ཕ་ཡུལ་ལ་བཅངས་པའི་བརྩེ་བ།

发布时间:2017-06-21 08:36:33

     དུངས་ཞེན་གྱི་རྦ་རླབས་དྲག་ཏུ་སྐྱོམ་ཞིང་དྲན་གདུང་གི་ཕང་འགྲོས་འཇགས་མེད་ཀྱི་གླུ་དབྱངས་ལེན་བཞིན། བྱེས་ཀྱི་ཕ་ཡུལ་དྲན་པའི་ཡིད་སེམས་ཀྱི་རབ་ཁ་ནས་རླབས་རིས་ཀྱི་ལག་པས་བརྗེད་མེད་ཀྱི་རི་མོ་ཡང་ཡང་བྲག་ངོས་སུ་ཕབ།དེ་ནི་ངའི་དྲན་པའི་སྒོ་བྱང་དུ་བཏེགས་པའི་མཚར་སྡུག་གི་ཡུལ་གྲུ་དེའོ། །


     མཚམས་རེར་འཁྲེང་ཞེན་གྱི་རྟ་ཕོས་བསམ་གཞིག་གི་སྲབ་མདའ་དྲུད་དེ་ཕ་ཡུལ་གྱི་པང་དུ་ལོག་ཐེངས་རེར། མདོ་དབུས་ཤར་རྒྱུད་ཀྱི་ཀན་ལྷོ་ཞེས་སྙན་པ་ཕྱོགས་ཀྱི་བུ་མོའི་སྒྲ་འཛིན་གྱི་མལ་དུ་སྙན་གྲགས་ཀྱིས་སིམ་ཞིང་བདེ་དྲོད་ཀྱིས་གཟིམ། ཞོགས་པའི་སྐྱ་རེངས་བསུ་བའི་རྟ་མཆོག་གི་འཚེར་སྐད་དང་། མུ་ཏིག་གི་གླིང་ཚོམ་ཐང་ལ་བརྡལ་འདྲའི་ལུག་ཁྱུ། སྟོབས་ཀྱི་ཧུར་སྒྲ་སྒྲོག་པའི་ཁིས་ཀྱི་ནོར་ཁྱུ་སོགས་ཀྱི་ཕྲ་ཚོམ་མེ་ཏོག་གི་མཛེས་པ་འཛིན་མའི་མཐིལ་ལ་བཏབ་པས། སྨུག་པའི་སྒོ་ཡོལ་འཐེན་པའི་སྦྲ་ནག་ལ་རྣམ་ཤེས་ཀྱི་གཤོག་པ་བསྩལ་བྱུང་། དབྱར་ཁར། མི་མེད་ལུང་སྟོང་ན་མགྱོགས་རྩལ་འགྲན་པའི་རྐྱང་དང་། རྭ་རྩེའི་སྟོབས་ཤུགས་ཀྱིས་ས་ཆེན་གཤགས་པའི་འབྲོང་། ལུག་ཁྱུའི་གྲལ་དུ་བསྲེས་པའི་གནའ་སོགས་རི་དྭགས་མང་པོས་བློ་བདེ་བག་ཕེབས་ཀྱིས་རྩྭ་ཆུ་ལ་རོལ་ཞིང་རྒྱུ། ཉིན་གུང་ལ་སླེབས་ཙ་ན། ཁྱུ་དང་ཁྱུ་བྱས་ནས་རྩེད་འཇོ་ལ་རོལ་ཞོར་ལུང་གཞུང་གི་ཆུ་འགྲམ་དང་ན་ཁུགས་སུ་བཀྲམ་ཡོད། ཕྱི་དྲོ་ཁོ་ཚོར་བདག་སྐྱོང་བྱེད་མཁན་གྱི་རྫི་བོ་ནི་མེད་ཀྱང་རང་བཞིན་གྱིས་རྫ་སྟོད་ལ་ཞོགས་འགྲོ། སྐབས་དེར། གཞུང་ལམ་གྱི་སྟེང་ནས་འགྲོ་འོང་རྒྱུན་ཆད་མེད་པའི་ཡུལ་སྐོར་ལྗོངས་རྒྱུ་པ་དག་གི་གཟིགས་ལམ་དུ་མངོན་ཚེ། ཁོ་ཚོས་དེ་ལ་མཚར་སྣང་གི་མཛུབ་མོ་ཀེར་བཞིན་འཚང་ཁ་ཤིག་ཤིག་གིས་བརྙན་མིག་བསྐྱོན་དུས་འཇིག་རྟེན་གཞན་ཞིག་གི་ཡུལ་ཁམས་ཉམས་སུ་མྱོང་ཐུབ། འདི་ལྟར་རང་བྱུང་ལྷ་མོའི་སྒེག་ཉམས་ཀྱིས་ནམ་ཡང་མི་ཡུལ་གྱི་མགྲོན་པོ་དག་ལ་དྲི་ཞིམ་མེ་ཏོག་གི་བདུག་སྤོས་གང་སར་བདུགས་པར་དྲི་བཞོན་གྱི་བུ་མོ་ཕྱོགས་སུ་མངགས། ཕ་ཡུལ་ནི་ལྷ་རིས་བི་ཤྭ་ཀརྨའི་མཛེས་སྡུག་གི་རི་མོ་ཇི་བཞིན་ཕྱི་སྣོད་གཡང་ཆགས་ཀྱི་སྣོད་དུ་ལྟེམས་སོ། །


    རང་སེམས་ནས་ཕྱིར་དྲན་གྱི་ཡོལ་རས་ཕྱེས་ཐེངས་རེར། རང་ཉིད་ནི་ཆེས་ཐོག་མར་དྲིན་མ་ལོའི་ལྷུམས་ཀྱི་ཁང་བཟང་ནས་བུད་དེ། ཨ་ཕའི་གདམས་ངག་དང་བསྡོངས་ནས། ཕ་ཆོས་ཡིག་དྲུག་གི་མགུར་མ་སྐྱོར་སའི་མི་ཡུལ་གྱི་དག་ཞིང་སྟེ། འཇིག་རྟེན་གྱི་དཀར་ངོས་སུ་ཐོན་པ་ནི་བསོད་ནམས་ཀྱི་ཕུང་པོའི་རི་ལ་ལས་ཀྱི་ཉི་ཤར་ལན་གཅིག་བདོག་པའི་མི་ལུས་རིན་ཆེན་གྱི་བགོ་སྐལ་ཡིན་པར་སེམས། དེའི་ཕྱིར།ཕ་ཡུལ་གད་པ་ཡིན་རུང་སྐྱིད་ཅེས་པ་ལྟར།རང་ས་གོར་མོ་འདིའི་མཐིལ་གྱི་མི་ལ་བདེ་སྐྱིད་ཀྱི་ཉི་ཟེར་འཛུམ་ཞིང་། མཐུན་སྒྲིལ་གྱི་ཨ་ལོང་དམ་པས།དཀར་གསུམ་གྱི་མཚོ་མོ་འབྲོག་པའི་སྦྲ་ཁྱིམ་དུ་འཁྱིལ་ཡོད།ཕ་ཨ་ཁུས་བསྟད་པའི་བསང་དུད་ཀྱི་དུད་ཞགས་རིང་མོ་ནམ་མཁའི་དབྱིངས་སུ་འཐེན་པའི་དར་དཀར་གྱི་མདུད་པ་དེ་དང་།མ་བུ་མོས་གསོམ་དཀར་གྱི་བཞོ་ཟེའུ་ཕྱག་ཏུ་བསྣམས་ཤིང་འུར་རྡོ་ཆུ་མིག་དགུ་སྒྲིལ་དེ་རྐེད་ལ་ཐོགས་ནས་གོམ་འགྲོས་ལྷོད་པོ་དལ་བ་དལ་བུར་ལྷས་རའི་ཕྱོགས་སུ་སྒྱུར་བཞིན་པའི་ངང་ཚུལ་ལ་བལྟས་ན། ལྷད་མེད་ཀྱི་མི་གཤིས་འཛོམས་ཤིང་བརྩོན་སེམས་ཀྱི་སླེ་བོ་འཁུར་མཁན་གྱི་འབྲོག་མོ་ཞིག་ཡིན་པ་རྦད་དེ་རྟོགས་ཨང་།


     ཆུང་བྱིས་པ་རྣམས་ཀྱིས་དབྱར་ཕ་མ་འདྲ་བོའི་པང་ཁུགས་ནས་མེ་ཏོག་གི་མགོ་རྒྱན་བསླེས་ཤིང་། ལུས་ཀྱི་སྟོད་ཐུང་ཕུད་ནས་ཕྱེ་ལེབ་འཛིན་པ་དང་། ཆུ་རྩེད་བྱེད་པ་སོགས་ཀྱི་ཀྱལ་ཀའི་ཡུལ་དངོས་ལ་གཟིགས་དང་། ཕ་ཡུལ་ནི་བདེ་སྐྱིད་ཀྱི་དྲོད་ཁོལ་འཛོམས་པའི་གནས་མལ་ཞིག་རེད་ཨང་། སྟོན་ཁར། གསེར་ཞུན་གྱི་ཁུ་བས་ཡོངས་སུ་བྱུགས་ཤིང་རེ་འབྲས་ཀྱི་ལྗོན་བཟང་ཁུར་གྱིས་དུད་པ་འདི། སུ་ཞིག་གི་རེ་སྨོན་དང་འཁྲེང་སེམས་ཀྱི་སྨོན་འདུན་ལ་སྐྱེས་སུ་བསྟབས་པའི་ལེགས་སྐྱེས་ཤིག་ཏུ་འདོད། སོ་ནམ་རྒན་པོའི་གདོང་ལ་འཛུམ་གྱི་ལེར་འབྲུ་རིགས་སྣ་ལྔ་བང་མཛོད་དུ་སྡུད་པའི་ཚུལ་ལ་གཞིགས་ན། ཕ་ཡུལ་ནི་རང་ལ་དྲིན་ཆེ་ཞིང་སེམས་ནས་བརྗེད་དཀའ་བའི་གནས་ཚང་ཞིག་ཡིན་པ་མགྲིན་ངག་གི་དབྱངས་སྙན་ལས་རྙེད་སྲིད།འདི་ལྟར་ལོ་ཟླའི་ཤུར་མོ་རེས་སུ་འཐེན་ནས་ནམ་ཟླ་དགུན་ལ་སླེབས་ཚེ། རི་བོས་རབ་དཀར་གྱི་ཕྱིང་ལྭ་མནབས་ཤིང་། གཙང་ཆུས་གོས་དཀར་གྱི་ཉལ་ཐུལ་གྱོན་ནས་ཡང་བསྐྱར་ས་ཆེན་ལ་སྐོར་བ་རྒྱག་བཞིན་གླུ་གཞས་ལེན་མགོ་བརྩམས། རྩེ་མོ་གནམ་དུ་ཟུག་པའི་ཐོག་ཁང་བརྗིད་ཉམས་ཅན་དག་ནི་སྔར་བཞིན་ཁ་བའི་ཤོག་དཀར་གྱི་ངོས་སུ་སྣུམ་ཚོན་རི་མོ་ཞིག་བྲིས་པ་དང་གཉིས་སུ་མེད། འདབ་དྲུག་མེ་ཏོག་གི་ལྷ་མོ་བར་སྣང་ན་འཕུར་ཞིང་བྱིས་པའི་རྩེད་འཇོ་ཡི་གླུ་སྒྲ་ས་སྟེང་ན་རྩེན། ཐྲིག་ཐྲིག་གི་གོམ་སྒྲ་མཆེད་པའི་ཁ་བའི་ཁྲོད་ན་ངོ་མཚར་གྱི་ལྟད་མོ་བགྲང་ལས་འདས། དེ་ནས་རིམ་བཞིན་དཔྱིད་ཀྱི་ཉི་འོད་འཇམ་པོས་དྲོད་ཁོལ་རྒུམ་ཞིང་། དཔྱིད་གསུམ་ལྗང་མྱུག་གི་བག་མ་བསུ་བར་སྟ་གོན་བགྱིས་ཏེ།རི་བོའི་ཟོམ་དང་ཆུ་མོའི་འགྲམ་ནས་ལྗང་མདོག་གི་ལང་ཚོའི་ཞལ་རས་འཛུམ་པའི་མདངས་ཤིག་མངོན་བྱུང་། དཔྱིད་མགོ་མའི་སྦྲང་ཆར་གྱི་བདུད་རྩི་བསིལ་མ་འཛིན་མའི་སྐོམ་སེལ་གྱི་གདུང་བ་སེལ་བར་འཇུངས་མེད་ཀྱིས་བབས། འབྲི་ཐུལ་མའི་ནུ་རྩ་རྒྱས་ཤིང་གཡང་དཀར་གྱི་བལ་ཁ་དུང་ལྟར་འགྱུར་བས། དཔྱིད་ཀ་ནི་ཡོད་ཚད་ཀྱི་རེ་བའི་མེ་ཏོག་གསོ་བའི་དུས་སུ་ཁེལ། འདི་ལྟར་དུས་བཞིའི་འཕོ་འགྱུར་གྱི་ཀློང་ན་རྩེན་པའི་ཕ་ཡུལ་གྱི་ངོ་གདོང་ནི་མཛེས་པ་མི་འདྲ་བའི་རི་མོ་བརྒྱ་ལས་རྩེ་གྲས་སུ་སོན་པའི་རི་མོ་ཡག་ཤོས་བཞི་རེས་མོས་ཀྱིས་འཁོར་བཞིན་པ་ལྟ་བུ་དེའོ། །


     ཕ་ཡུལ། ཕ་ཆོས་ཡིག་དྲུག་གི་སྨོན་འདུན་འཁྲེང་སའི་ཡིད་འོང་གི་དག་ཞིང་། རིག་གནས་ཀྱི་མཚོ་མོ་འཁྱིལ་ཞིང་འབྱོར་ཕྱུག་གི་རྩིག་པ་མཐོ་བའི་དེ་རིང་གི་ཕ་ཡུལ། ངའི་འདས་མ་ད་གསུམ་གྱི་མེ་ལོང་ངོས་ན་འོད་ཀྱིས་གཏམས་ཤིང་རེ་བས་ཕྱུག་པའི་ཕ་ཁྱིམ་དེ། ཡབ་མེས་དཔའ་བོ་ཞིག་གི་ལོ་རྒྱུས་ཀྱི་རལ་བ་སྟུག་པོ་ཕྱི་རབས་གཞོན་ནུ་ང་ཚོས་རིག་གནས་ཀྱིས་སླེ་བཞིན་ཡོད། གསེར་འོད་ཀྱི་རྒྱ་ཕིབས་འཚེར་བའི་ཕ་ཡུལ་ལགས། །

 



 མཚོ་སྔོན་བོད་ཡིག་གསར་འགྱུར། ཀྲུང་གོ་བོད་ཀྱི་དྲ་བ།

http://www.tibet3.cn/literature/prose/2017-05-19/19636.html

上一篇:ཨ་ལག་ཤ་ངག་དབང་བསྟན་དར།

下一篇:སྤུ་རྒྱལ་རིམ་བྱོན་གྱི་གདུང་རབས་མདོར་བསྡུས།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790174 位访客