བཀྲ་ཤིས་པའི་རྫས་མཆོག་བརྒྱད།

发布时间:2017-06-15 04:20:16

          《འདུལ་བ》དང《མདོ་དྲན་པ་ཉེར་བཞག》སོགས་ལས་གསུངས་པའི་བཀྲ་ཤིས་པའི་རྫས་མཆོག་བརྒྱད་ཀྱི་བྱུང་ཚུལ་དང་དེ་དག་གི་མཚོན་བྱ་ལ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ། ལྷ་དང་མིའི་སྦྱིན་བདག་རྣམས་ཀྱིས་སྟོན་པ་ལ་ཕུལ་བའི་རྫས་རྣམས་སངས་རྒྱས་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དང་། རྫས་ལ་བརྟེན་ནས་བཀྲ་ཤིས་པ་བྱུང་ཚུལ་ལ་འདི་ལྟར་སྣང་སྟེ། དང་པོ་མེ་ལོང་ནི། གཟུགས་ཀྱི་ལྷ་མོ་འོད་འཆང་མས་སངས་རྒྱས་ལ་མེ་ལོང་ཞིག་ཕུལ་བར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མེ་ལོང་དེ་ལུས་ཅན་ཐམས་ཅད་རྒྱལ་བའི་ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱི་རྣམ་དག་ཆོས་ལ་ལོངས་སྤྱོད་པའི་བཀྲ་ཤིས་ཀྱི་རྫས་སུ་བྱིན་གྱིས་བརླབས་པ་དེ་དང་། གཉིས་པ་གི་ཝང་ནི། གླང་པོ་ཆེ་ནོར་སྐྱོང་དང་ཡང་ན་གཉིས་འཐུང་གི་ས་སྲུང་གིས་སྟོན་པར་གི་ཝང་ཕུལ་བས་ཉོན་མོངས་ཟུག་རྔུའི་ནད་དང་སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པར་གྱུར་པ་དེ་དང་། གསུམ་པ་ཞོ་ནི། ཁྱིམ་བདག་བཟང་སྐྱོང་དང་། ཡང་ན་ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས། དུག་གསུམ་ཞི་ཞིང་སྙིང་པོ་རྣམ་དག་མཆོག་རབ་ཏུ་རྟོགས་པར་གྱུར་པ་དེ་དང་། བཞི་པ་རྩྭ་དུརྦ་ནི། བྲམ་ཟེ་ཀུན་རྡ་ལི་དང་ཡང་ན་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དརྦ་ཕུལ་བས། ཉོ་མོངས་སྐྱེ་ཤི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ་འཆི་མེད་ཀྱི་ཚེ་ཐོབ་པ་དེ་དང་། ལྔ་པ་ཤིང་བིལ་བ་ནི། ཤིང་གི་ལྷ་མོ་དང་ཡང་ན་ཚངས་པས་ཤིང་བིལ་བ་ཕུལ་བས་འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ་དེ་དང་། དྲུག་པ་དུང་དཀར་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕུལ་བས་ཐེག་གསུམ་ཆོས་འཁོར་གང་འདུལ་མ་ནོར་ཡོངས་སུ་བསྟན་པ་དེ་དང་། བདུན་ལི་ཁྲི་ནི། སའི་ལྷ་མོ་བསྟན་མ་དང་ཡང་ན་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས་སྲིད་གཞི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྒྱུར་བ་དེ་དང་། བརྒྱད་པ་ཡུངས་དཀར་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་དཀར་ཕུལ་བར་བརྟེན་ནས་བདུད་བགེགས་བར་ཆད་མཐའ་དག་གི་གཡུལ་ལས་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བ་དང་བཅས་རྫས་བརྒྱད་པོ་འདི་དག་ཡིན་ཏེ། མི་མཐུན་པའི་ཕྱོགས་མཐའ་དག་ཞི་ཞིང་། ལས་བཞི་ལྷུན་གྲུབ་དགེ་ཞིང་བཀྲ་ཤིས་པར་བྱེད་པའི་རྟེན་འབྲེལ་དུ་རྫས་འདི་དག་རི་མོར་བཀོད་དེ་བཤམས་སྲོལ་ཡོད་ཅིང་། བཀྲ་ཤིས་པའི་རྫས་མཆོག་བརྒྱད་ཅེས་ཡོངས་སུ་གྲགས་པ་དེ་ཡིན་ནོ།


མཚོ་སྔོན་སྲིད་གཞུང་དྲ་བ།

http://tibetan.qh.gov.cn/system/2013/12/25/010093221.shtml

上一篇:ཇོ་བོ་རིན་པོ་ཆེ་བཞི།

下一篇:​གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ནང་དོན་སྒྲོག་འགྲེལ་གང་ལེགས་བྱས་པ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790184 位访客