཆེ་བ་ཤིན་ཅང་དང་ཀ་ཤི་སྨིར་འབྲེལ་མཚམས་སུ་ཆགས་ཤིང་། བོད་ཁོངས་སུ་རི་དེའི་ཤར་རྒྱུད་ཀྱི་ཆ་ཤས་ཙམ་ལས་མེད།   རི་རྒྱུད་འདི་དཔལ་མགོན་མཚེའུའི་བྱང་ངོས་སུ་ཁེལ་བའི་མུ་ལམ་ཅུང་གསལ་བ་སྟེ་དེ་ནི་ནུབ་བྱང་ནས་ཤར་ལྷོའི་མཚམས་སུ་བརྒྱུགས་ཡོད། དེའི་ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ་དྲུག་སྟོང་ཡན་ཟིན་ཞིང་དེང་གི་འཁྱག་རླུང་ཡོངས་སུ་རྒྱས་ཐུབ་མེད་པའི་རི་བོ་ཞིག་ཡིན། རི་རྒྱུད་འདི་མུ་མཐུད་ཤར་དུ་དེད་ན་ལེ་ལག་ཤིན་ཏུ་མང་གཤིས་གཞུང་ཐིག85°ཡས་མས་སུ་སླེབས་དུས་རི་རྒྱུད་ཧ་ལམ་ངོས་འཛིན་རྒྱུ་མེད་པ་ལྟ་བུར་སྣང་ཞིང་། གཞུང་ཐིག90°ཉེ་འགྲམ་ནས་གདང་ལའི་རི་རྒྱུད་ཀྱི་གནས་ཟིན། དེ་ནི་བོད་དང་མཚོ་སྔོན་གྱི་སའི་དབྱེ་མཚམས་ལྟ་བུར་མཆིས། གདང་ལའི་རི་རྒྱུད་ཀྱི་ཞེང་ཚད་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡན་ཟིན་ཞིང་། ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བཞི་བརྒྱ་ཙམ་ཡོད། རི་ཁུལ་གྱི་འཕེལ་སྟངས་ལ་གཞིགས་ན་དེང་གི་འཁྱག་རླུང་ཡོད་པར་ངེས་སོ།། 

  གངས་ཏི་སེ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད། 

     གངས་ཏི་སེ་རི་རྒྱུད་ནི་བོད་བྱང་ཕྱོགས་ཀྱི་ལྷོ་སྣེར་གནས་ཤིང་བོད་ཀྱི་བྱང་ཕྱོགས་དང་། ལྷོ་ཕྱོགས། ཤར་ལྷོ་བཅས་ཕྱོགས་སོ་སོའི་དབྱེ་མཚམས་ཡིན་ལ་བོད་ཀྱི་ནང་འབབ་ཆུ་བོ་དང་ཕྱི་འབབ་ཆུ་བོའི་དབར་གྱི་རང་བྱུང་གི་དབྱེ་མཚམས་ཤིག་ཀྱང་རེད། གངས་ཏི་སེའི་རི་རྒྱུད་ཀྱི་ནུབ་རི་རྣམས་གཞུང་ཐིག80°ནས་བཟུང་ཤར་ལྷོའི་ཕྱོགས་སུ་གསག་འགྲོས་སུ་བརྒྱུགས་པ་དང་། གཞུང་ཐིག84—85°མཚམས་ནས་དངོས་སུ་གཞུང་དུ་བརྒྱུགས་ཏེ་གཞུང་ཐིག90°ས་ནས་གཉན་ཆེན་ཐང་ལྷའི་རི་རྒྱུད་དང་འབྲེལ། གངས་ཏི་སེ་རི་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་ལྔ་བརྒྱ་ནས་ལྔ་སྟོང་བརྒྱད་བརྒྱ་བར་ཟིན་ཞིང་དེའི་ནུབ་རྒྱུད་ཀྱི་ཞེང་ཚད་སྤྱི་ཁྲེ་དྲུག་ཅུ་ནས་བདུན་ཅུ་བར་ཟིན་པ་དང་ཤར་རྒྱུད་ཀྱི་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ་བརྒྱ་ཟིན། རི་རྒྱུད་དེའི་ཆགས་དབྱིབས་ཟང་ཟིང་ཆེ་ལ་ལེ་ལག་རི་རྒྱུད་རྣམས་ཀྱང་འདྲེས་འཛིང་ཤིན་ཏུ་ཆེ། སྙན་གྲགས་ཆེ་བའི་སྟོད་གངས་རིན་པོ་ཆེ་ནི་རི་རྒྱུད་དེའི་གཙོ་རི་ཡིན། དེའི་མཐོ་ཚད་ནི་མཚོ་ངོས་ལས་སྤྱི་ཁྲེ་དྲུག་སྟོང་དྲུག་བརྒྱ་ལྔ་བཅུ་ང་དྲུག་ཡོད། རི་བོ་འདི་ནི་དེང་གི་འཁྱག་རླུང་འཕེལ་མེད་ཅིག་ཡིན། གཉན་ཆེན་ཐང་ལྷའི་རི་རྒྱུད་ནི་ལྷོ་ནུབ་དང་ཤར་བྱང་ཕྱོགས་སོ་སོར་གསག་འགྲོས་སུ་བརྒྱུགས་ཐོག་གཞུང་ཐིག92—93°མཚམས་ནས་གཞུང་དུ་བརྒྱུགས་ཤིང་རི་བོ་གཟར་གཟུགས་ཆུང་དུ་སོང་ཡོད་ལ་རིའི་ཆགས་དབྱིབས་ཐད་ལ་ཡང་དམིགས་བསལ་ངོས་འཛིན་རྒྱུ་གང་ཡང་མེད།   རི་རྒྱུད་འདི་ཁོངས་ནས་ཡངས་པ་ཅན་དང་། འདམ་གཞུང་། བྱང་གནམ་མཚོ་བཅས་ཀྱི་ཁུལ་དུ་བརྒྱུགས་པ་རྣམས་ས་ཁ་མཐོ་ཤོས་ཡིན་ཏེ་དེ་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བརྒྱད་བརྒྱ་ནས་དྲུག་སྟོང་བར་ཟིན་ཞིང་རི་རྒྱུད་འདིའི་གཙོ་རི་གཉན་ཆེན་ཐང་ལྷའི་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་བདུན་སྟོང་བརྒྱ་དང་བཅུ་བདུན་ཡོད། 

  ཧི་མ་ལ་ཡའི་རི་རྒྱུད། 

    འདི་ནི་བོད་ཀྱི་ལྷོ་མཐའི་རྒྱུད་དུ་ཆགས་ཤིང་རང་སྐྱོང་ལྗོངས་ཀྱི་གཞུང་རྒྱུག་རི་རྒྱུད་ཆེ་ཤོས་ཤིག་ཡིན།   རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ཙམ་དང་ཞེང་ཚད་ལ་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱའི་བར་ཟིན།   རི་རྒྱུད་འདི་སྣེ་གཉིས་ནང་དུ་གུག་ཅིང་དཀྱིལ་རྒྱུད་ལྷོ་ཕྱོགས་སུ་འབུར་བ་དབྱིབས་གཞུ་དང་མཚུངས་ལ་རི་བོ་མཐོ་ཞིང་གཟར། ཆ་སྙོམས་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་དྲུག་སྟོང་ཡན་ཟིན་གྱི་ཡོད།   རི་རྒྱུད་འདིའི་ཁྲོད་དུ་རི་ཆེན་གནམ་གྱི་ཀ་བ་འདྲ་བ་དུ་མ་ཡོད་པ་སྟེ་མཐོ་ཚད་ལ་མཚོ་ངོས་ལས་སྤྱི་ཁྲེ་བདུན་སྟོང་ཡན་ཟིན་པའི་རི་ཆེན་ལྔ་བཅུ་ལྷག་ཙམ་དང་། མཐོ་ཚད་སྤྱི་ཁྲེ་བརྒྱད་སྟོང་བརྒལ་བའི་རི་ཆེན་བཅུ་བཅས་ཡོད། རི་ཆེན་མང་པོ་འདི་ལྟ་བུའི་རི་རྒྱུད་གཅིག་གི་ཐོག་ཕྱོགས་གཅིག་ཏུ་འཁེལ་བ་འདི་འདྲ་འཛམ་གླིང་ཐོག་རི་རྒྱུད་གང་ལའང་མཐོང་རྒྱུ་མེད་ཅིང་། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་དེ་ཡང་རི་རྒྱུད་འདིའི་དཀྱིལ་རྒྱུད་ཀྱི་ཀྲུང་བལ་ས་མཚམས་ཀྱི་རྒྱུད་དུ་ཆགས་ལ། མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ8848.13ཡོད། རི་བོ་ཧི་མ་ལ་ཡ་འདི་བོད་ལྗོངས་ས་མཐོའི་ལྕགས་རི་ཆེན་པོ་ཞིག་དང་འདྲ་བར་རླུང་གི་རྒྱུན་བཀག་སྟབས་བོད་ཀྱི་སྐྱེ་དངོས་དང་གནམ་གཤིས་སོགས་ལ་བག་ཆགས་ཆེན་པོ་བཞག་ཡོད་པ་ཡིན། 

  ཕྲེད་རྒྱུག་རི་རྒྱུད། 

     བོད་ལྗོངས་སུ་གོང་སྨྲོས་གཞུང་རྒྱུག་རི་རྒྱུད་རྣམས་ཕུད་ད་དུང་ས་གཞིའི་ཕྲེད་དུ་བརྒྱུགས་པའི་བོད་ཀྱི་ཤར་ལྷོའི་མཚམས་སུ་ཕྲེད་རྒྱུག་རི་རྒྱུད་ཅིག་ཡོད། དེ་ནི་སྟར་པ་མཉམ་གཤིབ་ཏུ་བསྒྲིགས་པའི་ལེ་ལག་རི་རྒྱུད་འགའ་ཤས་ལས་གྲུབ་ཅིང་རི་རྒྱུད་སོ་སོའི་དབར་ལ་ལུང་གཞུང་ཆགས་ཡོད། ལེ་ལག་རི་རྒྱུད་ཁག་ནུབ་ནས་ཤར་དུ་བརྒྱུགས་ཡོད་པ་དེ་དག་ནི་པད་རོ་ལ་དང། ཐང་ཉེ་ཐ་འུར་ལ། སྨར་ཁམས་རི་རྒྱུད་སོགས་ཡིན། གོང་སྨྲོས་ཕྲེད་རྒྱུག་རི་རྒྱུད་དེ་ནི་གཉན་ཆེན་ཐང་ལྷ་དང་གདང་ལ་རི་རྒྱུད་ལ་མཐུད་ནས་ཆགས་ཤིང་མཐོ་ཚད་རྒྱ་མཚོའི་ངོས་ནས་བརྩིས་སྤྱི་ཁྲེ་བཞི་སྟོང་ནས་ལྔ་སྟོང་བར་ཟིན། དེའི་རྒྱུད་ཀྱི་ལུང་གཞུང་ཁག་གི་ཁ་རྒྱར་སྤྱི་ཁྲེ་ཆིག་སྟོང་ནས་ཉིས་སྟོང་བར་ཡོད་པ་དང་། གཅོང་རོང་ཟབ་མོའི་ཁྲོད་ནས་གཙང་ཆེན་དྲག་ཏུ་འཕྱུར་བ་དེས་ལྷོ་བྱང་དབར་གྱི་རྒྱུ་འགྲུལ་གཅོད་པའི་འོབས་ཀླུང་རིམ་པ་བཞིན་གྲུབ། དེ་ཁུལ་དུ་ས་ཁ་དམའ་བས་རི་བོ་རྣམས་དེང་གི་འཁྱག་ཀླུང་དུ་གྲུབ་ཐུབ་མེད་ཀྱང་གནའ་བོའི་དུས་རིམ་བཞི་པའི་འཁྱག་ཀླུང་གི་ཆགས་ཤུལ་ཡོད། 

  རི་རྒྱུད་དེ་དག་གནས་པའི་གྲགས་ཅན་གངས་རི། 

     གོང་སྨྲོས་ཕྲེད་གཞུང་ཁག་གཉིས་སུ་བརྒྱུགས་པའི་རི་རྒྱུད་ཆེན་པོ་དེ་གཉིས་དང་། དེ་དག་གི་ཐོག་ཏུ་གནས་པའི་གངས་རི་རྣམས་ཀྱིས་བོད་ལྗོངས་ས་མཐོའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་གསལ་པོར་མཚོན་པར་བྱས་ཡོད་པས། དུས་རབས་རིམ་བྱོན་གྱི་མཁས་དབང་རྣམས་ཀྱིས་ཀྱང་གངས་རི་ར་རས་བསྐོར་བའི་ཞིང་ཁམས་ཞེས་བརྗོད། དེས་ན་བོད་འདིར་གངས་རི་མང་པོ་ཡོད་པ་གསལ་པོར་བསྟན་ཡོད་པ་ལས་གྲགས་ཅན་གངས་རི་ནི་གངས་ཏི་སེ་དང་། ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་གངས། གཉེན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར་སོགས་ཡོད་པ་དེ་རྣམས་ལས་གངས་དཀར་ཏི་སེ་དང་། ཇོ་མོ་གངས་དཀར་གཉིས་རགས་ཙམ་བརྗོད་ན།  

  གངས་དཀར་ཏི་སེ། 

     འཛམ་གླིང་གི་ཡང་སྟེང་དང༌། བོད་གངས་ཅན་གྱི་ནུབ་ངོས། མངའ་རིས་ཀྲོན་ཆུས། པུ་ཧྲེང་རྫོང་དུ་ཡོད་པའི་གངས་རི་ཆེན་པོ་ཏི་སེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ལྷན་ཅིག་ཏུ་འཛམ་གླིང་ས་མཐོའི་སྟེང་དུ་བརྗིད་ཆགས་པར་གནས་ཡོད་ལ། དེའི་དབྱིབས་དང༌། མཐོ་ཚད་སོགས་ཇི་ལྟ་བུ་ཡོད་ཅེ་ན། མདོ་སྡེ་ཕལ་མོ་ཆེ་དང་དྲན་པ་ཉེ་བར་བཞག་པའི་མདོ་སོགས་ནས་ཏི་སེའི་རི་བོ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་ཅན་དང༌། མཐོ་ཚད་དཔག་ཚད་ལྔ་བརྒྱའོ། ཞེས་གསུངས་པ་དང༌། གཞན་ཡང་སྐྱེས་ཆེན་དམ་པ་རྣམས་ཀྱི་སྤྱོད་ཡུལ་དང༌། སྐལ་ཆེན་དག་པའི་གཟིགས་ངོར་ཏི་སེ་དང༌། མ་ཕམ་གཡུ་མཚོ་སོགས་ལ་ངོ་མཚར་གྱི་བཀོད་པ་མཐའ་ཡས་པར་གཟིགས་པ་ཐུན་མོང་གི་སྣང་ངོར་ཡང་རང་རང་གི་བློ་ཡུལ་དང་མཐུན་པའི་གངས་འདུལ་གྱི་བཀོད་པ་སྣང་ཞིང་ངོ་བོ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་རྣམ་པ་གངས་ཅན་ཏི་སེ་ཞེས་པར་གྲུབ་པ་ཡིན་པར་གསུངས་སོ།། འཛམ་གླིང་གངས་རིའི་ཚལ་སྟུག་པོ་འདི་ཡི་དབུས་སུ་གངས་དཀར་ཏི་སེའི་རི་རྒྱུད་ཆགས་ཡོད་པ་དང་། ཏི་སེའི་ནུབ་ངོས་སུ་པ་ཀི་སི་ཐན་གྱི་ཀ་ར་ཀོ་རམ་རི་རྒྱུད་དང༌། ཏི་སེའི་བྱང་ངོས་སུ་ཤིང་བོད་མཚམས་ཀྱི་ཁུ་ནུ་ལའི་རི་རྒྱུད། ཏི་སེའི་ཤར་ངོས་སུ་རྨ་རྒྱལ་སྤོམ་རིའི་རི་རྒྱུད། ཏི་སེའི་ལྷོ་ངོས་སུ་ཧི་མ་ལ་ཡའི་རི་རྒྱུད་བཅས་མུ་མཐའ་མེད་པའི་བརྗིད་ཆགས་ལྡན་པའི་གངས་རིའི་ཕྲེང་བ་ཚར་དུ་དངར་བ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་གངས་དཀར་ཏི་སེ་དང༌། མ་ཕམ་གཡུ་མཚོ། ཏྲེ་ཏ་པུ་རི་བཅས་གནས་ཡོད་པ་དང༌། རང་རྒྱལ་གྱི་རི་རྒྱུད་ཆེ་ཤོས་ཀྱི་གྲས་སུ་གྲགས་པའི་ཧི་མ་ལ་ཡའི་རི་རྒྱུད་དང༌། ཏེ་སེའི་རི་རྒྱུད། ཁུ་ནུ་ལའི་རི་རྒྱུད་དེ་གསུམ་ནི་རླབས་ཀྱི་ཕྲེང་བ་བཞིན་སྟར་དུ་འབྲེལ་ཏེ་མངའ་རིས་ས་མཐོ་ནས་རང་རྒྱལ་གྱི་ཤར་ངོས་ཐད་དྲང་དུ་བརྐྱངས་ཡོད་པ་དང་རང་རྒྱལ་གྱི་ཆུ་བོ་ཆེན་པོའི་གྲས་ཡར་ཀླུང་གཙང་པོའི་སྟོད་རྒྱུད་རྟ་མཆོག་ཁ་འབབ་གཙང་པོ་ཡང་སེང་གེ་ཁ་འབབ་དང༌། གླང་ཆེན་ཁ་འབབ། རྨ་བྱ་ཁ་འབབ་བཅས་དང་འདྲ་བར་ཆུ་འགོ་གངས་རི་ཏི་སེ་དང༌། མ་དྲོས་མཚོ་ལ་ཐུག་པ་མདོ་རྒྱུད་བསྟན་བཅོས་རྣམས་སུ་གསལ་ཞིང༌། རྒྱལ་རབས་དང༌། ལོ་རྒྱུས་ཡིག་རྙིང༌། གཞན་ཡང་ས་དཔྱད་རིག་པ་བཅས་ལའང་དེ་ཁོ་ནར་བཞད་དོ།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ་བ་སྟེ་གངས་རིན་པོ་ཆེ་འདི་ཡི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་བརྩིས་མཐོ་ཚད་སྤྱི་ཁྲི་དྲུག་སྟོང་དྲུག་བརྒྱ་ལྔ་བཅུ་ང་དྲུག6656ཟིན་གྱི་ཡོད་ཅིང་གངས་སྐོར་གཅིག་གི་འགྱངས་ཐག་ནི་སྤྱི་ལེ་ལྔ་བཅུ་ང་གཉིས་ཡིན། བོད་རིགས་ཕལ་ཆེར་སྔ་མོ་ནས་ཉིན་འཁོར་ལ་ཕེབས་ཀྱི་ཡོད་པར་བརྗོད་པས་གངས་སྐོར་ཐེངས་གཅིག་ལ་ཆུ་ཚོད13ནས15བར་འགོར་གྱི་ཡོད་པ་དང༌། གངས་སྐོར་ལ་བརྐྱང་ཕྱལ་སྐོར་ཐེངས་གཅིག་ལ་ཉིན15—20བར་འགོར་གྱི་ཡོད་པར་གྲགས་སོ།། གངས་དཀར་ཏི་སེ་ཞེས་པའི་ཐ་སྙད་དེ་ལས་སྐད་གཉིས་ཡི་གེའི་གོ་དོན་ཡོད་པར་གསུངས་པས་དེ་ཡང་གངས་ཞེས་པ་བོད་སྐད་ཀྱི་གོ་དོན་ཁ་བ་དང༌། ཏེ་སི་ཞེས་པ་ལེགས་སྦྱར་སམ་སྐྲི་ཏའི་སྐད་ལྟར་ན་གོ་དོན་བསིལ་ཞེས་བརྗོད་པ་དང༌། ཏི་སེའི་མིང་གི་རྣམ་གྲངས་ལ་གངས་དཀར་ཏི་སེ་དང་གངས་རིན་པོ་ཆེ་ཞེས་གྲགས་སོ།། 

  ཇོ་མོ་གླང་མ། 

    གངས་རི་དེའི་མིང་ཡོངས་ལ་ཇོ་མོ་གླང་མ་རི་བོ་ཞེས་གྲགས་ཤིང་དེ་ནི་རང་རྒྱལ་གྱི་གཞུང་རྒྱུག་རི་རྒྱུད་ཆེ་བ་གསུམ(ཁུ་ནུ་ལའི་རི་རྒྱུད་དང་། གངས་ཏི་སེའི་རི་རྒྱུད། ཧི་མ་ལ་ཡའི་རི་རྒྱུད)དུ་གྲགས་པའི་ནང་ཚན་བོད་ཀྱི་ལྷོ་མཐའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱུད་དུ་ཆགས་ཡོད། ཇོ་མོ་གླང་མ་ནི་དེ་སྔ་སྐམ་ས་ཞིག་མིན་པར་གནའ་བོའི་རྒྱ་མཚོ་ཞིག་ཡིན་པ་དང་། རྒྱ་མཚོ་དེའི་ལྷོ་དང་བྱང་ཕྱོགས་གཉིས་ནས་གཙང་ཆུ་ལྷུང་ལྷུང་དུ་འབབ་ཀྱི་ཡོད་པས་མཚོ་མོའི་ནང་དུ་འདམ་རྫབ་བྱེ་མ་ལ་སོགས་འབོར་ཆེན་ཞིག་ཟམ་མི་ཆད་པར་མཚོ་ནང་ཁྱེར་ཡོང་བའི་དབང་གིས་དེ་དག་རྗེས་སུ་རིམ་བཞིན་བྲག་རྡོར་གྱུར་ཏེ་ཇོ་མོ་གླང་མ་རི་བོ་འདི་ལྟ་བུ་ཞིག་ཆགས་རྒྱུར་དངོས་པོའི་རྨང་གཞི་ལྷུན་གྱིས་གྲུབ་པ་སྐྲུན་ཡོད་པ་རེད། བཤད་ཚུལ་དེ་ནི་སྔར་གྱི་ལོ་རྒྱུས་ཀྱི་ཡིག་རིགས་ལས་བོད་འདི་ཐོག་མར་ཆུ་ཡི་ཀློང་ཆེན་པོ་ཞིག་ཏུ་གྲུབ་པ་ལ་དེ་རྗེས་རིམ་བཞིན་ཆུ་རྣམས་གོང་རོལ་དུ་སོང་ཞིང་ས་ཡི་ཁམས་ཆེན་པོ་ཆགས་པ་ཡིན་ཞེས་པ་དང་ཡོངས་སུ་མཐུན་ཞིང་། ཧ་ལམ་ལོ་ངོ་དུང་ཕྱུར་བཅུ་ཕྲག་ལྷག་འདས་ཟིན་པ་དང་། ད་ལྟའི་བར་དུ་ལོ་ཁྲི་ཚོ་སུམ་སྟོང་ཡས་མས་སོང་མཚམས་ཀྱི་རྒྱུན་ལྡན་མིན་པའི་ལོ་ཟླར་ནམ་མཁའ་དབྲལ་དང་མཚུངས་པའི་འབྲུག་སྒྲ་ལྡིར་བ་དང་། སའི་གོ་ལ་ཧྲིལ་བོ་གཡོ་ཞིང་འགུལ་བའི་དུས་སུ་ཇོ་མོ་གླང་མ་འདི་བཞིན་ས་ཡི་གོ་ལའི་ངོས་ལ་དངོས་སུ་བལྟམས་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་ཀེ་རེར་ལངས་འགོ་ཚུགས་སོ།། ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཡིན་ཞིང་མཐོ་ཚད་ལ་སྤྱི་ཁྲེ8844.43ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཀྱིལ་རྒྱུད་ཀྲུང་བལ་མཚམས་ཀྱི་རྒྱུད་དུ་ཆགས་ཡོད། དེང་སྐབས་སྲིད་འཛིན་ས་ཁུལ་ནས་བཤད་ན་གཞིས་རྩེ་ཀྲོན་ཆུས་དིང་རི་རྫོང་ཁུངས་སུ་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་ནས་ནུབ་ངོས་ཇོ་མོ་གླང་མའི་རི་བོ་བར་སྤྱི་ལེ་ཉིས་བརྒྱ་ལྷག་ཙམ་ཡོད། རི་བོ་འདི་ནི་ལྷུན་པོའི་ཚོགས་ལས་མཐོན་པོར་འཕགས་ཤིང་དུས་བཞིར་དབུ་རྩེར་ཁ་བའི་མདངས་འཛིན་ལ་ན་བུན་སྤྲིན་གྱི་ཅོད་པན་གྱིས་མཛེས་པ་སོགས་ངོ་མཚར་ཆེ་བའི་བཀོད་པ་དུ་མས་ཕྱུག་ཡོད།    ཇོ་མོ་གླང་མ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ཡུལ་སྐོར་བྱ་ཡུལ་གྱི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ལགས་སོ།། 





  


上一篇:གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།(ཚན་བཤུས།)

下一篇:རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ཡིག་ཆ་གལ་ཆེན་ཕྱོགས་སྒྲིག་ཅེས་པའི་དཔེ་དེབ་པར་དུ་བསྐྲུན།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790199 位访客