ས་ག་ཟླ་བའི་བྱུང་ཚུལ་སྐོར།

发布时间:2017-06-15 03:48:57

ས་ག་ཟླ་བ་ནི་སྟོན་པ་ཤཱཀྱ་ཐུབ་པ་མི་ཡུལ་དུ་སྐུ་བལྟམས་པ་དང་།སངས་རྒྱས་པ།མྱ་ངན་ལས་འདས་པ་བཅས་ཀྱི་དུས་མཆོད་ཟླ་བ་ཞིག་ཡིན།ཟླ་བ་འདི་ལ་ཧ་ལམ་བོད་ཡོངས་སུ་མི་རྒན་གཞོན་ཚང་མས་སྡིག་པ་གང་བསགས་པ་དང་དགེ་བ་གང་བསྒྲུབས་པ་རྣམས་སྟོང་འགྱུར་དང་ཁྲི་འགྱུར་དུ་འཕེལ་བའི་ངོས་འཛིན་བྱས་ནས།དཀོན་མཆོག་གསུམ་ལ་སྔར་བས་སྐྱབས་སུ་སོང་བ་དང་།ལས་འབྲས་དང་ཕྱི་མའི་འཇིག་རྟེན་ཡོད་པར་འཛིན་པའི་ཡིད་ཆེས་དང་།དད་པ།མོས་གུས་བཅས་ཆེར་སྐྱེས་ཤིང་།རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་བཟང་པོ་ཐེངས་གཅིག་ཐོབ་པ་འདི་ལ་སྙིང་པོ་ལེན་པ་ལ་འབུངས་ནས་ཕྱག་འཚལ་སྐོར་སྦྱོང་དང་།མཆོད་སྦྱིན་མ་ཎི་སོགས་རྣམ་དཀར་དགེ་བའི་ལས་གསོག་པ་ལ་ངང་པ་པད་མཚོར་འཇུག་པ་ཇི་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་ཐམས་ཅད་སྐུལ་བ་མེད་པར་ཡུལ་སོ་སོའི་དགོན་པ་དང་།གཙུག་ལག་ཁང་སོགས་ཀྱི་ཁོར་ཡུག་ཏུ་སྟོན་མཇུག་ཤིང་ལོ་རླུང་གིས་དེད་པ་ཇི་བཞིན་འཛོམས་ནས་དགེ་སྦྱོར་ལ་ཞུགས་པ་དང་།བྱེ་བྲག་ཟླ་བ་འདི་ལ་ཡུལ་ཕལ་མོ་ཆེ་དང་སྐྱེ་བོ་ཕལ་མོ་ཆེས་བཤས་མི་གཏོང་བ་དང་།རི་དྭགས་མི་རྔོན་པ།ཤ་མི་ཟ་བ།ཆང་མི་འཐུང་བ།གཡེམ་མི་སྤྱོད་པ།བརྐུ་མི་རྒྱག་པ།རྫུན་མི་སྨྲ་བ།དབྱེན་མི་སྦྱོར་པ།སྡང་སེམས་དང་ཁྲོ་སེམས་སྤོང་བ་ལ་སོགས་པའི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ནང་གི་སྤང་བླང་ཤས་ཆེ་བ་རྣམས་ཉམས་སུ་བླང་བ་ལ་སྤྲོ་བ་ཆེན་པོས་འཇུག་པ་དང་ཐ་ན་མི་རྣམས་ཀྱི་ཀུན་སྤྱོད་ཐད་ནས་ཀྱང་ཕན་ཚུན་ཕན་རེས་དང་སེམས་འཁུར་གྱི་སྤྱོད་པ་ལ་ཚུལ་བཞིན་གནས་ཏེ་འཁྲུག་རྩོད་དང་ཚིག་རྩུབ་པ་ལ་སོགས་པའི་ཚུལ་མིན་གྱི་སྤྱོད་པ་ཐམས་ཅད་རེ་ཞིག་ཉི་མས་མུན་པ་བཅོམས་པ་ཇི་བཞིན་ནམ་ཡང་ཐམས་ཅད་རེ་ཞིག་ཞི་ཞིང་དུལ་བའི་སྤྱོད་པ་ལ་འགྲན་པ་བཞིན་དུ་མཆིས་པ་ནི་བོད་ཡོངས་སུ་རྒྱ་ཆེ་ལ་གཏིང་ཟབ་པའི་དར་སྲོལ་བཟང་པོ་ཞིག་ཏུ་སྣང་།དེ་ལའང་ཀུན་གསལ་དབྱིངས་སུ་ཆུ་འཛིན་ཕུང་པོ་དང་འགྲན་བཞིན་འཕེལ་བ་ས་གའི་ཟླ།ཞེས་ཧོར་ཟླ་བཞི་པ་འདི་སྐར་མ་ས་གའི་ཟླ་བ་ཡིན་པས་ཟླ་བ་འདི་ལ་ས་ག་ཟླ་བ་ཞེས་བོད་ཡོངས་སུ་གྲགས་པ་ཡིན་ནོ།ལུགས་འགའ་ཞིག་ནས་ས་ག་ཟླ་བའི་དུས་མཆོད་ནི་ཧོར་ཟླ་གསུམ་པའི་ཉ་ཚེས་བཅོ་ལྔ་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་བར་བྱེད་པའང་འདུག་གོ།དེ་ཡང་འདིར་དང་པོ་སངས་རྒྱས་མི་ཡུལ་དུ་ཇི་ལྟར་སྐུ་བལྟམས་ཚུལ་དང་གཉིས་པ་སངས་རྒྱས་ཚུལ།གསུམ་པ་མྱ་ངན་ལས་འདས་ཚུལ་བཅས་ཀྱི་བྱུང་བ་ཅུང་ཟད་གཤམ་དུ་སྤྲོས་ན།དང་པོ།བཅོམ་ལྡན་འདས་ནི་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།མཐར་སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་རྫོགས་ནས་དགའ་ལྡན་ལྷའི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར།ཐ་མ་ངེས་པའི་དོན་དུ་འོག་མིན་དུ་སངས་རྒྱས་དྲང་བའི་དོན་དུ་དགའ་ལྡན་ལྷའི་ཡུལ་དུ་ལྟའི་བུ་དམ་པ་ཏོག་དཀར་པོར་འགྱུར་ཞེས་པའང་ཡོད་ཏེ་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དུ་བཞུགས།དེ་ནས་གདུལ་བྱ་དུས་ལ་བབ་པར་གཟིགས་ཏེ་འཕགས་པ་བྱམས་པ་དགའ་ལྡན་དུ་རྒྱལ་ཚབ་དམ་པར་བསྐོས།

འདོད་པ་ན་སྤྱོད་པའི་ལྷའི་རིགས་དྲུག་ལ་ཁོ་བོ་འཛམ་བུའི་གླིང་དུ་སྒྱུ་འཕྲུལ་ཆེ་མོའི་ལྷུམས་སུ་ཉིང་མཚམས་སྦྱར་ནས་བདུད་རྩི་རྟོགས་པར་བྱེད་པས་ཁྱེད་ག་བདུད་རྩི་རྟོགས་པར་འདོད་པ་རྣམས་དེའི་ཡུལ་དུ་སྐྱེ་བ་ལེན་ཞིག་གསུངས་ནས་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་འཛམ་བུའི་གླིང་དུ་མི་གཤེགས་པའི་གསོལ་བ་བཏབ་པ་རྣམས་བཟློག་ནས་སྤྱི་ལོའི་སྔོན་གྱི་ལོ་དགུ་བརྒྱ་རེ་གཉིས་ཀྱི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་ལྡན་དུ་སྤྲུལ་ནས་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་རྒྱ་གར་ཤཱཀྱའི་ཡུལ་དུ་ཡབ་རྒྱལ་པོ་ཟས་གཙང་མ་དང་།ཡུམ་སྒྱུ་མ་ལྷ་མཛེས་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས།དེ་ནས་སྤྱི་ལོ་སྔོན་གྱི་ལོ་དགུ་བརྒྱ་དྲུག་ཅུ་རེ་གཅིག་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་བརྒྱད་ཅེས་པའང་སྣང་ཟླ་སྐར་རྒྱལ་གྱི་ལོངས་སྤྱོད་དགེ་བའི་དུས་སུ་བཀྲ་ཤིས་ལུམ་བིའི་ཚལ་གྱི་བྱང་ཆུབ་ཤིང་དྲུང་དུ་ཡུམ་གསོ་སྦྱོང་ལ་ཞུགས་པའི་དུས་སུ་མངལ་གྱི་དྲི་མས་མ་འགོས་པར་ཡུམ་གྱི་མཆན་ཁུང་གཡས་པའི་རྩིབ་མའི་བར་ནས་སྲས་སངས་རྒྱས་བདེ་བར་འཁྲུངས་སོ།དེའི་ཚེ་ལྷ་ཚངས་པ་དང་བརྒྱ་བྱིན་གྱིས་ཀྭ་ཤི་ཀའི་རས་ཀྱིས་སྲས་སངས་རྒྱས་བླངས་པ་དང་།དགའ་བོ་དང་ཉེ་དགའ་ཡིས་འཁྲུས་གསོལ་བས་སྲས་ཀྱིས་དེར་གོམ་པ་བདུན་བོར་བ་དང་།གོམ་པ་རེ་རེའི་སར་མེ་ཏོག་པད་མ་རེ་འཁྲུངས་ཏེ་པད་མ་བདུན་བྱུང་།དེ་ལ་“གང་ཚེ་རྐང་གཉིས་གཙོ་བོ་ཁྱེད་བལྟམས་ཚེ་ས་ཆེན་འདི་ལ་གོམ་པ་བདུན་སྤོས་ནས།ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།དེའི་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ”ཞེས་བྱ་བ་བསྟོད་ནས་སྲུ་སྐྱེ་དགུའི་བདག་མོ་ལ་སོགས་མ་མ་སུམ་ཅུ་རྩ་གཉིས་ལ་གཏད་ནས་བསྐྱེད་བསྲིངས་སོ།དེའི་དུས་རྒྱ་ནག་པོའི་ཡུལ་དུ་ཅེའུ་ཀྲའུ་རྒྱལ་རབས་བཞི་པ་ཅེའུ་ཝང་ཀྲའུ་ཝང་གིས་རྒྱལ་ས་བཟུང་ནས་ལོ་ཉི་ཤུ་སོང་བའི་དུས་ཡིན་པ་ལ།དེར་རྒྱའི་ས་ཕྱོགས་ཐམས་ཅད་གསེར་གྱི་ཁ་དོག་ཅན་གྱི་འོད་ཀྱིས་ཁྱབ་པ་ན།རྒྱལ་པོས་རྩིས་མཁན་རྣམས་ལ་དེའི་རྒྱུ་མཚན་ཅི་ཡིན་བརྟག་ཏུ་བཅུག་པས།རྩིས་མཁན་རྣམས་ཀྱིས་དེ་ནི་ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་ཞིག་ལ་གསེར་གྱི་བུ་ཞིག་བཙས་འདུག་པ་དེའི་འོད་ཡིན་ཟེར་བས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཤེས།དེར་རྒྱལ་པོས་ང་ཚོའི་དུས་སུ་དེའི་འཇའ་ས་ཡོང་ངམ་ཞེས་དྲིས་པས།ང་ཚོའི་དུས་སུ་མི་ཡོང་།རྗེས་སུ་རྒྱལ་རབས་འདི་དང་།ལོ་འདི།ཉིན་འདི་ཞིག་བཅས་ལ་དེའི་འཇའ་ས་ཁྱེར་བའི་མི་ཆ་ལུགས་འདི་དང་འདི་བྱས་པ་ཞིག་ཡོང་སོགས་ལུང་བསྟན།ཕྱིས་སྔར་གྱི་ལུང་བསྟན་བཞིན་བྱུང་བ་སོགས་ཀྱི་ལོ་རྒྱུས་ངོ་མཚར་ཅན་ཡང་ཡོད་དོ།

གཉིས་པ། དེ་ནས་སངས་རྒྱས་སྐུ་ནར་སོན་ནས་རྩིས་དང་ཡི་གེ་ལ་སོགས་རིག་པའི་གནས་ལྔ་ལ་མཁས་ཤིང་།སྟོབས་དང་སྒྱུ་རྩལ་གྱིས་ལྷས་བྱིན་ལ་སོགས་པའི་སྐྱེ་བོ་དྲེགས་པ་རྣམས་ཚར་བཅད།གྲགས་འཛིན་མ་ལ་སོགས་པའི་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཁབ་ཏུ་བཞེས།སྲིད་ཀྱི་བྱ་བ་འགྲན་ཟླ་དང་བྲལ་བར་མཛད།དེ་ནས་སྤྱི་ལོའི་སྔོན་གྱི་ལོ་དགུ་བརྒྱ་སོ་གཉིས་རྒྱལ་སྲས་སངས་རྒྱས་དགུང་ལོ་ཉི་ཤུ་རྩ་དགུ་ལ་བྱོན་དུས་འཁོར་བའི་བྱ་གཞག་ལ་སྙིང་པོ་མེད་པར་གཟིགས་ནས་གྲགས་འཛིན་མ་དང་ས་འཚོ་མ་ལ་སོགས་པའི་བཙུན་མོ་བརྒྱད་ཁྲི་བཞི་སྟོང་འཁོར་ཁབ་དང་བཅས་པ་སྤང་སྟེ་རབ་ཏུ་བྱུང་བར་བཞེད་ལ་ཡབ་ཡུམ་གྱིས་མ་གནང་བར་དཔུང་གིས་ཕོ་བྲང་གི་མཐའ་རིམ་པ་མང་དུ་བསྐོར་ནས་ཉིན་མཚན་ཀུན་ཏུ་སྲུང་བ་ལ་རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་གཤེགས།རང་བྱུང་གིས་བསྙེན་པར་རྫོགས།དེ་ནས་ཆུ་བོ་ནེ་རཎཛའི་ལ་སོགས་པའི་དྲུང་དུ་ལོ་དྲུག་དཀའ་བ་སྤྱད།ལོ་དྲུག་དཀའ་སྤྱད་ཀྱིས་སྒྲུབ་པ་མཛད་དེ་ནས་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་བྱོན་པ་ན།བདུད་སྡིག་ཅན་གྱིས་བཅོམ་ལྡན་འདས་སངས་རྒྱས་པར་ཉེ་བ་ན།བར་སྣང་དང་ས་གཞི་ཡོངས་སུ་ནོན་པའི་དཔུང་བཤམས།མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ།འཇིགས་སུ་རུང་བའི་སྒྲ་མང་པོ་བསྒྲགས།བདུད་ཀྱི་བུ་མོས་བུད་མེད་མཛེས་མར་སྤྲུལ།བསླུ་བ་དང་འཐབ་པ་ལ་སོགས་པའི་བར་གཅོད་མང་དུ་བྱས།མཐར་གང་གིས་ཀྱང་མ་ཚུགས་པར་སྤྱི་ལོའི་སྔོན་གྱི་ལོ་དགུ་བརྒྱ་རྩ་དྲུག་དགུང་ལོ་སོ་ལྔ་བཞེས་པ་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོས་ལ་བྱང་ཆུབ་ཤིང་དྲུང་དུ་ཐུན་དང་པོར་མངོན་ཤེས་དང་པོ་གསུམ་འཁྲུངས།ཐུན་གཉིས་པར་སྔོན་གྱི་གནས་རྫེས་སུ་དྲན་པའི་ཐུགས་བསྐྱེད།ཐུན་ཐ་མ་ལ་ལྷའི་མིག་དང་ཟག་པ་ཟད་པའི་མངོན་ཤེས་བསྐྱེད་དེ་བདེན་བཞི་ཐུགས་སུ་ཆུད་ནས་མངོན་པར་སངས་རྒྱས་པ་ཡིན་ནོ།

གསུམ་པ། དེ་ནས་ལྷ་ཚངས་པས་གསོལ་བ་བཏབ་སྟེ་ཝ་ར་ན་སིར་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པའི་དམན་པའི་གདུལ་བྱ་ཤས་ཆེ་བ་རྣམས་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར།དེ་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་སྟོང་དང་།དགྲ་བཅོམ་པ་སྟོང་ལྔ་བཅུའམ་ལྔ་སྟོང་ལ་སོགས་པར་ཐེག་པ་ཐུན་མོང་མ་ཡིན་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར།

དེ་ནས་ཧི་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པར་འཁོར་རྣམ་བཞི་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ལ་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་གསུམ་པ་བསྐོར་བ་ལ་སོགས་པའི་མཛད་པ་མཐའ་ཡས་པས་གདུལ་བྱ་གྲངས་མེད་པ་བདེན་པ་ལ་བཀོད་པ་དང་།དགྲ་བཅོམ་པ་ཐོབ་པ་དང་།བྱང་ཆུབ་མཆོག་ཏུ་བཀོད་པ་ལ་སོགས་པའི་ངོ་མཚར་གྱི་མཛད་པ་བསམ་གྱིས་མི་ཁྱབ་པས་འདིར་ཆེར་མ་སྨྲས་སོ།དེ་ནས་སྤྱི་ལོའི་སྔོན་གྱི་ལོ་བརྒྱད་བརྒྱ་བརྒྱད་ཅུ།སངས་རྒྱས་དགུང་ལོ་གྱ་གཅིག་བརྒྱད་ཅུ་བཞེས་པ་ཡང་ཡོད་ཏུ་བྱོན་པ་ལྕགས་འབྲུག་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གྱད་ཀྱི་ཡུལ་རྩ་མཆོག་གི་གནས་ཤིང་ས་ལ་ཟུང་གི་གནས་སུ་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས་པ་སྟེ་སྐུ་མྱ་ངན་ལས་འདས་སོ།དེའི་ཚེ་ཡུལ་རྩ་ཅན་གྱི་གྱད་དང་།སྡིག་ཅན་གྱི་གྱད།རྒྱལ་རིགས་ཀྱི་བུ་ལུ་ཀསྒྲ་སྒྲོག་རྒྱལ་པོ།ཁྱབ་འཇུག་གླིང་གི་བྲམ་ཟེ།ཤཱཀྱ་པ།ལི་ཙ་བྱི་པ།མ་སྐྱེས་དགྲ་ལ་སོགས་པས་རང་རང་གི་དཔུང་བཤམས་ཏེ་བཅོམ་ལྡན་འདས་ཀྱི་གདུང་ལ་རྩོད་པ་ན།དེར་གདུང་ནམ་མཁར་འཕགས་ཏེ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས།དེ་ནས་གདུང་འོད་སྲུང་གིས་བླངས་ཤིང་འཇམ་དཔལ་གྱི་སྤྲུལ་པ་བྲམ་ཟེ་བྲེའོ་དང་མཉམ་པའི་རིགས་ཅན་གྱིས་གཡང་གཞི་བསྐོར་ཏེ་དཔུང་རྣམས་ལ་བཅོམ་ལྡན་འདས་ནི་བཟོད་པའི་བསྔགས་པ་བརྗོད་པ་ཡིན་པས་ཁྱེད་རྣམས་གངུང་གི་ཕྱིར་མ་འཐབ་ཅིག་ཁོ་བོས་སྐུ་གདུང་སོ་སོར་སྦྱིན་ནོ་ཞེས་འོད་སྲུང་དང་བྲམ་ཟེས་གདུང་ཆ་མཉམ་དུ་བགོས་ཏེ་དཔུང་རྣམས་འཁོན་མེད་ངུ་གྱུར་པ་ལ་སོགས་པའི་བྱུང་བ་ངོ་མཚར་ཅན་མང་པོ་ཡོད་ཀྱང་འདིར་སྐབས་སུ་མ་བབ་པས་རྒྱས་པར་མ་སྤྲོས་སོ།སྤྱིར་སྟོན་པ་ལྷུམས་སུ་ཞུགས་པ་དང་།སྐུ་བལྟམས་པ།མྱ་ངན་ལས་འདས་པ་བཅས་ཀྱི་ལོ་ལ་མཁས་པ་མང་པོ་བཞེད་པ་མི་འདྲ་བར་གནང་སྟེ།དཔེར་ན་ཇོ་བོ་རྗེའི་ལུགས་སུ།ཤིང་ཕོ་བྱི་ལ་ལྷུམས་སུ་ཞུགས།ཤིང་མོ་གླང་ལ་སྐུ་བལྟམས།ཆུ་མོ་ཕག་ལ་སངས་རྒྱས།ཤིང་ཕོ་སྤྲེལ་ལ་མྱ་ངན་ལས་འདས་ཞེས་དང་།ཆོས་རྗེ་ས་སྐྱ་པའི་ལུགས་ལ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས།ས་ཕོ་འབྲུག་ལ་སྐུ་བལྟམས།ཆུ་ཕོ་སྟག་ལ་སངས་རྒྱས།མེ་མོ་ཕག་ལ་མྱ་ངན་ལས་འདས་སོགས་བཞེད་པ་མང་དུ་སྣང་མོད།འོན་ཀྱང་འདིར་བྲིས་པའི་སངས་རྒྱས་ཀྱི་འཁྲུངས་ལོ་དང་འདས་ལོ་རྣམས་ནི་བོད་རབ་ལོ་ཆིག་སྟོང་དགུ་བརྒྱ་རེ་གཅིག་གི་ལོ་ཐོའི་སངས་རྒྱས་འཁྲུངས་ལོ་དང་འདས་ལོ་འམ་ཡང་ན་ཕུག་ལུགས་བཞིར་བཞག་བཀོད་པ་ལགས་ན་ཀློག་པ་པོ་རྣམས་ཀྱིས་དཔྱད་པར་ཞུ།





པད་མ་རིག་འཛིན་གྱིས༢༠༠༤ལོའི་《སྤང་རྒྱན་མེ་ཏོག》དེབ་གཉིས་པ་ལས་བདམས། ཚྭ་འདམ་བོད་ཡིག་དྲ་བ།

http://www.zw.haixi.gov.cn/info/1018/2887.htm


上一篇:མི་ཆོས་གཙང་མ་བཅུ་དྲུག

下一篇:བཙན་པོའི་བང་སོ།

版权所有:西藏民族大学图书馆 更新

地址:陕西省咸阳市文汇东路六号 邮编:712082 电话:029-33755418 邮箱:lib@xzmu.edu.cn

您是第 1790192 位访客