ཨ་ལག་ཤ་ངག་དབང་བསྟན་དར།

发布时间:2017-06-20 11:07:24

     ཨ་ལག་ཤ་ངག་དབང་བསྟན་དར་ནི་མདོ་སྨད་ཨ་ལག་ཤར་སོག་པོའི་རིགས་སུ་སྐུ་འཁྲུངས། ཁོང་ཆུང་དུས་ནས་དབུས་སུ་ཕེབས་ཏེ་དབུ་ཕར་འདུལ་མཛོད་སོགས་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་ཤིང་མཁས་བའི་གྲགས་སྙན་རྒྱས། ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པ་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་མེ་ཡོས་ལོ་སྟེ་སྤྱི་ལོ1759ལོར་མདོ་སྨད་སོག་ཡུལ་ཨ་ལག་ཤ་ཞེས་པའི་ས་ཆར་སྐུ་འཁྲུངས། ཁོང་གཞོན་ནུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ལ་དོན་གཉེར་ལྷག་པར་ཆེ་བས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས།  དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་བཀའ་པོད་ལྔར་གསན་བསམ་མཐར་ཕྱིན་མཛད།  དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།  ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དང་།  དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ལས་དབང་ལུང་མན་ངག་མང་དུ་ཞུས་ཤིང་།  ཁྱད་པར་དུ་ཀློང་རྡོལ་བླ་མ་ལས་ཐ་སྙད་རིགས་གནས་སྐོར་ལ་གསན་སྦྱོང་དཔྱིས་ཕྱིན་པ་མཛད།  


     དེ་ནས་རང་ཡུལ་ཨ་ལག་ཤའི་གཡོན་དགོན་མི་ཕམ་ཆོས་གླིང་དུ་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད།  དགུང་ལོ་ང་གཅིག་ཏུ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྡོ་རམས་པ་ལྷ་ཞེ་ལས་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ཅིང་རྩོམ་རྒྱུགས་ཀྱང་ལེགས་པར་ཕུལ།  དེ་ནས་པེ་ཅིན་ཡོང་དགོན་དུ་བྱོན་ནས་དད་ལྡན་སློབ་མ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཅི་འདོད་བསྩལ།  དགུང་ལོ་དོན་དྲུག་ཐོག་བསྟན་འགྱུར་གྱི་འགྲེལ་བ་ཁྲི་བསྣོན་གྱི་སློབ་སྤྲིངས་ཀྱི་འགྲེལ་བ་གསར་རྩོམ་མཛད།  དགུང་ལོ་གྱ་གཅིག་པར《བློ་སྦྱོང་དོན་བདུན་མའི་གཏམ་ཐེག་མཆོག་ཉེ་ལམ》བརྩམས།  ཁོང་ནི་སོག་པོའི་རིགས་སུ་སྐུ་འཁྲུངས་ཀྱང་བོད་ཡུལ་དུ་ཐོས་བསམ་མཛད་ཅིང་བོད་ཀྱི་རིག་གནས་ཀུན་ལ་ཐུགས་དཔྱད་ཡུན་རིང་མཛད་པའི་རྐྱེན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་སོགས་ལ་མཁས་དབང་གོང་མ་རྣམས་ཀྱི་གསུང་རྩོམ་ལ་ཞིབ་བསྡུར་དང་དགག་སྒྲུབ་ཀྱི་སྒོ་ནས་ཚིག་ཉུང་ལ་དོན་འདུས་བ་མང་པོ་བརྩམས་ཡོད་པས་ཕྱི་རབས་བོད་ལ་མཛད་རྗེས་ཆེན་པོ་བཞག་ཡོད།  ཁོང་གི་བརྩམས་ཆོས་སྐོར་ལ་《སུམ་རྟགས་རྩ་འགྲེལ》《ཡི་གེའི་བཤད་པ》《བོད་ཀྱི་བརྡ་གསར་རྙིང་གི་ཁྱད་པར》《དག་ཡིག་གཅེས་བསྡུས》《སྙན་ངག་མེ་ལོང་གི་དཔེ་བརྗོད》《བློ་སྦྱོང་དོན་བདུན་མའི་གཏམ་ཐེག་མཆོག་ཉེ་ལམ》སོགས་མང་ངོ་།།

上一篇:མདོ་སྨད་ཆོས་འབྱུང་དུ་གསལ་བའི་བོད་ཀྱི་ལོ་རྒྱུས་དཔེ་ཐོ།

下一篇:ཕ་ཡུལ་ལ་བཅངས་པའི་བརྩེ་བ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1872313 位访客