ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་སྐྱོང་བའི་མཛད་པ།

发布时间:2017-06-21 08:55:15

      

   ལུགས་གཉིས་གསེར་གྱི་ཁྲི་ལ་འཛེགས་ཤིང་སྲིད་གསུམ་ཁྱོན་ལ་སྙན་པས་ཁྱབ་པའི་མི་རིགས་ཀྱི་དཔའ་བོ་ཆེན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོས། མངའ་རིས་སྐོར་གསུམ་མན་དང་མདོ་ཁམས་ཡན་གྱི་བོད་ཀྱི་རིགས་སུ་གྱུར་པའི་ཡུལ་སྡེ་མཐའ་དག་གཅིག་གྱུར་བྱས་ནས་ཆེན་པོ་བོད་ཀྱི་རྒྱལ་ཁམས་ཞེས་པ་དེ་ཉིད་བྱུང་བའི་ཚུལ་ལ། བཞེད་ཚུལ་མི་འདྲ་བ་ཕྲན་ཚེགས་བྱུང་བ་དག་ལ་རེ་ཞིག་དགག་སྒྲུབ་ཀྱི་སྤྲོས་པ་དོར། ཚད་མར་གྱུར་པའི་ལོ་རྒྱུས་ཀྱི་ཡིག་རྙིང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང༌། 《དེབ་ཐེར་དམར་པོ》 《དེབ་ཐེར་སྔོན་པོ》 《དེབ་ཐེར་དཀར་པོ》 《ཏུང་ཧོང་གཏེར་ཡིག་》 སོགས་དང༌། གཞན་ཡང་རྒྱ་ནག་གི་ཡིག་ཚང་《ཐང་ཡིག་གསར་རྙིང་》(新旧唐书)དང༌། 《དཔྱད་སྐྱོང་མེ་ལོང་》(资治通鉴) བཅས་ཀྱི་ནང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་གཞི་ཁག་གི་དོན་གྱི་སྙིང་པོ་བསྡུས་ནས་ཞུ་བ་ལ། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱི་ལོ་617པའི་མེ་གླང་ལོར་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་འཁྲུངས། སྐབས་དེར་ཡབ་གནམ་རི་སྲོང་བཙན་གྱིས། མེས་སྟག་རི་གཉན་གཟིགས་ཀྱི་སྐབས་བན་པ་རྗེ་དང༌། བྲང་གར་རྗེ་ལ་སོགས་པའི་རྒྱལ་ཕྲན་འགའ་ཞིག་དབང་དུ་བསྡུ་བའི་འགོ་ཚུགས་པའི་རྨང་གཞིའི་ཐོགདབུས་ཕྱོགས་ཀྱི་ཟིང་པོ་རྗེ་དང༌། གཙང་གི་རྒྱལ་པོ་མར་མུན། དྭགས་པོ་ས་ཁུལ་སོགས་མངའ་ཁོངས་སུ་བཅུག་སྟེ་ཡབ་མེས་གོང་མ་གཉའ་ཁྲི་བཙན་པོ་སོགས་ཀྱི་སྐབས་སུ་དབང་དུ་བྱས་པའི་རྒྱལ་ཕྲན་རྣམས་སླར་ཡང་གཅིག་གྱུར་གྱིས་དབང་དུ་བྱས་པའི་གཞི་གདིང་བ་དང༌། ས་ཐག་རིང་བའི་ཕྱོགས་ནས་ཐད་ཀར་ཁ་གཏད་དུ་ལངས་ནས་ངོ་རྒོལ་བྱས་པར་མ་ཟད། ནང་སྐོར་གྱི་ཡབ་འབངས་དང༌། ཡུམ་འབངས་བཅས་ཀྱིས་གྱེན་ལོག་བྱས་ཏེ་མཐར་དགྲ་གཉེན་ལག་འབྲེལ་གྱིས་དུག་དྲངས་ནས་སྤྱི་ལོ་629པའི་ས་གླང་ལོར་རྒྱལ་པོ་གནམ་རི་སྲོང་བཙན་བཀྲོངས། སྐབས་དེར་སྲིད་ཀྱི་དབང་ཤུགས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པའི་གོ་རིམ་གྱི་ནང་དུ་ཕྱི་ནང་གཉིས་ཀའི་ཕྱོགས་ནས་ངོ་ལོག་དང་ཟིང་འཁྲུག་གི་རྣམ་པ་ཧ་ཅང་ཚབས་ཆེ་བའི་གནས་ཚུལ་འོག་དགུང་ལོ་བཅུ་གསུམ་ལ་སླེབས་མ་ཐག་པའི་བཙན་པོ་སྲོང་བཙན་སྒམ་པོ་དེ་བློན་ཆེན་མྱང་མང་པོ་རྗེ་ཞང་སྣང་དང༌། མགར་མང་ཞམ་སུམ་སྣང་དང༌། ཁྱུང་པོ་སྤུང་སད་ཟུ་རྩེ། དབའ་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་བཙན་པོའི་ཁྲི་ལ་མངའ་གསོལ། ཧ་ཅང་ཛ་དྲག་ཆེ་བའི་ཆབ་སྲིད་དང་དམག་དོན་གྱི་ཡོ་ལང་ནང་དུ། རྒྱལ་པོ་སྐུ་ན་གཞོན་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོར་བགོས་ཏེ། ནང་སྐོར་གྱི་བློན་པོ་རྣམས་བཀའ་གྲོས་གནང་ཞིང་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་ཐོག་མར་སྲིད་འགྱུར་གྱི་གཡོ་ཇུས་འགོད་མཁན་དེ་དག་ཚར་གཅོད་པ་དང༌། དུས་མཚུངས་སུ་ཡབ་གནམ་རི་སྲོང་བཙན་ལ་དུག་འདྲེན་མཁན་རྣམས་ཐམས་ཅད་ཁྲིམས་ལ་སྦྱར་ཏེ་གཙང་དག་བཟོས་པས། སྐྱེ་བོ་མི་སྲུན་པ་རྣམས་རང་ཤུགས་ཀྱིས་དཔའ་འཁུམས། དེ་ནས་རིམ་བཞིན་ཡབ་མེས་དུས་སུ་ངོ་ལོག་བྱས་པའི་ཆབ་འབངས་མཐའ་དག་སླར་ཡང་བཙན་པོའི་མངའ་འོག་ཏུ་བཅུག །དེ་ནས་བོད་ཀྱི་ཤར་ཕྱོགས་སུམ་པའི་ཡུལ་དུ་ (དེང་དུས་ཁམས་མདོ་སྟོད་) བློན་ཆེན་པོ་མྱང་མང་པོ་རྗེ་ཞང་སྣང་གིས་དམག་རྒྱག་མ་དགོས་པར་རྒྱལ་ཁམས་ཡོངས་རྫོགས་ཐབས་མཁས་ཀྱི་བྱ་བ་ལ་བརྟེན་ནས། ཚོ་བའི་འགོ་དཔོན་དག་ལ་སྙན་པའི་གཏམ་དང་ཞི་བའི་གྲོས་བཏབ་སྟེ་ཡུལ་ཚན་སོ་སོའི་ཐེམ་དུད་གཅིག་ཀྱང་མ་ལུས་པ་དང༌། ཐོར་གྱར་མེད་པར་བོད་བཙན་པོའི་ཆབ་འབངས་ཁོངས་སུ་བཅུགདེའི་རྗེས་སུ་བཙན་པོ་རང་ཉིད་སྐུ་དངོས་བྱང་དུ་ཕེབས་ནས། དམག་དཔུང་གིས་གཡུལ་བཤམས་མ་དགོས་པར་བྱང་ངོས་ཀྱི་རྒྱ་དང་འ་ཞས་དཔྱ་ཁྲལ་འཇལ་ཞིང༌། 


     དེ་ནས་བཟུང་འ་ཞ་ཡང་བོད་ཀྱི་ཆབ་འབངས་སུ་ཚུད་དོ། དེ་ནས་བཙན་པོ་དང༌། མྱང་མང་པོ་རྗེ་ཞང་སྣང་གི་བར་དུ། ཁྱུང་པོ་སྤུང་སད་ཟུ་ཙེས་ཕྲ་མ་བཅུག་སྟེ་བཙན་པོའི་སྤྱན་སྔར། ཞང་སྣང་བློ་མ་ལོག་པ་ལ་བློ་ལོག་འདུག་ཅེས་ཞུ་བ་དང༌། ཡང་ཞང་སྣང་གི་དྲུང་དུ་བཙན་པོས་བཀའ་བཀྱོན་མ་གནང་ནའང་བཀའ་བཀྱོན་གནང་གིན་འདུག་ཅེས་བཤད་པར། ཞང་སྣང་གིས་ཡིད་ཆེས་བྱས་ཏེ་བཙན་པོའི་བཀའ་བྱུང་ནའང༌། ནད་ཀྱིས་མནར་ཞེས་མ་ཕྱིན་པར་བརྟེན་བཙན་པོའི་ཐུགས་ལའང་ཞང་སྣང་བློ་ལོག་ཟེར་བ་བདེན་པར་འདུག་དགོངས་ནས། མཁར་སྤུར་བ་མཐའ་ནས་བསྐོར་བ་དང༌། དེ་རྗེས་ཞང་སྣང་རང་གི་འཁོར་གཡོག་པ་ཚབ་གྱིམ་པོ་ཟེར་བས་གཡོ་སྒྱུའི་སྒོ་ནས་ཞང་སྣང་བསད་དོ། མྱང་མང་པོ་རྗེ་ཞང་སྣང་ནི་ཡབ་གནམ་རི་སྲོང་བཙན་སྐབས་ཀྱི་བློན་པོ་ཡིན་པ་དང༌། སྲོང་བཙན་སྒམ་པོའི་ཞབས་ཞུ་བསྒྲུབས་ཤིང་སུམ་པའི་ཡུལ་ཁམས་འབངས་སུ་བཀུག་པ་སོགས་རྒྱལ་སྲིད་ལ་ཕན་པའི་མཛད་རྗེས་ཧ་ཅང་ཆེན་པོ་བཞག་ཡོད་ན་ཡང༌། ཁྱུང་པོ་སྤུང་སད་ཟུ་ཙེས་ཞང་སྣང་བློན་པོ་ཆེ་བའི་དབང་ཆ་གཡོ་འཕྲོག་བྱེད་པའི་ཆེད་དུ་རྒྱལ་བློན་བར་དུ་དབྱེན་སྦྱོར་དཀྲུག་ཤིང་བྱས་ཏེ་མི་འོས་པའི་དོན་རྐྱེན་ཆེན་པོ་ཞིག་བྱུང༌། དེའི་རྗེས་སུ་ཁྱུང་པོ་སྤུང་སད་ཟུ་ཙེ་རྒྱལ་པོའི་སྐུ་འཁོར་རྣམས་ཀྱི་ནང་དུ་སྐུ་ལ་ཉེ་ཤོས་ཤིག་བྱས་པར་གྲགས་ཤིང༌། སྤུང་སད་ཟུ་ཙེ་རྒས་ནས་ངལ་གསོ་བྱས་པ་དང་བློན་པོ་མགར་སྟོང་བཙན་ཡུལ་ཟུང་བཙན་པོའི་བཀའི་བློན་པོ་ཆེ་ཤོས་སུ་གྱུར། །དེ་ནས་བོད་ཡུལ་གཅིག་གྱུར་གྱི་རྒྱལ་སྲིད་སྐྱོང་བ་ལ་དགོས་པ་དུ་མའི་དབང་གིས་རྒྱལ་ས་དབུས་ཕྱོགས་སུ་སྤོར་རྒྱུའི་བཀའ་བགྲོས་ཐོག བོད་དབུས་འགྱུར་གྱི་ལྗོངས་འདིར་ཡུལ་གྱི་བཀོད་པ་དང་སའི་དཔྱད་པ་སོགས་ལ་བརྟག་དཔྱད་ཞིབ་མོ་མཛད་མཐར། དབུ་རུ་ཤོད་ཆེན་གྱི་སའི་ལྟེ་བ་འོ་ཐང་གི་མཚེ འི་འགྲམ་དེར་ཡུལ་ལྗོངས་ཉམས་དགའ་ལ། ས་གཞི་ཁོད་སྙོམས་པའི་དབུས་སུ་གཡས་གཡོན་གྱི་རི་བརྒྱུད་གཞན་དང་མ་འདྲེས་པའི་རི་དེའུ་སེང་གེ་གནམ་ལ་འཕྱོ་བ་ལྟ་བུ་སྟེ། ད་ལྟའི་ཕོ་བྲང་ཆེན་མོ་པོ་ཏ་ལ་ཆགས་ཡུལ་དམར་པོ་རི་འདི་ཉིད་ས་དཔྱད་ཁྱད་དུ་འཕགས་ཤིང༌། དེའི་རྩེ་མོ་ནས་འཁོར་ཡུག་གི་སྣང་ཚུལ་ཚང་མ་ལག་མཐིལ་དུ་བླངས་པ་ལྟར་མཐོང་ཐུབ་པ་སོགས་ཕ་རོལ་གཞན་སྡེ་རྣམ་པར་གནོན་པའི་དགེ་མཚན་དང་ཡང་ལྡན་པར་གཟིགས་ནས། དམར་པོ་རིའི་ཐོག་ཏུ་ཕོ་བྲང་མཐོ་ཞིང་བཙན་པ་ཞིག་བཞེངས་ཏེ་རྒྱལ་བློན་དཔུང་དང་བཅས་པ་དེར་བཞུགས་ནས་བོད་ཡོངས་ལ་དབང་སྒྱུར་བྱས་ཡོད་པ་རེད། །དེ་ནས་སྔར་གྱི་ཆབ་འབངས་རྣམས་ཚོ་པ་རེ་རེ་བཞིན་ཞིབ་བཤེར་བདེ་འཇགས་སུ་བཀོད་པ་དང༌། རུས་ཚོ་ཀུན་ལ་ཉེ་རིང་མེད་པ་བྱས་ནས་བསྐྱངས། བཟང་པོ་ལ་བྱ་དགའ་སྟེར། ངན་པ་ལ་ཆད་པ་གཅོད། མཐོ་བ་རྣམས་ཁྲིམས་ཀྱིས་མནན། དམའ་བ་རྣམས་ཐབས་ཀྱིས་སྐྱོང་བ་སོགས་ཞི་རྒྱས་དབང་དྲག་གི་མཛད་པ་གང་ལ་གང་འཚམ་གྱིས་ཕྱག་ལེན་གནང་གིན་ཡོད་དེ། ཡབ་གནམ་རི་སྲོང་བཙན་སྐབས་ཀྱི་མཛད་རྗེས་ཆེ་བའི་བློན་པོ་དབའ་དབྱི་ཚབ་ལོ་རྒས་ནས་རང་ཁྱིམ་དུ་ངལ་གསོ་ནས་བསྡད་ཡོད་པའི་སྐབས་དབྱི་ཚབ་ཀྱིས། བཙན་པོའི་ནང་བློན་བྲིན་སྙ་དོ་རེ་གཙུག་བློན་བརྒྱུད་ནས་བཙན་པོ་སྲོང་བཙན་སྒམ་པོ་ལ། ཁོ་བོས་སྔོན་ཆད་ཟིང་པོ་རྗེ་རྒྱབ་ཏུ་བསྐྱུར། སྤུ་རྒྱལ་པང་དུ་བླངས་ནས་བཙན་པོའི་ཆབ་སྲིད་རྒྱ་ཆེར་སྐྱེད་པའི་ཞབས་འདེགས་ཞུས་པ་དང༌། བདག་ཅག་ཕ་བུ་སུས་ཀྱང་བཙན་པོ་ལ་བློ་མ་ལོག་ཅིང༌། ཞབས་འདྲེན་མ་ཞུས་པར་མཆིས་པ་ལགས། ད་ནི་བདག་ལོ་རྒས་ཤིང་ལུས་སྟོབས་ཉམས་པས་རང་ཉིད་མ་ཤི་བའི་གོང་དུ་བུ་རྣམས་དང་བཅས་པར་དབུ་སྙུང་ཅུང་ཟད་ཙམ་ཞིག་གནང་བ་ཞུ་ཞེས་པར། བཙན་པོ་སྲོང་བཙན་གྱིས། དྲིན་ཅན་མི་ཡི་ཡིད་མི་གཅོག ། ལྷ་ཡི་རྟ་ལ་སྒལ་མི་དབྱུང༌། །ཟེར་བ་ལྟར་ཁྱེད་ཕ་ཚན་ནམ་ཡང་བློ་མ་ལོག་པར་བསྡད་པས་རང་ཁྱིམ་དུ་གདན་དྲངས་པ་ལྟར་ཕེབས་རྒྱུ་ཡིན་ལ། དབུ་མནའ་ཡང་གནང་ཆོག་ཅེས་ཞལ་གྱིས་བཞེས་ནས། དབྱི་ཚབ་ཀྱི་ཁྱིམ་དུ་ཆང་སྟོན་ཆེན་པོ་ཞིག་བཤམས། དེར་བཙན་པོས་དབྱི་ཚབ་བློ་དཀར་བས་གྲོངས་ན་དུར་ཁུང་བཙན་པོ་རང་གི་ཕྱག་རེག་ནས་བརྩིག་རྒྱུ་དང༌། བུ་ཚ་སུ་འོས་ཤིག་ལ་གསེར་ཡིག་རྒྱུན་མི་ཆད་པ་གནང་རྒྱུའི་དབུ་མནའ་བཞེས་ཤིང༌། མགུར་ཡང་བསྩལ། དབའ་དབྱི་ཚབ་ཕ་བུ་བདུན་གྱིས་ཀྱང༌། དུས་ནམ་ཡང་སྤུ་རྒྱལ་ལ་བློ་མི་ལོག་པ་སོགས་ཀྱི་མནའ་བསྐྱལ་ཅིང༌། གླུ་ལན་ཡང་ཕུལ་བར་གྲགས། 


      བོད་ཀྱི་གནའ་སྲོལ་ལ་མནའ་སྐྱེལ་དུས་ལག་ཏུ་རྡོ་བ་ཞིག་བཟུང་སྟེ་མནའ་ཚིག་འདོན་པ་ཡིན་འདུག་པས། སྐབས་དེར་དབུ་སྙུང་གནང་བའི་རྡོ་དཀར་པོ་དེ་རྗེས་སོར་དབྱི་ཚབ་གྲོངས་པའི་དུས་སུ་དུར་ཁུང་གི་རྨང་རྡོར་བརྩིགས་པ་སོགས་བྱས་རྗེས་ཅན་ལ་དེ་ལྟ་བུའི་གཟེངས་བསྟོད་གནང་བར་གྲགས། །བཙན་པོ་སྲོང་བཙན་སྒམ་པོའི་མཛད་འཕྲིན་དར་བའི་འགོ་ཚུགས་པ་དང༌། བློན་ཆེན་ཟུར་པ་ཁྱུང་པོ་སྤུང་སད་ཟུ་ཙེས་གཡོ་ཐབས་ཀྱིས་བཙན་པོ་བཀྲོང་བའི་ཐབས་བཤམས་ཏེ་ཞུས་པ། སྔོན་ཆད་བཙན་པོའི་ཡབ་གནམ་རི་སྲོང་བཙན་གྱི་སྐབས་སུ། བདག་གི་གཙང་ཕྱོགས་རྣམས་སྤུ་རྒྱལ་གྱི་ཆབ་འབངས་སུ་བཀུག་ན་ཡང༌། གཙང་གི་ས་ཕྱོགས་འདིར་ཡབ་དེའི་སྤྱན་གྱིས་མ་གཟིགས་ལ་ཞབས་ཀྱིས་བཅགས་པའང་མེད་པས། ད་ཆ་བཙན་པོ་སྲས་ཀྱིས་དངོས་སུ་ཕེབས་ནས་གཟིགས་ཙམ་གནང་བ་དང༌། བདག་གི་མཁར་སྡུམ་པ་ཁྲི་བོམས་སུ་དགྱེས་སྐྱེམས་གསོལ་སྟོན་ཞིག་ཀྱང་བཤམས་ཆོག་པ་ཞེས་གདན་ཞུ་བྱས། བཙན་པོས་ཀྱང་ཞལ་གྱིས་བཞེས་ཏེ་བློན་པོ་མགར་སྟོང་བཙན་ཡུལ་ཟུང་བཀས་མངགས་ནས་སྔོན་ལ་གྲ་སྒྲིག་ཏུ་བཏང་བ་ལྟར་མགར་གྱིས་བརྟག་དཔྱད་བྱས་པ་བརྒྱུད། སྤུང་སད་ཟུ་ཙེས་ལྐོག་ཏུ་དམག་དཔུང་སྦས་ཏེ་བཙན་པོ་བཀྲོང་རྒྱུའི་གཡོ་སྒྱུ་བཤམས་པ་ཤེས་ཏེ་གསང་སྟབས་སུ་རྒྱལ་པོའི་སྤྱན་སྔར་བྲོས། སྤུང་སད་ཟུ་ཙེས་མགར་བྲོས་པ་ཤེས་པ་དང་རང་གི་བུ་ངག་རེ་ཁྱུང་ཟེར་བ་དེ་ལ་ང་རང་ཤི་བའི་རྗེས་སུ་མགོ་བོ་ཆོད་ལ་རྒྱལ་པོ་ལ་ཕུལ་དང་རང་གི་ཡུལ་གཞིས་ཁྱེད་རང་ལ་དབང༌། དེ་ལྟར་མིན་ན་རང་རེའི་ཕ་རྩ་བུ་རྒྱུད་དང་བཅས་པ་བརླག་པའི་ཉེན་ཁ་ཆེ་བ་སོགས་ཀྱི་ཁ་ཆེམས་བཞག་ནས་རང་ཉིད་ལྕེབས་ཏེ་ཤི། ངག་རེ་ཁྱུང་གིས་ཕའི་ཁ་ཆེམས་བཞིན་ཕའི་མགོ་བོ་བཅད་དེ་སྐུ་མཁར་ཕྱིང་བར་ཁྱེར། བདག་གི་ཕ་རྒན་བཙན་པོ་ལ་བློ་ལོག་ནས་བར་ཆད་བརྩམས་པ་མགར་གྱིས་ཤེས་པ་ལྟར་ལགས་ན། བདག་གིས་རང་གི་ཕའི་མགོ་བཅད་དེ་བཙན་པོའི་དྲུང་དུ་བཅར་བ་ལགས་པས། བདག་ཅག་གི་ཁྱིམ་སྲིད་ལ་བཀའ་ཉེས་མེད་པ་ཞིག་གནང་སྐྱོང་ཞེས་ཞུས་པར། བཙན་པོས་ཀྱང་དེ་བཞིན་ཞལ་གྱིས་བཞེས་ཏེ་ཤུལ་མིའི་ཁྱིམ་སྲིད་བདག་དབང་ལ་ཉེས་ཆད་མི་ཕོག་པའི་རང་འཇགས་གནང༌། དུས་མཚུངས་སུ་བོད་ཡུལ་ནུབ་ཕྱོགས་ཀྱི་ཞང་ཞུང་གི་ཡུལ་གྲུ་སྟེ་དེང་དུས་སྟོད་མངའ་རིས་དང་ལ་དྭགས་ཀྱི་ཡུལ་འདི་ཉིད་དབང་སྒྱུར་བྱེད་པ་ལ། ཐོག་མར་བཙན་པོ་སྲོང་བཙན་སྒམ་པོའི་སྲིང་མོ་བཙན་མོ་སད་མ་དཀར་བྱ་བ་དེ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་བཙུན་མོར་གནང་ནས་ད་ལྟའི་མངའ་རིས་ས་ཁུལ་གྱི་རྩ་མདའ་རྫོང་ཁོངས་སུ་ཡོད་པའི་ཁྱུང་ལུང་གི་ཕོ་བྲང་དུ་ཕེབས་ཤིང༌། ཞང་ཞུང་གི་རྒྱལ་པོ་དེ་ལ་སྔར་འདྲིས་ཀྱི་ཟུར་གྲོགས་བུ་མོ་ཤུད་ཀེ་བཟའ་རྩལ་ཏིང་ཤགས་ཞེས་པ་ཞིག་ཡོད་སྟབས། དེ་དང་རྒྱལ་པོ་གཉིས་ཕན་ཚུན་སྙིང་ཉེ་ཞིང་མཛའ་གཅུགས་དམ་པོར་ཆགས་སྟབས་ཞང་ཞུང་རྒྱལ་པོ་ནི་དུས་རྒྱུན་ཤུད་ཀེ་བཟའ་དང་འགྲོགས་ནས་བཙན་མོ་སད་མ་དཀར་དང་ལྷན་དུ་མི་བཞུགས་ཤིང་ཐུགས་མི་མཐུན་པར་བརྟེན། བཙན་མོ་ཡང་ཞང་ཞུང་རྒྱལ་པོའི་ཁབ་དང་སྲིད་མི་འཛིན་པར་ལོགས་ཤིག་ཏུ་བཞུགས་ནས་མཛའ་འབྲེལ་ཡག་པོ་མེད་པའི་ཚུལ་དེ་དག་བཙན་པོ་སྲོང་བཙན་གྱི་སྙན་དུ་གསན་ཞིང༌། བཙན་པོས་བློན་པོ་སྦུག་གྱིམ་བཙན་རྨང་ཆུང་བྱ་བ་ཞིག་ཞང་ཞུང་ལ་ཆེད་དུ་མངགས་ནས། བཙན་མོ་སད་མ་དཀར་ལ་དེ་ལྟར་མཛད་ན་ཞང་བོད་ཆབ་སྲིད་ཀྱི་དཀྲུག་རྐྱེན་དུ་འགྱུར་བས་ཕྱིན་ཆད་དེ་ལྟ་བུ་མི་གནང་བར་ལིག་མི་རྐྱའི་ཁྱིམ་སྲིད་འཛིན་དགོས་ཞེས་བཀའ་འཕྲིན་ཁྱེར་ནས་རྨང་ཆུང་མྱུར་སྟབས་ཀྱིས་ཁྱུང་ལུང་ཕོ་བྲང་དུ་ཕྱིན་པ་ན། བཙན་མོ་ནི་ཡུལ་དེར་མི་བཞུགས་པར་མ་ཕམ་གཡུ་མཚོའི་འགྲམ་དུ་ཆབ་ལ་རོལ་ཅིང་ཁྲུས་ཀྱི་ཆེད་དུ་ཕེབས་ཞེས་ཐོས། རྨང་ཆུང་ཡང་མཚོ་མ་ཕམ་འགྲམ་དུ་བསྐྱོད་ནས་བཙན་མོའི་ཞལ་མཇལ་ཏེ་ཕྱག་ཕུལ་པ་ན། བཙན་མོའི་ཞལ་ནས། གཅེན་བཙན་པོ་སྲོང་བཙན་སྐུ་ཁམས་བདེའམ། བློན་རྨང་ཆུང་ལམ་བགྲོད་བདེའམ་ཞེས་འཚམས་འདྲི་གནང་བར་བདེ་བ་ཡོད་ལགས་ཞེས་ལན་ཕུལ་པའི་རྗེས་སུ། བཙན་པོའི་བཀའ་འདི་དང་འདི་ཞེས་ཆད་ལུས་མེད་པར་སྙན་དུ་གསོལ་པ་དེ་དག་གསན་རྗེས་བཙན་མོས། ཁྱེད་ནི་བཙན་པོའི་བཀའ་མངགས་པ་ཡིན་པས་མགྲོན་གྱི་ཕྱག་ལན་ལོངས་ཤིག་ཅིས་ཕྱག་ལན་མཛད་པའི་མཇུག་ཏུ། གསུང་མགུར་སྙན་མོ་དཔེ་དང་གབ་ཚིག་གིས་བརྒྱན་པའི་ཚིགས་བཅད་རྐང་པ་བདུན་ཅུ་ཙམ་ཡོད་པ་ཞིག་བསྐུར་གནང་བ་དེའི་ཚིག་རྐང་འགའ་ཞིག་འདིར་དཔེར་མཚོན་ཙམ་བཀོད་པར། ཡུལ་གྱི་ནི་སྐལ་ཕོག་པ། །ཁྱུང་ལུང་ནི་རྡུལ་མཁར་ཞིག །མུ་སུ་ནི་གཞན་ན་རེ། །ཕྱི་ལྟས་ནི་ངམ་དང་བྲག །ནང་བལྟས་ནི་གསེར་དང་དབྱིག །བདག་གི་ནི་གཡར་སྔ་རུ། །མཆིས་ཆུ་ནི་མ་ཐོ་འམ། །སྐྱ་མོ་ནི་བསེང་བསེང་མོ། །ཞེས་པ་ལ་སོགས་པ་རྣམས་སོ།


      ནང་དོན་གཙོ་བོ་ལ་ཁོང་རང་གི་འཚོ་བ་དང་གནས་བབ་སོགས་མི་གཞན་གྱིས་བལྟས་ན་ཡིད་སྨོན་འཆོར་བ་ཞིག་ཡོད་མོད། འོན་ཀྱང་དོན་དངོས་ལ་ཅི་ཙམ་བསམས་ན་དེ་ཙམ་གྱིས་དཀའ་སྡུག་དང་ཡི་མུག་པ་ཁོ་ན་ལས་མི་འདུག་ཅེས་པའི་དོན་ཡིན། དེའི་མཇུག་ཏུ་བྱང་ཐང་གི་འབྲོང་གཅིག་པུ་དེ་ཕུ་ནས་ཀི་འདེབས་པ་དང༌། མདའ་ནས་གཡབ་མོ་བྱེད་པའི་བར་དུ་གཅུར་ནས་བསད་ན་མགོ་རུ་ཐུར་དང་བཅས་པ་ཕྱིང་བ་སྟག་རྩེའི་བཅུད་དང༌། ཤ་པགས་སོགས་ནི་བྱས་རྗེས་འཇོག་མཁན་ལ་ཐོབ་ཐུབ་ཟེར་བ་སོགས་མདོར་ན་ཞང་ཞུང་དུ་དཔུང་འཇུག་བྱས་ཏེ་དབང་དུ་བསྡུ་དགོས་པ་གབ་ཚིག་གི་ལམ་ནས་གསུངས་ཡོད། མགུར་དེ་བཞེངས་པའི་མཇུག་ཏུ། གཅེན་བཙན་པོ་མཆོག་ལ་བཀའ་ལན་ཞུ་ཡིག་ཐུག་འབུལ་འོས་པ་ནི་ཅི་ཡང་མེད། བཙན་པོ་སྐུ་ཁམས་བདེ་བར་བཞུགས་པ་ནི་ཡིད་ལ་དགའ་བ་བརྟས། ད་ལན་བཀའ་སློབ་གནང་བ་རྣམས་ཤི་གསོན་ལ་མ་ལྟོས་པ་རང་ནུས་གང་ཡོད་ཀྱིས་འབད་འབུངས་ཞུ་ཆོག་པར་གསོལ་དགོས། བཙན་པོའི་ཕྱག་ཏུ་འདི་ཕུལ་ཅིག་གསུངས་ཏེ། ཞུ་རྟེན་དམ་རྒྱས་མནན་པ་ཞིག་བསྐུར་གནང་མཛད། དེ་ནས་རྨང་ཆུང་གི་བཙན་མོར་ཕྱི་ཕྱག་ཕུལ་ཏེ་བཙན་པོའི་ཕོ་བྲང་དུ་འཁོར་ནས་འདི་སྐད་ཞུས། བཙན་མོས་བཀའ་ལན་ཡིག་ཐོག་ཏུ་གནང་བ་ནི་མེད། མགུར་བཞེས་པའི་ཚིག་དོན་ནི་འདི་དང་འདི་ལྟར་གསུངས། ཕྱག་རྒྱས་མནན་ནས་བསྐུར་པའི་འབུལ་རྟེན་ནི་འདི་ལགས་སོ་ཞེས་ཕུལ་བ་ན། འབུལ་རྟེན་གྱི་རྒྱལ་བཤིགས་ནས་གཟིགས་སྐབས་དེའི་ནང་དུ་བོད་གཡུ་རྙིང་མ་ཧ་ཅང་ལེགས་པ་སུམ་ཅུ་ཙམ་ཞིག་བླུགས་ཡོད་པ་གཟིགས། བཙན་པོས་མགུར་གྱི་ཚིག་དོན་དང་བསྟུན་ནས་དེའི་གོ་དོན་ལ་དགོངས་པ་ཡང་ནས་ཡང་དུ་བཞེས་པའི་མཐར་བློན་པོ་རྣམས་ལ་བཀའ་གནང་བ། རང་རེས་ཞང་ཞུང་ལིག་མི་རྐྱ་ལ་ཕར་རྒོལ་བྱ་ཕོད་ན་ནི་གཡུ་ཐོགས་ཤིགགལ་ཏེ་ཕར་རྒོལ་བྱ་མ་ནུས་ན་ནི་བུད་མེད་དང་འདྲ་བས་ཞུ་གྱོན་ཅིག་ཟེར་བར་གདའ་ཞེས་གསུངས་སོ། དེའི་ཐོག་ནས་གཡུ་ནི་གནའ་རབས་རང་ཅག་བོད་རིགས་ཕོ་མོ་ཀུན་གྱི་རྒྱནདུ་བྱས་པ་མཚོན་ལ། དེའང་མགུལ་ལམ་རྣ་རྒྱན་དུ་གཡུ་འདོགས་པ་ནི་དཔའ་བོའི་ཆ་བྱད་དང༌། གཡུ་རྣམས་བསྟར་ལ་བཀོད་པས་མགོ་རྒྱན་དུ་གྱོན་པ་ནི་བུད་མེད་ཀྱི་ཆ་ལུགས་ཡིན་པ་ཤེས་ཐུབ། བཙན་པོས་མགུར་ཚིག་དང་ཞུ་རྟེན་ལ་འགྲེལ་བཤད་དེ་ལྟར་གནང་བས་བློན་པོ་རྣམས་ཀྱིས་ཀྱང་དོན་དེ་གསལ་པོར་གོ་ནས་འཕྲལ་དུ་སྟོད་ཕྱོགས་སུ་དམག་དྲངས་ཏེ་ཞང་ཞུང་རྒྱལ་པོའི་སྲིད་དབང་གཏོར་ནས་ཡུལ་དེ་སྤུ་རྒྱལ་བཙན་པོའི་ཆབ་འོག་ཏུ་བཅུག་པ་དང༌། དུས་མཚུངས་སུ་ཤར་ལྷོའི་ཕྱོགས་ཀྱི་འཇང་ཡུལ་ཡང་རིམ་བཞིན་ཆབ་འོག་ཏུ་བཙུད་པ་བཅས་མདོར་ན། བོད་ཡོངས་གཅིག་གྱུར་བྱས་པ་ནས་བཙན་པོའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཇེ་ཆེ་སྤེལ་བའི་མཛད་རྗེས་བསམ་བརྗོད་ལས་འདས་པ་ཞིག་གོ །དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོས་མངའ་རིས་མན་དང་མདོ་ཁམས་ཡན་གྱི་བོད་རིགས་ཐམས་ཅད་གཅིག་གྱུར་མཛད་དེ། ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་ཞི་བའི་གཉེན་འབྲེལ་དང༌། དྲག་པོའི་དམག་གི་དཔུང་འཇུག་སོགས་ཡུལ་དུས་དང་བསྟུན་པའི་སྒོ་ནས་གང་ལ་གང་འཚམ་གྱི་འབྲེལ་བས་ཆབ་སྲིད་མཐའ་བཞིར་བསྐྱེད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རིག་གནས་ཀྱི་སྙིང་བཅུད་མང་པོ་བླངས་ནས་རང་གི་རིག་གནས་ཀྱི་གསོས་སུ་བཏབ་སྟེ་དར་སྤེལ་བཏང༌། སྐབས་དེར་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན། རིག་གནས། ཁྲིམས་ལུགས་སོགས་ཨེ་ཤ་ཡའི་(Asia)གླིང་འདིར་རྒྱལ་ཁབ་གཞན་ལས་མི་དམན་པ་ཞིག་ཆགས་ཡོད། །

上一篇:བོད་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་བའི་བློན་ཆེན་མགར་ཁྲི་འབྲིང་།

下一篇:དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་བཞུགས་སོ། །

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790195 位访客